ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་གྱིས་དམངས་ཕན་སྲིད་ཇུས་ཉི་ཤུ་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་རེད།
2017.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཞིང་ཆེན་ཏང་ཨུའི་ཞིང་སྡེ་དང་ཕྱུགས་ལས་ས་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར་ཞིང་ཆེན་ཡོངས་ཀྱིས་མུ་མཐུད་ནས་རོང་འབྲོག་ས་ཁུལ་གྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱེད་པ། རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གསར་སྐྲུན་སོགས་སྲིད་ཇུས་མང་པོ་ཞིག་ལག་བསྟར་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སྤེལ་བྱེད་པ་དང་། ཞིང་ཕྱུགས་ལས་རིགས་གསོ་སྐྱོང་བྱེད་པ། ཞིང་ཕྱུགས་ལས་རིགས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་བྱེད་རྒྱུར་ཡར་སྐུལ་བྱེད་པ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བྱེད་རྒྱུ་ལག་བསྟར་བྱས་ཏེ། རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་རྒྱུར་ཡར་སྐུལ་བྱེད་རྒྱུ་རེད།

ཤེས་གསལ་ལྟར་ན། ལས་གཞི་དེ་དག་ནི་རོང་འབྲོག་ས་ཁུལ་གྱི་ཉེན་ཁང་དང་ཁང་རྙིང་ཁུལ་བསྒྱུར་བཀོད་བྱེད་པ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་བྱེད་པ། ཞིང་སྡེ་ཡི་བཙོག་ཆུ་ཐག་གཅོད་བྱེད་སའི་ཚོད་ལྟ་གནས་དང་། རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་འགན་སྲུང་། ལས་ཞུགས་གསར་སྐྲུན། གཞུང་ལམ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པ། སྐབས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་གི་ཁ་གསབ། ནགས་ལས་སྐྱི་དངུལ་ཐད་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱེད་པ། སྲིད་ཇུས་རང་བཞིན་གྱི་ནགས་ལས་འགན་སྲུང་། རི་སྐྱེས་སྲོག་ཆགས་ཀྱིས་མིར་གནོད་འཚེ་བཟོས་རྗེས་རོགས་དངུལ་སྟེར་བ། ཞིང་ཕྱུགས་ལས་རིགས་ཀྱི་འགན་སྲུང་། གནམ་གཤིས་ཞབས་ཞུ། སྤྱི་པའི་འཕྲོད་བསྟེན། གློག་རྡུལ་ཚོང་དོན། སྐབས་གསར་བའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཀྱི་བྱ་དགའ་རང་བཞིན་གྱི་སྲིད་ཇུས་སོགས་འདུས་ཡོད། སྒོས་སུ་རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་དང་། སློབ་གསོའི་ཕྱོགས། ནགས་ལས་སོགས་ཐད་ལ་སྲིད་ཇུས་གསར་བ་བཏོན་ཡོད།

ཉིས་སྟོང་བཅུ་བདུན་ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་ཁྲི་དྲུག་གི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ལས་འགན་ལག་བསྟར་བྱེད་རྒྱུ་ཡིན་ལ། སྔོན་ལ་ཡིག་ཚགས་བཟོས་ནས་བྱང་བུ་ལས་སྟེ་དཀའ་ཁག་ཅན་གྱི་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་སྲུང་ལེན་བཞིན་པའི་ཁྱིམ་ཚང་། ཞིང་སྡེ་རུ་ཁ་ཐོར་དུ་བསྡད་ཡོད་པའི་གསོ་སྐྱོང་མི་སྣ་དང་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་སོགས་ལ་སྡོད་ཁང་ཡོད་པར་འགན་སྲུང་བྱེད་རྒྱུ་དང་། མུ་མཐུད་ནས་ཞིང་སྡེ་འཛུགས་སྐྲུན་བྱེད་རྒྱུར་འཆར་འགོད་བྱེད་པ་དང་། སྡོད་ཁང་འཛུགས་སྐྲུན་བྱེད་པ། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། ཞིང་སྡེའི་ཁོར་ཡུག་ལེགས་སྒྲིག་བྱེད་པ་སོགས་འདུས་པའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་སྡེ་སུམ་བརྒྱ་འཛུགས་སྐྲུན་བྱེད་རྒྱུ་རེད། ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་བཀོད་སྒྲིག་བྱས་ཏེ་ཁ་གསབ་སྟེར་རྒྱུ་ཡིན་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་གྲོང་ཁྱེར་སྲིད་གཞུང་ཁུལ་སྲིད་གཞུང་སྡོད་གནས་དང་རྫོང་མཁར་མཐའ་འཁོར་གྱི་སྡེ་བ་ལྔ་བདམས་ནས་མུ་མཐུད་དུ་རོང་འབྲོག་ས་ཁུལ་གྱི་བཙོག་ཆུ་བཅོས་སྐྱོང་གི་ཚོད་ལྟའི་གནས་སྤེལ་རྒྱུ་རེད།

རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་འགན་སྲུང་ཐད་ནས། རྒྱུན་ཆད་མེད་པར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཞང་གི་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་དང་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བ་དང་། མི་རེར་ཟླ་རེར་སྒོར་བཅོ་ལྔ་ཁ་སྣོན་བྱས་ཏེ་སྒོར་བརྒྱ་དང་ང་ལྔར་འཕར་རྒྱུ་ཡིན་ལ། གྲོང་ཁྱེར་དང་ཞང་གི་སྡོད་དམངས་ཀྱི་མ་མཐའི་སྨན་བཅོས་འགན་སྲུང་རོགས་དངུལ་གྱི་ཚད་གཞི་སྔོན་གྱི་སྒོར་དྲུག་བརྒྱ་དང་བཅུ་ཡི་རྨང་གཞིའི་སྟེང་སྒོར་བདུན་ཅུ་ཁ་སྣོན་བྱས་ཏེ་སྒོར་དྲུག་བརྒྱ་དང་བརྒྱད་ཅུར་འཕར་བར་བྱེད་པ། མུ་མཐུད་ནས་ལས་ཀའི་ཆེད་དུ་རྨས་ཕོག་པའི་འགན་སྲུང་གི་ཁྱབ་རྒྱ་ཆེར་སྐྱེད་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ལས་བཟོ་བ་དང་ནང་སྒོས་སུ་ཞིང་བ་ཞོར་ལས་པ་ཚང་མ་གཞུང་དོན་དུ་རྨས་ཕོག་པའི་འགན་སྲུང་ཁྲོད་འཇོག་པ་དང་། དུས་མཚུངས་སུ་ཟས་རིགས་དང་འདུག་སའི་ཞབས་ཞུའི་རིགས་སོགས་ཆེས་ཆུང་བའི་ཁེ་ལས་དང་ལས་ཀ་བ་གླས་ཡོད་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་ལས་ཀའི་ཆེད་དུ་རྨས་ཕོག་འགན་སྲུང་ཁྲོད་ཞུགས་པའི་བྱ་བར་ཤུགས་སྣོན་བྱེད་པ། ལས་རིགས་སུ་ཞུགས་ཡོད་པའི་མི་སྣ་འགན་སྲུང་ཁྲོད་ཞུགས་རྗེས་ངེས་པར་དུ་འགན་སྲུང་བྱེད་རྒྱུར་ཁག་ཐེག་བྱེད་པ། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ལ་འགན་སྲུད་ཁྲོད་ཞུགས་པའི་མི་སྣ་འབུམ་དྲུག་དང་ཁྲི་གཅིག་ལ་སླེབས་སུ་འཇུག་རྒྱུ་རེད། ཞིང་བ་ཞོར་ལས་པ་ལས་ཤོར་འགན་སྲུང་ཁྲོད་ཞུགས་པའི་ཁྱབ་རྒྱ་མུ་མཐུད་ནས་ཆེར་སྐྱེད་བྱེད་རྒྱུ་དང་། རྟག་དཔྱད་ཞིབ་འཇུག་བྱས་ཏེ་གྲོང་གསེབ་ཀྱི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱིས་ཞིང་པ་ཞོར་ལས་པའི་བར་གན་རྒྱ་བཞག་ཡོད་པའི་མི་སྒེར་གྱིས་ལས་ཤོར་འགན་སྲུང་གི་མ་དངུལ་སྤྲོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།

ལས་ཞུགས་གསར་སྐྲུན་ཕྱོགས་ཀྱི་སྲིད་ཇུས་ཐད་ནས། ཞིང་ཆེན་ཡོངས་ཀྱིས་ཉིས་སྟོང་བཅུ་དྲུག་ལོར་དཀའ་ཁག་ཅན་གྱི་ཁྱིམ་ཚང་གི་ངལ་རྩོལ་པ་འབུམ་ལྔ་དང་ཁྲི་བཞི་གནས་སྤོར་ལས་ཞུགས་བྱས་པ་དང་། དཀའ་ཁག་ཅན་གྱི་ས་ཁུལ་གྱི་ངལ་རྩོལ་པ་ས་ཡ་གསུམ་དང་འབུམ་བདུན་ཁྲི་གསུམ་ལ་རྩལ་ནུས་གསོ་སྐྱོང་བྱས། དབུལ་སྐྱོར་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟོང་གཅིག་བརྒྱད་དང་རེ་ལྔ་གསར་སྤེལ་བྱས་པའི་རྨང་གཞིའི་སྟེང་། དཀའ་ཁག་ཅན་གྱི་ཁྱིམ་ཚང་གི་ངལ་རྩོལ་པ་མི་འབུམ་གཉིས་ཁྲི་ལྔ་གནས་སྤོར་ལས་ཞུགས་བྱས་པ་དང་། དཀའ་ཁག་ཅན་གྱི་ས་ཁུལ་གྱི་ངལ་རྩོལ་པ་མི་འབུམ་གཉིས་དང་ཁྲི་ལྔ་རྩ་འཛུགས་བྱས་ཏེ་གསོ་སྐྱོང་བྱས། ལས་ཞུགས་དབུལ་སྐྱོར་གྱི་ཐད་ཆེད་གཉེར་སྤྱི་ཕན་རང་བཞིན་གྱི་ལས་གནས་བརྒྱད་བརྒྱ་ཉེར་གཉིས་གསར་སྤེལ་བྱས། 2016ལོ་ནས2018ལོའི་བར། ཕྱེ་འཐུག་འཐུང་སའི་ཟ་ཁང་སྟོང་གསུམ་དང་སུམ་བརྒྱ་གསར་སྣོན་བྱས་པ་དང་། ལས་སྐྲུན་དང་ལས་ཞུགས་མི་སྣ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་སྣེ་ཁྲིད་བྱས་པས། ཁེ་ལས་གཙོ་བོའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། ཡན་ལག་ཚོང་གཉེར་རྣམ་པ་ཆགས་སུ་བཅུག་པས། ཚོང་རའི་འགྲན་རྩོད་ནུས་ཤུགས་ཀྱི་སྤུས་ལེགས་མིང་གྲགས་ཐོན་རྫས་རྒྱ་ཇེ་ཆེར་དང་རིམ་པ་སྤར་བར་སྐུལ་འདེད་བྱས། རང་ཞིང་གི་ཁྱིམ་ཐོའི་སྟེང་ནས་སྒྲུབ་པའི་འཐེན་ཐུག་འཐུང་སའི་ཟ་ཁང་འབུམ་གསུམ་དང་ཁྲི་གཉིས་ལ་སླེབས་ཡོད་པ་དང་། ལས་ཞུགས་མི་སྣ་འབུམ་གཉིས་ཡན་ལ་སླེབས་ཡོད་ལ། འཐེན་ཐུག་དཔལ་འབྱོར་དང་འབྲེལ་ཡོད་ཐོན་ལས་ཐད་ཀྱི་ཡོང་སྒོར་སྒོར་དུང་ཕྱུར་ཉིས་བརྒྱའི་ཡན་ལ་སླེབས་ཡོད།
 

ལོ་ཙཱ་བ། ཚེ་མགོན་རྒྱལ།