མདའ་བཞི་མཉམ་ལས་ཁང་གི་འཕོ་འགྱུར།
2017.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

 དགུན་གཞུང་གི་ཆི་ལེན་རྩྭ་ཐང་དུ་གྲང་ངར་ཆེ་ནའང་། ཆི་ལེན་རྫོང་གི་གྲོས་ཚོགས་ལྟེ་གནས་སུ་དགའ་སྤྲོ་དང་དྲོད་ཁོལ་གྱིས་ཁེངས་འདུག

2016ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཆི་ལེན་རྫོང་འབྲོང་ལུང་ཞང་མདའ་བཞི་སྡེ་བའི་ཆེད་ལས་མཉམ་ལས་ཁང་གིས་ཧྲེ་ཡོན་རྣམས་ལ་ཁེ་སྤོགས་བགོས། མ་རྐང་འཇོག་མཁན་འཇིགས་མེད་རྒྱ་མཚོ་ལ་ཁེ་སྤོགས་སྒོར་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་དང་། རྡོ་རྡོ་ལ་ཁེ་སྤོགས་སྒོར་འབུམ་གཅིག་ཁྲི་གཅིག་སྟོང་བདུན། བསམ་འགྲུབ་ལ་ཁེ་སྤོགས་སྒོར་འབུམ་གཅིག་ཁྲི་གཅིག་སྟོང་བཞི། ཚེ་ཁོ་ལ་ཁེ་སྤོགས་སྒོར་འབུམ་གཅིག་ཁྲི་གཅིག་སྟོང་གཉིས། སུང་མན་ཚང་ལ་ཁེ་སྤོགས་སྒོར་ཁྲི་དགུ་སྟོང་བདུན་ཐོབ།

མཉམ་ལས་ཁང་གིས་འདི་ལྟ་བུའི་གྲུབ་འབྲས་ཆེན་པོ་བླངས་ཏེ། མ་རྐང་འཇོག་མཁན་ང་ཚོར་མིག་མཐོང་ལག་ཟིན་གྱི་ཁེ་སྤོགས་ཆེན་པོ་བསྐྲུན་པས། རང་ཉིད་མཉམ་ལས་ཁང་གི་ཁོངས་མི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། འདི་ནི་ང་ཚོའི་མ་འོངས་བའི་འཚོ་བར་འགན་སྲུང་བྱས་པ་ཡིན་ལ། རྗེས་ཕྱོགས་སུ་མུ་མཐུད་དུ་འབད་བརྩོན་བྱེད་པར་ཡང་སྒུལ་ཤུགས་གསར་བ་བསྩལ་བྱུང་། ཏང་དང་སྲིད་གཞུང་གིས་ང་ཚོར་རྒྱབ་སྐྱོར་དང་རོགས་རམ། སྐུལ་ལྕག་བཅས་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། མཉམ་ལས་ཁང་གི་ཧྲེ་ཡོན་རེ་རེས་ལོ་གཅིག་གི་ནང་འབད་འཐབ་ལྷོད་མེད་བྱས་པར་ཡང་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་རེབ་འདིར་ཁེ་སྤོགས་ཆེས་མང་པོ་ཐོབ་མཁན་འཇིགས་མེད་རྒྱ་མཚོས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

2010ལོའི་ཟླ་བཅུ་གཅིག་པར། མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་བཙུགས་མ་ཐག་གི་སྐབས་སུ། ཧྲེ་ཡོན་རྣམས་ལ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་ལ་ཆ་རྒྱུས་མེད་པ་དང་། མཉམ་ལས་ཁང་དུ་ཐོན་སྐྱེད་རྒྱུ་ཆ་མ་རྐང་དུ་འཇོག་པ་སོགས་ཀྱི་ཐད་དོགས་གཞི་ཡོད་པར་བརྟེན། མཉམ་ལས་ཁང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས། 2015ལོའི་ཟླ་བརྒྱད་པར། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཞིང་ཕྱུགས་སྡེ་ཁག་དང་དེ་མིན་ཞང་སྲིད་གཞུང་བཅས་ཕྱོགས་མང་པོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མདའ་བཞི་སྡེ་བས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བསྒྱུར་བཅོས་བྱས། ལོ་དེའི་ཟླ་བཅུ་གཉིས་པར། མ་རྐང་ལམ་ལུགས་བསྒྱུར་བཅོས་བྱས་རྗེས་ཀྱི་མདའ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དངོས་སུ་གཉེར་མགོ་ཚུགས་པར་མ་ཟད། ཁོངས་མི་ཚང་མ་རྩ་འཛུགས་བྱས་ཏེ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་བྱེད་ཐབས་ལྟར་ཐོན་སྐྱེད་དང་བདག་གཉེར་བྱས། ཆེད་ལས་མཉམ་ལས་ཁང་གིས་བསྡོམས་པས་རྩྭ་སའི་གཞི་ཁྱོན་སྤྱི་ཆིང་སྟོང་དྲུག་སུམ་བརྒྱ་དང་ཕྱུགས་ཟོག་སྟོང་ལྔ་ལྷག་ཧྲིལ་བསྡུས་བྱས་ཤིང་། མ་རྐང་དུ་བཞག་པའི་སྤྱིའི་རྒྱུ་ནོར་སྒོར་ས་ཡ་དགུ་འབུམ་ལྔ་སྟོང་དགུ་ལྷག་ཏུ་བསླེབས།

མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་བུན་ཁྲང་ཐར་གྱིས་ང་ཚོར་བཤད་རྒྱུར། མཉམ་ལས་ཁང་གིས་མ་རྐང་ལམ་ལུགས་བཅོས་བསྒྱུར་བྱེད་སྐབས། ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་རིམ་པ་སོ་སོའི་སྲིད་གཞུང་གི་མཛུབ་སྟོན་དང་ཐུགས་ཁུར། རྒྱབ་སྐྱོར་ཐོབ། ཞིང་ཕྱུགས་སྡེ་ཁག་གིས་ང་ཚོར་རྒྱུད་བཟང་བཟོ་སྐྲུན་དང་སྐྱེ་ལྡན་ཕྱུགས་ལས་སོགས་ཡོང་སྒོ་འཕར་སྣོན་གྱི་ལས་གཞིའི་སྟེགས་བུ་བསྐྲུན་ཞིང་། དབུལ་སྐྱོར་ཅུས་དང་ཞིང་ལས་དངུལ་ཁང་གིས་མཉམ་ལས་ཁང་གི་ཕྱུགས་ལས་འཕེལ་རྒྱས་ལ་མ་དངུལ་ཕྱོགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། རྫོང་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་མཛུབ་སྟོན་གཞུང་ལས་ཁང་གིས་ཕྱོགས་ཡོངས་ནས་མཛུབ་སྟོན་དང་རྒྱབ་སྐྱོར་བྱས། ང་ཚོ་ཧྲེ་ཡོན་ཚང་མས་ཀྱང་དེའི་ཁྲོད་ཧུར་ཐག་གིས་ཞུགས། 2016ལོའི་ལོ་མགོར་ལོ་ཧྲིལ་བོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཕྱུགས་ཟོག་གི་གྲུབ་ཚུལ་ལེགས་སྒྲིག ཚན་རིག་ལྟར་གསོ་སྤེལ། རྒྱུད་བཟང་ཁ་གསབ། མ་དངུལ་ཧྲིལ་བསྡུས། སྣ་མང་བདག་གཉེར་སོགས་ཀྱི་ཐད་ལ་འཆར་འགོད་ལེགས་པོ་བྱས་པར་མ་ཟད། དེ་དང་མཐུན་པའི་ཇུས་གཞི་གཏན་འབེབས་བྱས།

རྩ་འཛུགས་ཅན་དང་ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་བྱས་ནས་ལོ་གཅིག་གི་རིང་ལ། མདའ་བཞི་མཉམ་ལས་ཁང་གི་ཧྲེ་ཡོན་ཚོས་འབད་འཐབ་ལྷོད་མེད་བྱས་པར་བརྟེན། མཉམ་ལས་ཁང་གི་འཕེལ་རྒྱས་ལ་གྲུབ་འབྲས་ཉམས་དགའ་བ་བླངས། མིག་སྔར། མཉམ་ལས་ཁང་གིས་མིན་ཡོན་ཅིན་ཡོན་ཀུང་ཟི་དང་སྔོ་རྩྭ་ཏུན་དྲུག་བརྒྱ་ཡི་མངག་ཐོ་བཀོད་དེ། ནོར་ལུག་ལ་གཟན་ཆས་ཁ་གསབ་བྱེད་པར་རྨང་གཞི་བཏིང་། ཚན་རིག་ལྟར་གསོ་སྤེལ་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལེགས་སྒྲིག་བྱེད་ཆེད། མ་རྐང་དུ་བཞག་པའི་ཕྱུགས་ཟོག་ཡང་བསྐྱར་ཁྱུ་བགོས་ནས་གཅིག་བསྡུས་ཀྱིས་དོ་དམ་བྱས་པར་མ་ཟད། ས་ཁག་བགོས་ནས་རེས་མོས་ཀྱིས་ཕྱུགས་འཚོ་བ་དང་། ཧྲེ་ཡོན་ཚོར་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཁྱབ་ཁོངས་སུ་ལས་ཀ་གཉེར་དུ་བཅུག་ཏེ། སྔོན་ཆད་ཀྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་བདག་གཉེར་རྣམ་པ་རྩ་བ་ནས་བསྒྱུར་བ་དང་། འབྲོག་པའི་ཡོང་སྒོ་དེ་སྣ་མང་ཅན་དུ་མངོན་འགྱུར་བྱས།

མཉམ་ལས་ཁང་གི་དཔལ་འབྱོར་འཕར་ཚད་གསར་བ་གསོ་སྐྱོང་བྱེད་ཆེད། མཉམ་ལས་ཁང་གིས་རྫོང་ཞིང་ལས་དངུལ་ཁང་ནས་དངུལ་བུན་སྒོར་ས་ཡ་གསུམ་བསྐྱི་བའི་དུས་སྐབས་སྔོན་མའི་བྱ་བ་ཡོངས་འགྲུབ་བྱས་ཏེ། སྐྱེ་ལྡན་ནོར་ལུག་འཚོ་གསོ་དང་རྒྱུད་བཟང་ཕྱུགས་ཟོག་གསོ་སྤེལ། ཕྱུགས་ཟོག་ལ་གཟན་ཆས་ཁ་གསབ་བཅས་ཀྱི་བྱ་བ་སྤེལ། དུས་མཚུངས་སུ། ཧྲེ་ཡོན་གྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་ཆེད། མཉམ་ལས་ཁང་གིས་སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་དང་ངལ་རྩོལ་པ་ལྷག་མ་གནས་སྤོར་ལས་ཞུགས་ཀྱི་དུས་སྐབས་སྔོན་མའི་གསོ་སྦྱོང་དང་མཐུན་སྦྱོར་སོགས་ཀྱི་བྱ་བར་འཆར་འགོད་དང་ཇུས་འགོད་བྱས།

རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་གྱི་གནད་སའི་རྫོང་འཛུགས་སྐྲུན་བྱེད་མགོ་བརྩམས་པ་ནས་བཟུང་། ཆི་ལེན་རྫོང་གིས་གོ་སྐབས་འདི་དམ་འཛིན་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་རྩྭ་ཕྱུགས་མཉམ་སྒུལ། བདག་གཉེར་གྲུབ་ཆ་གཙོ་བོ་གསོ་སྐྱོང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཛུགས་སྐྲུན་དང་སྣ་མང་ཅན་གྱི་ཞབས་ཞུ། ཐོན་ལས་ཅན་གྱི་བདག་གཉེར་བཅས་གནད་སའི་བྱ་བ་དྲུག་དམ་འཛིན་དང་། གནད་སའི་རོགས་སྐྱོར་ཇེ་དྲག་ཏུ་བཏང་ཞིང་། རྫོང་ཡོངས་སུ་བཙུགས་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཉེར་གཉིས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཧྲིལ་བསྡུས་ཀྱི་སྤུས་ཚད་དེ་གདེང་འཇོག་ཚོད་རྩིས་ཀྱི་གཞི་འཛིན་ས་གཙོ་བོར་བརྩིས་ནས། ཕྱུགས་ཟོག་དང་རྩྭ་ས། ངལ་རྩོལ་ནུས་ཤུགས། ཡོང་སྒོ་བགོ་བཤའ། ཐོན་སྐྱེད་རྒྱུ་ཆ་བཀོད་སྒྲིག་སོགས་ཀྱི་ཐད་སྤུས་ཚད་གདེང་འཇོག་ཚོད་རྩིས་ཀྱི་བྱ་བ་སྤེལ་བ་དང་། སུས་སྔོན་མ་བྱས་ནས་ཧྲིལ་བསྡུས་བྱས་ན། དེས་སྔོན་མ་བྱས་ནས་སྲིད་ཇུས་ལོངས་སྤྱོད་དང་། སྔོན་མ་བྱས་ནས་འཕེལ་རྒྱས་སུ་གཏོང་བའི་རོགས་སྐྱོར་དཔེ་དབྱིབས་གཏན་ལ་ཕབ། མདའ་བཞི་མཉམ་ལས་ཁང་སོགས་དཔེ་མཚོན་ཡིན་པའི་ཚོད་ལྟའི་མཉམ་ལས་ཁང་དྲུག་ཆགས། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ། མཉམ་ལས་ཁང་གི་མ་རྐང་ལམ་ལུགས་ལེགས་བསྒྱུར་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། དོན་ངོ་མའི་ཐོག་ནས་འབྲོག་པ་ཁྱིམ་ཚང་ལ་ཞབས་ཞུ་དང་ཧྲེ་ཡོན་གྱི་ཡོང་སྒོ་འཕར་སྣོན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་།

མཉམ་ལས་ཁང་ཚད་ལྡན་ཅན་ཏུ་གཏོང་ཆེད། ཚོད་ལྟའི་མཉམ་ལས་ཁང་ཡོད་སའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་གྲ་སྒྲིག་ཚན་ཆུང་འཛུགས་པ་དང་། རྫོང་ཞིང་ཕྱུགས་ཅུའུ་ཡིས་མཛུབ་སྟོན་བྱེད་པ། ཞང་སྲིད་གཞུང་གིས་འགན་འཁུར་ཏེ་སྐབས་དང་པོའི་ལས་འཛིན་ཁོངས་མི་ཡོངས་དང་ཧྲེ་ཡོན་ཞུགས་པའི་བསྐྱར་འདེམས་གྲོས་ཚོགས་བསྡུས་ཏེ། དོ་དམ་མི་ལེགས་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་ཚོགས་པ་དང་ལྟ་ཞིབ་ཚོགས་པའི་ཁོངས་མི་བསྐྱར་འདེམས་བྱས་ཤིང་། སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་དང་དེང་རབས་ཀྱི་འདུ་ཤེས་ཆེན་པོ་ལྡན་ཞིང་། རིག་གནས་ཡོད་པ་དང་ལག་རྩལ་ལྡན་པ། བདག་གཉེར་བྱེད་ཤེས་པ། འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་བཅས་ཀྱི་ན་གཞོན་འབྲོག་པ་སྐོར་ཞིག་ལས་འཛིན་ཚོགས་པ་དང་ལྟ་ཞིབ་ཚོགས་པའི་ནང་བདམས་པས། ལེགས་བསྡུས་ཞིབ་གཉེར་ཅན་དང་ཆེད་ལས་ཅན། རྩ་འཛུགས་ཅན། སྤྱི་ཚོགས་ཅན་བཅས་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པ་གསར་བའི་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་མགྱོགས་མྱུར་ངང་འཛུགས་པར་རྨང་གཞི་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མྭ་ཆིན་ཏི་ཡིས་བཤད་རྒྱུར། སྲིད་གཞུང་གིས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྟོབས་ཤུགས་ཡོད་དགུས་སྐྱེ་ཁམས་ཕྱུགས་ལས་ལ་སྐུལ་འདེད་བྱེད་པའི་ལག་ལེན་ཁྲོད། ཆི་ལེན་རྫོང་གིས་ཤུགས་ཕུད་དེ་ཕྱོགས་མང་མཉམ་སྒུལ་གྱི་བྱ་བའི་ནང་རྐྱེན་གསར་བ་བཙུགས་ནས། མ་རྐང་ལམ་ལུགས་ཀྱི་བདག་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། མཉམ་ལས་ཁང་ཚད་ལྡན་ཅན་ཏུ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ཏེ། མདའ་བཞི་སོགས་དཔེ་མཚོན་གྱི་མ་རྐང་མཉམ་ལས་ཁང་སྐོར་ཞིག་བྱུང་བ་དང་། ཞིང་ཆེན་ཡོངས་ལ་ཉམས་མྱོང་འདོན་སྤྲོད་དང་མིག་དཔེ་བསྐྲུན་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན། ཆི་ལེན་གྱི་སྒྲུབ་སྟངས་དང་མདའ་བཞི་ཡི་གྲུབ་འབྲས་དེ་ཡིས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། སྡེ་ཁག་གིས་སྟོབས་ཤུགས་ཡོད་དགུ་འདོན་པ། རྒྱ་ཆེའི་མང་ཚོགས་ཧུར་ཐག་གིས་ཞུགས་ཚེ། སྒྲུབ་མི་ཐུབ་པའི་བྱ་བ་དང་གསར་གཏོད་བྱེད་མི་ཐུབ་པའི་བྱ་བ་ཅི་ཡང་མེད་པ་ཡང་བསྐྱར་ར་སྤྲོད་བྱས་པ་རེད་ཟེར།

མདའ་བཞི་སོགས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བརྟན་བརླིང་ངང་འཕེལ་རྒྱས་དང་གཞི་ཁྱོན་རིམ་བཞིན་ཇེ་ཆེར་གྱུར་ཏེ། བདག་གཉེར་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། མདའ་བཞི་མཉམ་ལས་ཁང་གི་ཧྲེ་ཡོན་མགོན་པོ་ཚེ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་ཁེ་སྤོགས་བགོ་བཤའི་ཁྲོད་ང་ལ་སྒོར་ཁྲི་དགུ་ལྷག་ཐོབ་པས། དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད། མཉམ་ལས་ཁང་དུ་ཧུར་ཐག་གིས་ལས་ཀ་གཉེར་ན། རང་ཁྱིམ་གྱི་རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་དུ་འགྲོ་སྲིད་པ་དེ་བཤད་མ་དགོས་པ་ཞིག་རེད་ཟེར།

མཉམ་ལས་ཁང་གི་འཁོར་སྐྱོད་བདག་གཉེར་ཁྲོད། འབྲོག་པ་ཁྱིམ་ཚང་ཡང་དངོས་སུ་ལྟ་སྐུལ་དང་དོ་དམ་ཁྲོད་ཞུགས་ཏེ། དོན་ངོ་མའི་ཐོག་ནས་དྲང་བདེན་དྲང་གཞག་ཡོང་བར་བྱས།
མཉམ་ལས་ཁང་གི་ལྟ་ཞིབ་པ་རྣམ་རྒྱལ་གྱིས་བཤད་རྒྱུར། མདའ་བཞི་སྡེ་བའི་འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པའི་བྱེད་ཐབས་སྤྱད་དེ། བསྡོམས་པས་སྤྱིའི་མ་རྐང་བརྒྱ་ཆའི་གོ་བརྒྱད་ཡིན་པ་དང་། ལྷག་མའི་བརྒྱ་ཆའི་གཉིས་ཀྱི་མ་རྐང་དེ་རྩྭ་ས་དང་ཕྱུགས་ཟོག་མེད་པའི་ཁྱིམ་ཚང་ལ་བཞག་པ་ཡིན།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཕྱུགས་ལས་ཆེད་མཁས་པ་བང་ཧོས་ལིན་གྱིས་བཤད་རྒྱུར། མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་འབྲོག་ཁུལ་གྱི་འཁོར་རྒྱུགས་ཁྱབ་ཁོངས་ནས་ཕྱུགས་ལས་དང་ཕྱུགས་ལས་ས་ཁུལ། འབྲོག་པ་མང་ཚོགས་བཅས་ཀྱི་འཕེལ་རྒྱས་དགོས་མཁོ་བསྐངས་ཏེ། བཟོ་ཚོང་དང་འབྲོག་པ་ཁྱིམ་ཚང་། མཁར་གྲོང་དང་འབྲོག་ཁུལ་བཅས་ཀྱི་བར་གསེར་ཟམ་ཅིག་བསྐྲུན། མཉམ་ལས་ཁང་གི་ཚོད་ལྟའི་ཁུལ་འཛུགས་སྐྲུན་དེ་ཐོག་མའི་དུས་རིམ་དུ་ཡོད་པས། བདག་གཉེར་དཔེ་དབྱིབས་བཟང་པོ་དང་བདག་གཉེར་འདུ་ཤེས་ལེགས་པོ་དེ་ད་དུང་འཐུས་ཚང་དུ་གཏོང་དགོས་པ་དང་། ཚན་རིག་ལྟར་གསོ་སྤེལ་བྱེད་པ་དེ་ཡང་ད་དུང་ཇེ་ལེགས་སུ་གཏོང་དགོས། ཡིན་ནའང་། རྫོང་དང་ཞང་རིམ་པ་གཉིས་དང་ཞིང་ཕྱུགས་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོ་དང་མཛུབ་སྟོན་འོག མདའ་བཞི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་པས། ཆི་ལེན་རྫོང་གི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་ཟེར།

ལོ་ཙཱ་བ།སྒྲོལ་མ་སྐྱིད།