ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་བྱས་ནས། མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བ་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་བགྲོད་ལམ་སྟེང་ནས་མུ་མཐུད་དུ་རྒྱལ་ཁ་གསར་བ་བླངས་ཏེ་རྣམ་པ་གསར་བ་གསར་སྐྲུན་བྱས།
ནུབ་བྱང་གི་མཐའ་འཁོབ་ཏུ་གནས་པའི་མཚོ་སྔོན་མཐོ་སྒང་ལ་མཚོན་ན་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཞིང་ཐོག་མའི་སེམས་འདུན་མི་བརྗེད་པར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་འགན་ཆེན་པོ་རྟག་ཏུ་སེམས་ལ་འཛིན་པ་དང་། རི་ཆུ་གཙང་ན་ཀུན་གྱི་མཆོག་ཡིན་པའི་འདུ་ཤེས་རྟག་ཏུ་ཡིད་ལ་བརྟན་པོར་བཅངས་ནས། སྟོབས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་ཏེ། མཐོ་སྒང་གི་བུ་བུ་མོའི་སེམས་ཀྱི་ཞིང་ས་རུ་སྔོ་ཞིང་བསང་བའི་ནམ་མཁའ་དང་དྭངས་ཤིང་གཙང་བའི་ཆུ་བོ་ཞིག་ངང་གིས་འཁྱིལ་བར་བྱས།
“མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་རེད། ནམ་མཁའ་གཡའ་དག་ལ། རི་ཀླུང་སྔོ་ཞིང་ལྗང་བ་བདག་སྐྱོང་བཟང་བོ་མ་བྱས་པར་གཏོར་བརླག་བྱུང་ཚེ་སླར་གསོ་བྱེད་པར་ཧ་ཅང་དཀའ་ཁག་ཆེ་བས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་རྒྱུ་ནི་མཚོ་སྔོན་གྱི་གཡོལ་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། ལས་འཛོལ་ཅུང་ཙམ་ཡང་གཏན་ནས་འབྱུང་དུ་འཇུག་མི་རུང་།”2016ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་མངག་བཅོལ་ཡིད་ལ་དམ་པོར་འཛིན་དགོས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མགོ་རྩོམ་པའི་ལོ་ནི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཏེ་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་ཞིག་རེད། ལོ་འདིར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་སྔར་ལས་མཐོ་བ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་སྔོན་ལས་ལྕི་བ། སྐྱེ་ཁམས་འཛུགས་སྐྲུན་གྱི་ཤུགས་ཚད་སྔར་ལས་ཆེ་བའི་ལོ་ཤིག་རེད།
སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་ཆེས་དྲང་བདེན་གྱི་སྤྱི་པའི་ཐོན་རྫས་ཡིན་ལ། ཆེས་ཀུན་ཕན་གྱི་སྐྱེ་ཁམས་བདེ་སྐྱིད་ཡིན་པས། མཉམ་འགུལ་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་ནི་མཚོ་སྔོན་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་ཕྱོགས་སུ་སྐྱོད་པའི་གཞི་རྩའི་བགྲོད་ལམ་ཡིན། 2016ལོའི་ཚུན་ལ། རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དེ་ལས་འགན་གཙོ་བོར་བརྩིས་པ་དང་། ཞིང་ཆེན་ཏང་ཨུའི་ལག་བསྟར་བསམ་འཆར་གྱི་བྱེ་བྲག་གི་རེ་བར་དམ་དུ་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྟོབས་ཤུགས་ཡོད་རྒུས་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཞིབ་བཤེར་ཆེན་མོའི་ཕྱིར་ལྟ་དང་རྗེས་བཤེར་སོགས་ཀྱི་བྱ་བ་གཙོ་བོ་གཏིང་ཟབ་ཏུ་སྤེལ་ནས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས།
ཁོར་སྲུང་འཆར་འགོད་དམིགས་བསལ་དུ་བཟུང་ནས་དར་སྲོལ་གསར་བར་ཁྲིད་སྟོན་བྱས།
ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། རང་ཞིང་གི་ཁོར་སྲུང་སྡེ་ཁག་གིས་དོན་ཆེན་དང་དོན་གཙོ་བོར་དམ་དུ་དམིགས་ཏེ། སྤྱིའི་འཆར་འགོད་ལ་དོ་སྣང་བྱས་པ་མ་ཟད། རིགས་དབྱེའི་མཛུབ་སྟོན་ལ་ཡང་ཤུགས་བསྣན་ནས། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་དང་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་ཙོང་ཆུའི་རྒྱུད་ཀྱི་ཆུའི་ཁོར་ཡུག་གི་ཕྱོགས་བསྡུས་འཆར་འགོད་སོགས་ཆེད་དོན་འཆར་འགོད་ཇུས་གཞི་བཅུ་སྒྲིག་བཟོ་བྱས་པས། ཁོར་ཡུག་གི་རྒྱུ་རྐྱེན་སོ་སོར་ཁེབས་པའི་འཆར་འགོད་ཀྱི་མ་ལག་ཅིག་ཆགས།
ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་གནད་དོན་ཁ་ཕྱོགས་སུ་བྱས་ཏེ། ཙོང་ཆུའི་རྒྱུད་ཀྱི་ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་ཐེག་ཤུགས་དང་བཙོག་བཟོ་འགོག་བཅོས་ཀྱི་ཁ་གཏད་འཇལ་ཐབས་ལ་ཞིབ་འཇུག་བྱས་པ་དང་། རྨ་ཆུའི་ཆུ་ལག་གི་ཨན་ཏན་དང་ལིན་རྡོའི་འདུས་ཚད་དང་ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་ཁྲོད་ཀྱི་དངོས་ཟེགས་ཀྱི་འབྱུང་ཁུངས་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཆུ་སྤུས་ཚོད་འཛིན་དང་དམིགས་བསལ་ཚོད་འཛིན་ཚན་པའི་འཆར་འགོད་ཡོངས་འགྲུབ་བྱས་ཏེ། གནད་ཕིགས་བཙོག་བཅོས་ལག་བསྟར་བྱེད་པར་རྒྱབ་རྟེན་སྟོབས་ཅན་འདོན་སྤྲོད་བྱས།
རང་ཞིང་གི་ཁོར་སྲུང་སྡེ་ཁག་གིས་ད་དུང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཡར་ཞུ་འབྲེལ་འདྲིས་དང་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པར་ཤུགས་བསྣན། ལོ་ཧྲིལ་པོར་བསྡོམས་པས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་སྤྱོད་མ་དངུལ་སྣ་ཚོགས་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གསུམ་ས་ཡ་བདུན་དངོས་འབེབས་བྱས་པ་དེ་ཉིས་སྟོང་བཅོ་ལྔ་ལོ་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་བདུན་འཕར་ནས། ཐོག་དང་པོར་སྒོར་ཐེར་འབུམ་གཅིག་ལས་བརྒལ། དེ་དང་མཉམ་དུ་ཞིང་ཆེན་རིམ་པའི་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ས་ཡ་གཉིས་དངོས་འབེབས་བྱས་ལ། ས་གནས་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བརྩོན་ལེན་གྱིས་གནམ་སྔོ་ཆུ་དྭངས་དང་ཁྱིམ་གཞི་མཛེས་སྒྱུར་གྱི་འགུལ་སྐྱོད་དངོས་འབེབས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོ་སྤེལ་བར་ནུས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས།
“ནམ་མཁའ་གཡའ་དག་པ་དང་ཆུ་བོ་དྭངས་ཤིང་གཙང་བའི”འགུལ་སྐྱོད་ལས་མང་ཚོགས་ཁྲི་ཕྲག་ལ་ཕན་ཁེ་བསྐྲུན།
ལོ་གཅིག་གི་རིང་ལ། མཚོ་སྔོན་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་བཙོག་ཆུ་འགོག་བཅོས་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དམ་འཛིན་བཟང་བོ་བྱས། རྒྱལ་ཁབ་ཀྱི“ཆུའི་འཆར་འགོད་བཅུ”དང་རང་ཞིང་གི《བྱ་བའི་བྱེད་ཐབས》ལྟར། ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་དུ་སྤེལ་བའི་རྨང་གཞིའི་སྟེང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་བཙོག་ཆུ་སྔོན་འགོག་བཅོས་སྐྱོང་དང་། ཆུའི་ཁོར་ཡུག་སྲུང་སྐྱོབ་དང་ཆུའི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་བྱས། རྒྱལ་ཁབ་ཀྱི་ཆུའི་ཆེད་གཉེར་རྣམ་གྲངས་དང་ཞིང་ཆེན་རིམ་པའི་ཙོང་ཆུའི་བཙོག་བཟོ་བཅོས་སྐྱོང་གི་ཆེད་གཉེར་མ་དངུལ་བརྩོན་ལེན་བྱས་ཏེ། ལོ་གཉིས་ཀྱི་རིང་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་བཏང་བ་དང་། དེའི་ཁྲོད། 2016ལོར་སྒོར་དུང་ཕྱུར་ལྔ་དང་བྱེ་བ་ལྔ་བཏང་ལ། གཙོ་བོར་འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་དང་བཟོ་ལས་ར་བའི་བཙོག་ཆུ་ཐག་གཅོད། དྭངས་སྙིགས་བཀར་ནས་ཕྱིར་བེད་སྤྱོད་བྱེད་པ། ཙོང་ཆུའི་བཞུར་རྒྱུན་གཙོ་བོའི་ཡན་ལག་གི་ཆུའི་བཙོག་སྐྱོན་སྔོན་འགོག ཆུའི་སྐྱེ་ཁམས་སླར་གསོ་དང་ཚ་རྔ་འགག སྔོ་རྒྱ་འགག རྨ་སྟོད་ཀྱི་མཚེའུ་སྐོར་སོགས་མཚེའུ་བཟང་བོའི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་སོགས་ས་ཁུལ་དུ་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་ཁ་ཐོར་རང་བཞིན་གྱི་བཙོག་ཆུ་ཐག་གཅོད། ཆུའི་སྐྱེ་ཁམས་སླར་གསོ་སོགས་ཚོད་ལྟའི་དཔེ་སྟོན་བཟོ་གྲྭ་སྤེལ། 2020ལོར་ཙོང་ཆུའི་བཞུར་རྒྱུན་གྱི་ཆུ་སྤུས་རིགས་བཞི་བར་བསླེབ་པར་བྱེད་པ་དང་། རིགས་གསུམ་པའི་ཆུ་སྤུས་ཀྱི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུ་ལ་བསླེབ་པར་བྱེད་པའི་དམིགས་འབེན་ལ་དམིགས་ནས། འབྱུང་ཁུངས་ནས་ཚོད་འཛིན་བྱེད་པ་དང་། ཆུ་དང་སྐམ་ས་གཉི་གར་གཙིགས་འཛིན་བྱེད་པ། ཆུ་རྒྱུན་གཙོ་བོ་དང་ཆུ་ལག་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་རྩ་དོན་ལྟར་དུ། 2016ལོ་ནས2020ལོའི་བར་གྱི་ཙོང་ཆུའི་རྒྱུད་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་སྒྲིག་བཟོ་བྱས་པ་དང་། ཚད་གཞི་དང་མི་མཐུན་པའི་ཆུ་བོ་ལྔ་ཚད་གཞི་དང་མཐུན་པར་བྱེད་པའི་ཇུས་གཞི་སྒྲིག་བཟོ་བྱས། ཙོང་ཆུའི་བཞུར་རྒྱུན་གྱི་ཆུ་སྤུས་རིགས་བཞི་བ་ཚད་གཞི་དང་མཐུན་ཚད་བརྒྱ་ཆའི་གྱ་གསུམ་ལྷག་ལ་སླེབས་པ་དང་། འབྲི་ཆུ་དང་རྫ་ཆུའི་བཞུར་རྒྱུན་གྱི་ཆུ་སྤུས་རིགས་དང་པོའི་ཚད་དུ་སླེབས། རྨ་ཆུའི་ཆུ་རྒྱུན་གཙོ་བོ་དང་ཆུ་ནག་གི་ཆུ་སྤུས་གཏན་འཇགས་ཡིན་ཚད་རིགས་གཉིས་པར་སླེབས། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་ཆུ་སྤུས་བཟང་པོའི་བསྡུར་ཚད་བརྒྱ་ཆའི་གོ་བཞི་ལྷག་ལ་སླེབས་པ་དང་། ས་ཁུལ་རིམ་པ་ཡན་གྱི་མཁར་གྲོང་གི་གཅིག་བསྡུས་ཀྱི་བཏུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་བཟང་པོའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
མཁའ་དབུགས་བཙོག་སྐྱོན་སྔོན་འགོག་ལ་དམ་འཛིན་བཟང་བོ་བྱས་པ། 2016ལོར། རྒྱལ་ཁབ་ཀྱིས་རང་ཞིང་གི་དཔྱད་ཞིབ་བྱ་བ་དེ་ཤར་ཕྱོགས་ཀྱི་གྲོང་ཁྱེར་གཉིས་ནས་གྲོང་ཁྱེར་དང་ཁུལ་སོ་སོ་རྒྱ་བསྐྱེད་བྱས། ཐོག་མའི་བསྡོམས་རྩིས་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སྲིད་གཞུང་གནས་སའི་མཁར་གྲོང་གི་ཆ་སྙོམས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་བསྡུར་ཚད་བརྒྱ་ཆའི་གྱ་བདུན་གྲངས་ཆུང་ལྔ་ལ་སླེབས་ཡོད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས«ལག་བསྟར་བྱེད་ཐབས»གཏན་འཁེལ་བྱས་པ་དང་། ཡུལ་བབ་དང་བསྟུན་པ། རིགས་དགར་ནས“ས་རྡུལ་སྔོན་འགོག་དང་རྡོ་སོལ་ཇེ་ཉུང་དུ་གཏོང་བ། རླངས་འཁོར་ལ་ཚོད་འཛིན་བྱེད་པ། ཁེ་ལས་བཅོས་སྐྱོང་བྱེད་པའི”བྱེད་ཐབས་དངོས་འབེབ་བྱས། ཁྱད་པར་དུ་དགུན་དུས་དྲོད་ལེན་པའི་སྐབས་སུ། ས་གནས་སོ་སོའི་མཁའ་དབུགས་བཙོག་བཟོ་སྔོན་འགོག་བྱེད་ཤུགས་ཇེ་ཆེར་གཏོང་བ་སྐུལ་འདེད་བྱས་ནས། གཅིག་བསྡུས་སྒོས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ས་གནས་སྲིད་གཞུང་གི་འགན་ཁུར་བློ་མཐུན་ལ་གྲོས་མོལ་བྱས་པ་དང་། ལྟ་སྐུལ་ཚན་ཆུང་གཉིས་རྩ་འཛུགས་བྱས་ཏེ་གནས་གཏན་འཁེལ་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཕན་ནུས་ཡོད་པའི་སྒོ་ནས་བཙོག་བཟོ་བཅོས་སྐྱོང་ལ་སྐུལ་འདེད་བྱས། རྒྱལ་ཁབ་ཀྱིས་རང་ཞིང་ལ་ལོ་གཅིག་གི་ནང་མེད་པར་བཟོ་དགོས་པའི་རྟགས་སེར་བོའི་རླངས་འཁོར་དང་རླངས་འཁོར་རྙིང་བ་ཁྲི་གཅིག་དང་སྟོང་བདུན་ལྔ་བརྒྱ་མེད་པར་བཟོས།
ཞིང་སའི་བཙོག་སྐྱོན་སྔོན་འགོག་དམ་འཛིན་བཟང་བོ་བྱས་པ། 2016ལོར། རང་ཞིང་གིས་ཀྲུང་དབྱང་ནས་ས་ཞིང་བཙོག་སྐྱོན་སྔོན་འགོག་གི་ཆེད་གཉེར་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་གཉིས་བརྩོན་ལེན་བྱས་ཏེ། གཙོ་བོ་ཟི་ལིང་གི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་ཀན་ཧི་བཟོ་ལས་དཔེ་སྟོན་ས་ཁུལ་གྱི་ལྕགས་རིགས་ལྗིད་གྲས་ཀྱི་བཙོག་སྐྱོན་སྔོན་འགོག་དང་ཞིང་སའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་ཤུགས་འཛུགས་སྐྲུན་སོགས་ལས་གཞི་དྲུག་གི་སྟེང་བཀོལ་སྤྱོད་བྱས་པ་དང་། “སའི་འཆར་འགོད་བཅུ”ལྟར་རང་ཞིང་གི《བྱ་བའི་བྱེད་ཐབས》སྒྲིག་བཟོ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་རིང་ཐུང་དང་སྔོན་གྱི་མཚོ་བྱང་རྫས་འགྱུར་བཟོ་ལས་ར་བའི་བཙོག་བཟོའི་གནས་སླར་གསོ་དང་བཅོས་སྐྱོང་བྱ་བ་ལག་བསྟར་བྱས།
བཙོག་ཆུ་ཉུང་འདོན་ཐད་དམ་འཛིན་བཟང་བོ་བྱས། ཆུའི་ཁོར་ཡུག་བཙོག་སྐྱོན་སྔོན་འགོག་ཐད། མཁར་གྲོང་གི་འཚོ་བའི་བཙོག་ཆུ་ཐག་གཅོད་བཟོ་གྲྭའི་འཁོར་སྐྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་པ་བརྒྱུད། བཙོག་ཆུ་གཙང་སྒྱུར་བཟོ་གྲྭའི་ཚད་སྒྱུར་བཀོད་དང་གཙང་སྒྱུར་ཆུ་བསྐྱར་བཀོལ་བཟོ་སྐྲུན་མྱུར་དུ་ལག་བསྟར་བྱས་པ་དང་། གཞི་ཁྱོན་ཅན་གྱི་སྒོ་ཕྱུགས་ཁྱིམ་བྱ་གསོ་སྤེལ་ར་བ་སོ་བཞི་ནས་ལྕི་བ་དང་རིལ་མ། བྱ་རྟུག་བཅས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱས་པ་ལས། རྫས་འགྱུར་ཐད་མཁོ་བའི་དབྱང་དབུགས་དང་ཨན་ཏན་དབུགས་ཕྱིར་འདོན་ཚད་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་ལྷག་འགྲུབ་བྱ་ཐུབ། མཁའ་དབུགས་བཙོག་བཟོའི་བཅོས་སྐྱོང་ཐད་ནས། བཟོ་ལས་ཁེ་ལས་ཀྱིས་ཚད་གཞི་དང་མཐུན་པར་བཙོག་རྫས་ཕྱིར་འདོན་པའི་འཆར་གཞི་ལག་བསྟར་བྱས་པ་བརྒྱུད་དེ། མཚོ་སྔོན་ཆའོ་ཐིག་ཧ་ཡང་གློག་ཤུགས་མ་རྐང་ཚད་ཡོད་ཀུང་ཟིའི་ཀྲའོ་ཝ་བརྒྱ་དང་ཉེར་ལྔ་ཅན་གྱི་མེ་གློག་འཕྲུལ་ཚན་ལྔ་ལ་གློག་འདོན་མཚམས་འཇོག་ཏུ་བཅུག་པ་དང་། མཚོ་སྔོན་ཁུ་ནུ་བུལ་ཏོག་ལས་རིགས་སོགས་རང་བཙུགས་གློག་འདོན་བཟོ་གྲྭ་བཞིའི་གློག་ཐབ་ཀྱི་དུད་རླངས་གཙང་སྒྱུར་བྱེད་པ་དང་མཚོ་སྔོན་ཡའོ་ཧྭ་ཤེལ་གཙང་སྒྱུར་བྱེད་པའི་བཟོ་སྐྲུན་ཡོངས་འགྲུབ་བྱས་ཏེ། དབྱང་གཉིས་ཐཱན་འགྱུར་དང་ཏན་དབྱང་འགྱུར་དངོས་ཀྱི་ཚད་ཆེས་ཆེར་ཇེ་དམའ་རུ་བཏང་།
རོང་འབྲོག་ཁུལ་གྱི་སྡོད་གནས་རྙིང་བའི་རྣམ་པ་གསར་བར་བསྒྱུར་བ།
2016ལོར་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་རོང་འབྲོག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་རྒྱལ་ལམ་དང་ཞིང་ཆེན་གྱི་ལམ། ལྕགས་ལམ་འགྲམ་རྒྱུད་ཀྱི་གནས་སྐོར་ལྗོངས་ཁུལ་གཙོ་བོ་དང་ཉེ་འགྲམ་གྱི་ཁོར་ཡུག་བཅོས་སྐྱོང་། གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་གྱི་གཙང་སྦྲའི་བཟོ་སྐྲུན་གཅིག་གྱུར་ལག་བསྟར་བྱས། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་ལྔ་བཏང་ནས། སྡེ་བ་ལྔ་བརྒྱ་དང་རོང་འབྲོག་ཁུལ་གྱི་གཏན་སྡོད་ཁང་བའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱས། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དེ2011ལོ་ནས་ད་བར་དུ་བསྡོམས་པས་སྒོར་དུང་ཕྱུར་བཅོ་ལྔ་བཏང་བ་དང་། ཞིང་སྡེ་དང་འབྲོག་པའི་གཏན་སྡོད་གནས་སྟོང་གཉིས་དང་ལྔ་བརྒྱ་བཅོ་ལྔ་ལེགས་བཅོས་བྱས་པ་དང་དེ་དག་རྫོང་ཉེར་ལྔ་རུ་ཁེབས་ཡོད། ཡུའུ་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ལས་གཞི་དེ་དག་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་།
ཞིང་སྡེའི་ཁོར་ཡུག་གཅིག་བསྡུས་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། མཐོ་སྒང་གི་མཛེས་སྡུག་ཞིང་གྲོང་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གཉིས་ཟུང་འབྲེལ་བྱེད་པ་དོ་སྣང་ཆེན་པོ་བྱས་ནས། གཙོ་བོར་གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་ཁུལ་དང་མཚོ་སྔོན་པོའི་ས་ཁུལ། ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་གྱི་འཚོ་བའི་གད་སྙིགས་དང་ཆུར་བཙོག་སྐྱོན་ཐེབས་པའི་གནད་དོན་ཐག་གཅོད་བྱས། དེ་དང་ཆབས་ཅིག 2014ལོ་ནས་བཟུང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་སྒོར་དུང་ཕྱུར་གཅིག་བཏང་ནས་ཁ་གསབ་བྱ་དགའ་བྱིན་པ་དང་། ས་གནས་ཀྱི་སྣེ་ཁྲིད་ནས་མ་དངུལ་གཏོང་ཤུགས་དང་ངལ་རྩོལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ལ། རྒྱལ་ལམ་དང་ཞིང་ཆེན་གྱི་ལམ་གཙོ་བོའི་འགྲམ་རྒྱུད་ཀྱི་གནས་སྐོར་ལྗོངས་ཁུལ་གཙོ་བོ་དང་ཉེ་འགྲམ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པས། གྲུབ་འབྲས་མངོན་གསལ་བླངས་ཡོད།
རང་ཞིང་གིས་ད་དུང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་འཛུགས་གཉིས་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ཏེ། བསྡོམས་པས་ཞིང་ཆེན་རིམ་པའི་སྐྱེ་ཁམས་སྡེ་བ་ཉིས་བརྒྱ་དྲུག་དང་སྐྱེ་ཁམས་ཞང་དང་གྲོང་རྡལ་སོ་བཞི་གསར་འཛུགས་བྱས། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་ཕིན་ཨན་གྲོང་རྡལ་ལ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཞང་དང་གྲོང་རྡལ་གྱི་མཚན་སྙན་ཐོབ་པ་དང་། ཧོང་ཡོན་སོགས་རྫོང་ལྔ་རུ་སྐྱེ་ཁམས་རྫོང་གསར་འཛུགས་གྱི་བྱ་བ་སྒྲུབ་མགོ་བརྩམས།
ཁོར་ཡུག་ལྟ་རྟོག་དོ་དམ་བཅའ་ཁྲིམས་ལག་བསྟར་གྱིས་ནུས་ལྡན་བྱེད་ཐབས་སྤྱད།
ལོ་འདིར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«ཁོར་ཡུག་ལྟ་རྟོག་དོ་དམ་བཅའ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་བྱེད་པའི་བརྡ་སྦྱོར»མར་བཀྲམ་རྗེས། རང་ཞིང་གིས་མྱུར་དུ་འགུལ་སྐྱོད་བྱས་ཏེ། རྒྱལ་ཡོངས་ཀྱི་ཅུང་སྔ་མོ་ནས«ལག་བསྟར་མཐའ་འཁྱོལ་བསམ་འཆར»དང«བྱ་བའི་ལྟ་སྐུལ་ཞིབ་བཤེར་བྱེད་ཐབས»གཏན་འཁེལ་བྱས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་ལག་ལ་བརྒྱུད་བསྐུར་བྱས་པས། ས་གནས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དངོས་འབེབ་ལ་ཡར་སྐུལ་བྱས་པས། ལྟ་རྟོག་དོ་དམ་བཅའ་ཁྲིམས་ཀྱི་གཙོ་གནད་དེ་ཁེ་ལས་དང་སྲིད་གཞུང་གཉིས་ལ་མཉམ་དུ་ལྟ་སྐུལ་བྱེད་པར་སྐུལ་འདེད་བྱས། 2014ལོའི་ཟླ་བརྒྱད་པ་ནས་བཟུང་། རང་ཞིང་གིས་མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་ཞིབ་བཤེར་ཆེན་པོ་བྱེད་པའི་གནད་དོན་ལེགས་བཅོས་བྱེད་པ་དམ་འཛིན་བྱས་པ་དང་། ལོ་གསུམ་ལྷག་གི་རིང་ལ་འབད་པ་བྱས་མཐར། རིམ་བཤེར་བྱས་པའི་གནད་དོན་བརྒྱ་དང་ཉེར་གཉིས་དང་ཞིང་ཆེན་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་བྱེད་པའི་གནད་དོན་གཙོ་བོ་སོ་གསུམ་ཚང་མ་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་། གནད་དོན་དྲུག་དག་ཐེར་ལེགས་བཅོས་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
«ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས»གསར་བ་དང་བྱེད་ཐབས་ཆ་ཚང་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ལོ་ཧྲིལ་བོའི་ནང་རིགས་སོ་སོའི་ཁེ་ལས་དང་ལས་གཞི་སྟོང་བརྒྱད་བརྒྱ་དང་ཞེ་གཉིས་ལ་ཞིབ་བཤེར་བྱས་པ་དང་། ཁོར་ཡུག་ཁྲིམས་འགལ་གྱི་ཁེ་ལས་བཞི་བརྒྱ་རེ་གཉིས་ཞིབ་བཤེར་ཐག་གཅོད་བྱས་ལ། ཁེ་ལས་གཉེར་མཁན་ཉིས་བརྒྱ་སོ་ལྔ་ལ་སྲིད་འཛིན་ཆད་གཅོད་བྱས་པ་དང་། དེའི་ཁྲོད་ཁེ་ལས་སོ་ལྔའི་སྒོ་བརྒྱབ། ཁེ་ལས་སོ་དྲུག་གི་ཐོན་སྐྱེད་བྱེད་མཚམས་བཞག་པ། ཉིན་ལྟར་ཁེ་ལས་བདུན་ལ་ཆད་པ་བཅད་པ། ཁེ་ལས་ལྔ་སྒོ་བརྒྱབ་ཏེ་བཀག་ཉར་བྱས། ཁྲིམས་འཛིན་ལས་ཁུངས་དགུ་སྤྲད་པ་དང་། སྲིད་འཛིན་ཐོག་ནས་མི་བདུན་བཀག་ཉར་བྱས་ལ། ཉེས་དོན་གྱི་བཀག་ཉར་དང་མི་གཉིས་འཛིན་བཟུང་བྱས།
ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་ཤུགས་ལ་ཤུགས་སྣོན་བྱས། 2015ལོར་ཟི་ལིང་གྲོང་ཁྱེར་སོགས་གྲོང་ཁྱེར་དང་ཁུལ་གསུམ་གྱི་སྲིད་གཞུང་གིས་ཕྱོགས་བསྡུས་ལྟ་ཞིབ་བྱ་བ་སྤེལ་བའི་རྨང་གཞིའི་སྟེང་། 2016ལོར་མཚོ་ལྷོ་དང་མཚོ་བྱང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཕྱོགས་བསྡུས་ལྟ་ཞིབ་གཏན་འཁེལ་བྱས་པ་མ་ཟད། «མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལག་བསྟར་བྱེད་ཐབས»དང«མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་འགན་འཁྲིའི་གཏན་འཁེལ»འགྲེམ་སྤེལ་བྱས་པ་མ་ཟད། 2016ལོ་ནས2017ལོའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་མགོ་བརྩམས།
འགྱེད་འཕྲོའི་བདེ་འཇགས་དོགས་ཟོན་མཐོར་འདེགས་བྱས་ཏེ། ཁྱབ་འགྱེད་འབྱུང་ཁུངས་ཀྱི་བདེ་འཇགས་ཞིབ་བཤེར་ཆེད་དོན་འགུལ་སྐྱོད་དང2016ལོའི་བདེ་འཇགས་མཚོ་སྔོན་གྱི་འགྱེད་འཕྲོའི་དོན་རྐྱེན་ཕྱོགས་བསྡུས་འཕྲལ་བསྟུན་འཁྲབ་སྦྱོང་སྤེལ། རང་ཞིང་ནི་རྒྱལ་ཡོངས་ཀྱི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་མཐོ་རིམ་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་ཉམས་མྱོང་བརྗེ་རེས་ཀྱི་དཔེ་མཚོན་ཡིན་པའི་ཆ་ནས། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཁས་ལེན་གང་ལེགས་ཐོབ་ཡོད། འགྱེད་འཕྲོའི་བདེ་འཇགས་དོགས་ཟོན་མཐོར་འདེགས་བྱས་ཏེ། ཁྱབ་འགྱེད་འབྱུང་ཁུངས་ཀྱི་བདེ་འཇགས་ཞིབ་བཤེར་ཆེད་དོན་འགུལ་སྐྱོད་དང2016ལོའི་བདེ་འཇགས་མཚོ་སྔོན་གྱི་འགྱེད་འཕྲོའི་དོན་རྐྱེན་ཕྱོགས་བསྡུས་འཕྲལ་བསྟུན་འཁྲབ་སྦྱོང་སྤེལ། རང་ཞིང་ནི་རྒྱལ་ཡོངས་ཀྱི་ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་མཐོ་རིམ་ཞིབ་འཇུག་བགྲོ་གླེང་འཛིན་གྲྭའི་ཉམས་མྱོང་བརྗེ་རེས་ཀྱི་དཔེ་མཚོན་ཡིན་པའི་ཆ་ནས། ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་ཁས་ལེན་གང་ལེགས་ཐོབ་ཡོད།
ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས“སྐོར་ཞིག་ཚད་ལྡན་དུ་གཏོང་བ་དང་། སྐོར་ཞིག་འཐུས་ཚང་དུ་གཏོང་བ། སྐོར་ཞིག་མེད་པར་བཟོ་བའི”རྩ་དོན་ལྟར། མཆོག་མཆན་བཀོད་མེད་པ་དང་འཛུགས་སྐྲུན་བྱས་མེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་ལས་གཞི་དང་འགལ་བ་རྣམས་གཙང་བཤེར་བྱས། 2016ལོར། རང་ཞིང་གིས་མཆོག་མཆན་བཀོད་མེད་པར་སྔོན་ལ་འཛུགས་སྐྲུན་བྱེད་པའི་ལས་གཞི་སྣ་ཉིས་བརྒྱ་ལྔ་ཞིབ་རྩད་ཆོད་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ལས་གཞི་སྣ་ཉིས་བརྒྱ་གསུམ་གྱི་ཁྲོད་ཉིས་བརྒྱ་གཉིས་གཙང་བཤེར་བྱས་ལ། དུས་ཡུན་རིང་བོ་ཞིབ་བཤེར་རྩིས་ལེན་མི་བྱེད་པའི་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་དོན་བདུན་གཙང་བཤེར་བྱས་ཏེ་བརྒྱ་ཆའི་གོ་ལྔ་ཡོངས་འགྲུབ་བྱས་ཡོད།
དྲ་རྒྱའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྔོན་གྲས་སུ་སླེབས་ཡོད།
2016ལོར། རང་ཞིང་གིས་སྔར་ལས་ལྷག་པའི་སྒོ་ནས“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་སོགས་སྐྱེ་ཁམས་ནུས་ཁུལ་གཙོ་བོ་ཉེར་བཞི་བདམས་ནས་ལྟ་ཞིབ་བྱས། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་དྲ་བ་སོགས་སུ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་མ་ལག་བཙུགས་པས། སྐྱེ་ཁམས་ནུས་ཁུལ་གྱི་དཔེ་མཚོན་སྐྱེ་ཁམས་མ་ལག་དང་ཚབ་མཚོན་རང་བཞིན་གྱི་རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་ཅན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་དུས་ངེས་མེད་དུ་དྲ་ལམ་ནས་འགྲེལ་བཤད་བྱས་ཆོག
2016ལོའི་ཟླ་བརྒྱད་པར། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱས་པའི་གྲུབ་འབྲས་དང“སྐྱེ་ཁམས་སྲུང་ཡོལ”བེད་སྤྱད་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་གནས་ཚུལ་སྙན་ཞུ་ཕུལ།
རྒྱལ་ཡོངས་ཀྱི་ཚོད་ལྟའི་ལས་གཞི་ཐོག་མ་ཡིན་པའི་ཆ་ནས། རང་ཞིང་གིས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་བཟོ་ལས་དཔེ་སྟོན་ར་བ་གསུམ་དུ་དུག་དང་གནོད་འཚེ་ཡོད་པའི་རླངས་གཟུགས་ཉེན་བརྡའི་ལྟ་ཞིབ་མ་ལག་བཙུགས་པ་དང་། དུས་ནམ་ཡིན་ཡང་མཁའ་དབུགས་ཁྲོད་གནས་པའི་དུག་དང་གནོད་པ་ཡོད་པའི་རླངས་གཟུགས་སྣ་བཅུ་དྲུག་དང་ལྕགས་རིགས་ལྗིད་གྲས་སྣ་སོ་གཉིས་ཀྱི་བཙོག་བཟོ་དང་རང་འགུལ་སྒོས་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་གཏོང་ས་མངོན་འགྱུར་བྱས་པས། རྒྱལ་ཁབ་པུའུ་ཨུ་ཡི་གདེང་འཇོག་གང་ལེགས་ཐོབ།
རང་ཞིང་གིས་རྩ་འཛུགས་བྱས་ཏེ་བསྡུས་པའི“ཀྲུང་གོ་དང་ཧོ་ལན་གྱི་ཁོར་ཡུག་དོན་རྐྱེན་དང་ཁོར་ཡུག་ཉེན་ཁ། ཁོར་ཡུག་ཤུགས་རྐྱེན་བཅས་ལ་དཔྱད་འཇོག་བྱེད་པའི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་དང་དཔེ་སྟོན་ལས་གཞི་མགོ་རྩོམ་པའི་ཚོགས་འདུའི”སྟེང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་གདེང་འཇོག་ཆེན་པོ་ཐོབ།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་བཅོས་སྒྱུར་སྐས་རིམ་གསར་བར་སླེབས་པ།
2016ལོར། རང་ཞིང་གི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ནན་ཏན་སྒོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གཞུང་སྒྲུབ་ཁང་གི་འགན་འཁྲི་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་དགུས་རྩེ་གྲས་འཆར་འགོད་བྱས་པ་དང་། རྒྱལ་ཡོངས་སུ«སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་སྤྱིའི་བྱེད་ཐབས»སྔ་རྗེས་སུ་བཏོན་པ་མ་ཟད། རང་ཞིང་གིས་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་སྤྱིའི་བྱེད་ཐབས་ལག་ལེན་མཐའ་འཁྱོལ་བྱེད་དགོས་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གནས་དང་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་སོགས་འཐེན་ཤུགས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྒྱུར་བྱ་བར་ཞིབ་འཇུག་དང་སྐུལ་འདེད་བྱས་པ་དང་། གཏན་འཁེལ་བྱས་ཟིན་པའི་བཅོས་སྒྱུར་འགན་འཁྲི་གཙོ་བོ་སྣ་སུམ་ཅུ་ལས་སྣ་ཉི་ཤུ་ཡོངས་འགྲུབ་བྱས་ཟིན་ལ། བྱེད་ཐབས་སྙན་ཞུ་དང་བསམ་འཆར་སྣ་བདུན་ཅུ་ལྷག་བཏོན། རྒྱལ་ཁབ་ཀྱི་སྤྱི་གླིང་ལམ་ལུགས་ཚོད་ལྟའི་འཛུགས་སྐྲུན་གཞུང་སྒྲུབ་ཁང་ཡིན་པའི་ཆ་ནས། དངོས་སུ་སྣེ་ཁྲིད་དེ«གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱེད་ཐབས»རྩ་འཛུགས་སྒྲིག་བཟོ་བྱས་པར་མ་ཟད་ཀྲུང་དབྱང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཞིབ་བཤེར་གྲོས་འཆམ་བྱུང་སྟེ། སྤུས་ཚད་མཐོན་པོའི་སྒོ་ནས་དཔེ་སྟོན་ས་ཁུལ་གསུམ་གྱི་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱས་པ་དང་། དོ་དམ་བྱེད་ཐབས་བརྒྱད་འཆར་ཟིན་བཏབ། དྲིལ་སྒྲོག་པར་བྱང་བུ་བཟོ་འགོད་དང་སྲིད་དོན་དྲ་གནས་བཙུགས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཙུགས་རྗེས། བྱ་བ་ཁག་སོ་སོ་གོ་རིམ་ལྡན་ཞིང་ནོར་བ་མེད་པའི་སྒོ་ནས་མཐུད་ཐུབ་པ་མངོན་འགྱུར་བྱུང་བ་དང་། དེ་དང་ཆབས་ཅིག«མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དབྱེ་འབྱེད་གཏན་འབེབས་བྱེད་ཐབས»རྩ་འཛུགས་སྒྲིག་བཟོ་བྱས་ཏེ་ཞིང་ཆེན་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་ཞིབ་བཤེར་གྲོས་འཆམ་བྱུང་སྟེ། རྫོང་དང་ས་ཁུལ་ཞེ་གསུམ་ལ་ཞིབ་བཤེར་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོའི་རྫོང་བཅུ་ཡོད་པ་དེའི་ཁྲོད་རྫོང་བཞི་ཡི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རྒྱང་ཚོར་གྱི་ཐབས་སྤྱད་དེ་དངོས་རྫས་ཀྱི་ཚད་གཙོར་བཟུང་ནས་རང་བྱུང་ཐོན་ཁུངས་ཐོན་རྫས་ཚད་འཇོག་རེའུ་མིག་སྒྲིག་བཟོའི་ཚོད་ལྟའི་བྱ་བ་སྤེལ།
ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོབ་རང་སྟེང་གི་བཅོས་སྒྱུར་བྱ་བ་ནན་ཏན་སྒོས་བཟང་བོར་སྒྲུབ་དགོས། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དང་བཅོས་སྒྱུར་ཚོད་ལྟའི་བྱ་བ་མགོ་བརྩམས་པ་དང་།«མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དང་ཁྲིམས་སྐྱོང་དོ་དམ་བཅོས་སྒྱུར་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱེད་ཐབས»དང་སྒྲིག་ཆས་ཆ་ཚང་གི་བྱེད་ཐབས་འཆར་འགོད་གཏན་འབེབ་བྱས་པ་དང་། སྔ་མོ་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཞིབ་འཇུག་གྲོས་ཞིབ་བྱེད་པ་བརྩོན་ལེན་བྱེད་རྒྱུ་རེད། མུ་མཐུད་དུ་བཙོག་སེལ་དབང་ཆའི་ཉོ་ཚོང་དང་བཙོག་སེལ་ཆོག་པའི་དོ་དམ་ཇེ་དྲག་ཏུ་བཏང་ནས། འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། བཙོག་སེལ་དབང་ཆ་རིན་དོད་ཡོད་པའི་བཀོལ་སྤྱོད་ཉོ་ཚོང་རྒྱུན་ལུགས་ཅན་ལ་སྐུལ་འདེད་བྱས། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་བཙོག་སྐྱོན་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། བཙོག་སྐྱོན་ཕྱིར་འདོན་གྱི་ལམ་ལུགས་འཛུགས་པར་རྨང་གཞི་བརྟན་པོ་བཏིང་། ཞིང་ཆེན་ཡོངས་ཀྱི་ལྕགས་རིགས་ལྗིད་གྲས་དང་རྫས་འགྱུར་བཟོ་ལས་ར་བ་སོགས་ཉེན་ཁ་ཆེ་བའི་ཁེ་ལས་ཀྱི་ཁོར་ཡུག་བཙོག་སྐྱོན་འགན་འཁྲིའི་ཉེན་ཚབ་རྨང་གཞིའི་སྟེང་བཙུགས་ཡོད།
རང་ཞིང་གིས་ཁོར་ཡུག་བཙོག་སྐྱོན་ཐད་ཕྱོགས་གསུམ་པའི་བཅོས་སྐྱོང་བྱ་བའི་མཛུབ་སྟོན་བསམ་འཆར་བཏོན་པ་དང་། ཁོར་ཡུག་སྲུང་སྐྱོབ་ཆེད་ལས་ལས་ཁུངས་བཅུ་བཞི་ཡིས་རང་ཞིང་གི་གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་དང་། ཉེན་ཁ་ཡོད་པའི་མཁོ་མེད་དངོས་པོ། སྨན་བཅོས་གད་སྙིགས་གཅིག་བསྡུས་སྒོས་ཐག་གཅོད་དང་སྐྱེལ་འདྲེན་བྱེད་པ། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ཐད་ཕྱོགས་གསུམ་པའི་སྐྱེལ་འདྲེན་བྱེད་བཞིན་ཡོད།
དེ་དང་ཆབས་ཅིག 2016ལོར། མཚོ་སྔོན་ཁོར་ཡུག་དྲིལ་སྒྲོག་སློབ་གསོ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་ལ་མཉམ་དུ་སྐུལ་འདེད་བྱས་པས། ཁོར་ཡུག་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་ཚད་མུ་མཐུད་དུ་རྒྱ་བསྐྱེད་དེ། ཁོར་ཡུག་སྲུང་སྐྱོབ་ལས་དོན་འཕེལ་རྒྱས་ཐད་སྣང་ཚུལ་བཟང་བོ་ཞིག་བསྐྲུན།
ད་ལོར། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཏན་ཏན་ཏིག་ཏིག་བཞི”དང་ཁྱད་པར་དུ“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི”སྤྱིའི་རེ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། “འཕེལ་སྟངས་བསྒྱུར་བ་བཞིའི”བསམ་གཞིགས་གསར་བ་ལྟར། མུ་མཐུད་དུ་ཁོར་ཡུག་ལེགས་བཅོས་བྱེད་པའི་སྤུས་ཚད་དམ་འཛིན་བཟང་བོ་བྱས་ཏེ། ཁོར་ཡུག་གི་སྤུས་ཚད་དང་སྤྱིའི་ཚད་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་ཁྱབ་ཁོངས་བཅོས་སྒྱུར་དང་དོ་དམ་གྱི་རྣམ་པ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། ནུས་ཤུགས་ཡོད་དགུས་ཁོར་ཡུག་དོ་དམ་བྱས་ཚད་མ་ལག་ཅན་དང་ཚན་རིག་ཅན། ཁྲིམས་སྐྱོང་ཅན། ཞིབ་ཚགས་ཅན། ཆ་འཕྲིན་ཅན་བཅས་ལ་སྐུལ་འདེད་བྱས་ཏེ། ཕན་ནུས་ཡོད་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།