ཏུའུ་ལན་རྫོང་གིས་ཕྱོགས་བཞི་ཡི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པ།
2017.02.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

ཏུའུ་ལན་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་ཡིན་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ལ་ཤུགས་བརྒྱབ་པ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་དམ་འཛིན་བྱས་ཏེ། ཕྱོགས་བཞིའི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན།

སྐྱེ་ཁམས་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། ནགས་ལས་སྐྱེ་ཁམས་ལས་གཞིའི་འགན་ལེན་བྱ་བ་ཡག་པོ་བསྒྲུབ་པ་དང་། ནགས་ལས་སྐྱེ་ཁམས་བཟོ་འགོད་དང་ལས་གཞི་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་པར་འགན་སྲུང་བྱས། རྩྭ་ཐང་དང་ནགས་ཚལ། འཐུང་ཆུའི་ཐོན་ཁུངས། ཚྭ་མེད་མཚེའུ། དེ་མིན་ཉེ་འགྲམ་གྱི་འདམ་གཞོང་བཅས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས། ནགས་རྩྭའི་སྔོ་ཁེབས་ཚད་དང་ཆུ་མགོའི་སྲུང་སྐྱོབ་ནུས་པ་མཐོ་རུ་བཏང་། 2016ལོར། ས་མུའུ་ཁྲི་ལྔ་ལ་རི་བཀག་ནགས་གསོ་བྱས་པ་དང་ནགས་ཚལ་ས་མུའུ་སྟོང་དྲུག་བརྒྱ་དང་དོན་ལྔ་ལ་གསོ་སྐྱོང་བྱས། ས་མུའུ་ཁྲི་གཉིས་ལ་འཕང་འབྲས་བཏབ་པ་དང་། ས་མུའུ་སྟོང་གསུམ་ལ་བྱེ་འགོག་ནགས་ཚལ་འདེབས་འཛུགས་བྱས། དེ་མིན། ས་མུའུ་ས་ཡ་གསུམ་དང་འབུམ་དགུ་ཁྲི་གསུམ་སྟོང་ལྔ་ལྷག་ལ་རྒྱལ་ཁབ་གཙོ་གནད་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོབ་ལས་འགན་ལག་བསྟར་བྱས་ཏེ་ཡོངས་འགྲུབ་བྱས། ཨ་ལ་ཁེ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། གཞི་རྩའི་ཞིང་ཁའི་སྲུང་སྐྱོབ་རྒྱ་ཁྱོན་གྱིས་སྤྱི་ཆིང་ཁྲི་གཅིག་དང་སྟོང་བདུན་ཙམ་ཟིན། རྩྭ་ས་མུའུ་ས་ཡ་བརྒྱད་དང་འབུམ་དགུ་ཁྲི་གཉིས་ལྷག་ལ་ཕྱུགས་བཀག་པ་དང་། རྩྭ་ས་དང་ཕྱུགས་ཟོག་དོ་མཉམ་གྱི་ས་མུའུ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གསུམ་ཁྲི་དགུ་བཅས་ལེགས་འགྲུབ་བྱས། རྩྭ་སའི་ཁ་གསབ་རོགས་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་གསུམ་འབུམ་བདུན་ཁྲི་གཅིག་ལྷག་མར་བྱིན་ལ་སྟེར་ཚད་བརྒྱ་ཆའི་བརྒྱ་རུ་སླེབས།

ནུས་ཁུངས་གྲོན་ཆུང་གི་བྱ་བ་དམ་འཛིན་བྱས་པ། ཆུའི་ཐོན་ཁུངས་དང་རྩྭ་ཐང་། ནགས་ཚལ་སོགས་སྐྱེ་ཁམས་ཁ་གསབ་དང་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་དཔྱད་འཇོག་ལམ་སྲོལ་བཙུགས་པ་དང་། འགན་འཁྲིའི་བདའ་འདེད་ལ་ཤུགས་བསྣན་ནས་བཟོ་ལས་དང་ཁེ་ལས་ཀྱི་བཙོག་བཟོ་དང་། རྡོ་སོལ་གློག་སྒྱུར། འཚོ་བའི་བཙོག་ཆུ་སོགས་ལ་གཅིག་བསྡུས་སྒོས་གཙང་སེལ་བྱེད་པ། བཟོ་ལས་ཀྱི་བཙོག་ཆུའི་ཐག་གཅོད་དང་གད་སྙིགས་གཙང་སེལ་བྱེད་པའི་གནས་ཀྱི་འཛུགས་སྐྲུན་དང་འཁོར་སྐྱོད་ཀྱི་གོམ་སྟབས་ལ་ཤུགས་རྒྱག་པ། བཙོག་བཟོ་ཉུང་གཏོང་གི་ཕན་འབྲས་འདོན་སྤེལ་བྱེད་པ། ལས་གཞིའི་སྔོན་འགྲོའི་ཆ་རྐྱེན་གཟབ་ནན་སྒོས་གཏན་འཁེལ་བྱེད་པ། སྡེ་ཚན་ཐོན་རྫས་ཀྱི་ཐོན་ཚད་དམའ་རུ་བཏང་བ། གཙོ་གནད་ཁེ་ལས་དང་གླིང་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་གི་གོམ་སྟབས་མགྱོགས་སུ་བཏང་བ། གན་རྒྱའི་ནུས་ཁུངས་དོ་དམ་གྱི་རྣམ་པ་གསར་བ་ཁྱབ་བརྡལ་བྱས་ཏེ། ནུས་ཁུངས་གྲོན་ཆུང་གི་དམིགས་ཚད་དོ་དམ་རྒྱུན་ལྡན་ཅན་དང་ཚན་རིག་ཅན། ལམ་ལུགས་ཅན་དུ་འགན་སྲུང་བྱས། 2016ལོར། མེ་ཏོག་ལྡུམ་རའི་རྣམ་པའི་གཏེར་རི་ཧུར་ཐག་གིས་བཏོད་པ་དང་། རྡོ་སོལ་ཁྲོ་ཐབ་ཆུང་གྲས་དག་འདོར་བ། ཁེ་ལས་ཀྱི་རྡོ་སོལ་གློག་སྒྱུར་དང་། གཏེར་སྙིགས་སྤུངས་གསོག འཚོ་བའི་བཙོག་ཆུ་བཅས་གཞི་གཅིག་ཅན་གྱི་ཐག་གཅོད་སྒྲིག་བཀོད་སོགས་ཁེ་ལས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ལས་གཞི་ལག་བསྟར་བྱས། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་རྒྱུ་ཟད་གྲོན་དང་དབྱང་གཉིས་ཐན་འགྱུར་འབུད་ཚད་སོ་སོ་བཞིན་བརྒྱ་ཆའི་བཞི་དང་གྲངས་ཆུང་ཐིག་ལྔ་ལ་མར་ཆགས།

གྲོང་ཁྱེར་དང་གྲོང་སྡེའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་པ། རྫོང་ཡོངས་ལ་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་མ་ལག་ཁེབས་པར་བྱས་པ། རྨོ་ཞིང་དང་འཐུང་ཆུའི་ཆུ་མགོ་ལ་སྐུལ་འདེད་བྱེད་པ་གཙོར་བཟུང་སྟེ། ས་ཞིང་གཞན་དག་བེད་སྤྱོད་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པ། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ། ཞིང་ལས་ཕྱི་ཁུངས་སྦགས་བཙོག་འགོག་བཅོས་བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་མཐོར་འདེགས་བྱས་ཏེ། ཁྱིམ་གཞི་མཛེས་བཟོ་ལས་འགུལ་དང་ཆུ་གཙང་གནམ་ངོ་དྭངས་བའི་ལས་འགུལ་སྤེལ་བར་སྐུལ་སྤེལ་བྱས་ནས། གྲོང་ཁྱེར་དང་གྲོང་སྡེའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་བསྣན། གྲོང་ཁྱེར་དང་ཞིང་སྡེའི་འཚོ་བའི་བཙོག་ཆུ་དང་འཚོ་བའི་གད་སྙིགས་ཀྱི་ཐག་གཅོད་མ་ལག་འཐུས་སྒོ་ཚང་བར་བྱས་ཏེ། ཆུ་དྭངས་ཀློང་ཡངས་ཀྱི་མཛེས་པའི་ཏུའུ་ལན་འཛུགས་སྐྲུན་བྱས། 2016ལོར། ཞང་དང་གྲོང་བརྡལ་བཞི་དང་སྲིད་འཛིན་སྡེ་བ་བདུན་གྱི་ཞིང་སྡེའི་ཁོར་ཡུག་འབྲེལ་མཐུད་བཅོས་སྒྲིག་རྣམ་གྲངས་དང་དབུལ་ཕོངས་སྡེ་བ་ལྔ་ལྗང་འགྱུར་མཛེས་བཟོ་ལེགས་འགྲུབ་བྱས། ཞང་དང་གྲོང་བརྡལ་གྱི་འཚོ་བའི་གད་སྙིགས་ཀྱི་གནོད་མེད་ཅན་གྱི་གཙང་སེལ་ཚད་བརྒྱ་ཆའི་དགུ་བཅུ་ལ་སླེབས། ཞ་སུའུ་མཚེའུའི་ཆུ་དཔྱད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལས་གཞི་དང་ཏུའུ་ལན་བཙོག་ཆུའི་གཙང་སེལ་བཟོ་གྲྭ་དང་ཆ་སྒྲིག་དོ་དམ་དྲ་བའི་ལས་གཞི་སོགས་ལེགས་འགྲུབ་བྱས།

སྐྱེ་ཁམས་ཁོར་ཡུག་གནད་དོན་བཅོས་སྐྱོང་བྱེད་པ་དོན་འཁྱོལ་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་འཁྲི་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་འགན་འཁྲི་ཏན་ཏིག་སྒོས་ཡག་པོ་སྒྲུབ་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཆེད་དོན་ཚོགས་འདུ་དང་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་འདུ་བསྡུས། ཞིང་ཆེན་ལྟ་ཞིབ་ཚོགས་ཆུང་གིས་བཏོན་པའི་གནད་དོན་ཀྱི་བཅོས་སྐྱོང་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས་ཏེ། བཅོས་སྐྱོང་ཐབས་ལམ་རེ་རེ་བཞིན་གཏན་འབེབས་བྱེད་པ་དང་། བཅོས་སྐྱོང་འགན་འཁུར་བ་དང་དུས་བཅད་ཁ་གསལ་བཟོས། 2016ལོར། ཁོར་ཡུག་སྲུང་སྐྱོབ་ཕྱོགས་བསྡུས་ལྟ་ཞིབ་ཀྱི་བཏོན་པའི་གནད་དོན་གསུམ་དང་། ཡུན་རིང་འགོར་འགྱངས་བྱས་པའི་ལས་གཞི་གྱ་བདུན་གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་འགལ་ལས་གཞིའི་དབྱེ་ཕྲལ་དང་། གཙང་བཤེར་ལེགས་འགྲུབ་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་བཤེར་ཆེན་པོ་ཁག་བཅུ་གཅིག་གི་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་གནད་དོན་མེད་པར་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།