ལང་ཚོའི་སྐྱེ་སྟོབས་ཀྱི་བཀྲག་མདངས་མངོན་ཞིང་། རིག་པའི་སྦྱང་སྟོབས་ཀྱི་ཤེས་བརྩོན་བརྟན་པའི་མཐོ་འབྲིང་གི་སློབ་གྲོགས་དག་ལ་མཚོན་ན། དུས་རབས་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་རང་ཉིད་ཀྱི་འདུན་མ་སོགས་ཀྱི་དབང་གིས། སློབ་གླིང་གི་འཚོ་བའི་ཕྱི་ནང་ཐམས་ཅད་སློབ་སྦྱོང་དང་རྒྱུགས་གཞི་ཁོ་ནས་འགེངས་པར་བྱས་ཡོད་པ་རེད། ཐ་ན་ཉལ་བའི་རྨི་ལམ་ཡང་འདྲི་གཞི་གྱོང་པོའི་མདུད་པ་མ་འཁྲོལ་བའི་སེམས་ངལ་གྱིས་དཀྲུགས་པར་བྱས་པ་ལྟ་བུའི་ཁུར་ཤིན་ཏུ་ལྕི་བར་དམིགས་ཏེ། མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་སློབ་མ་ཚོའི་སློབ་སྦྱོང་གི་གནོན་ཤུགས་ཇེ་ཡང་དུ་བཏང་ཏེ་རང་ཉིད་ཀྱི་ཁོར་ཡུག་ལ་ཕྱོགས་པའི་སྒོ་མོ་ནས་མིག་ཡེངས་མནོ་བསམ་བགྱི་བར་ལམ་སྣ་ཞིག་འདྲེན་ཆེད། རང་ཉིད་དང་ཉེ་འཁོར་གྱི་མིའི་བར་དང་། རང་ཉིད་དང་རང་བྱུང་ཁམས་ཀྱི་བར། རང་ཉིད་དང་རང་སེམས་ཀྱི་བར་བཅས་ལ་གླེང་མོལ་ཕྲན་ཙམ་བགྱི་བའི་གོ་སྐབས་ཤིག་སྤྲད་པ་དང་། ཁོ་ཚོས་རང་གི་ཁོར་ཡུག་དང་སྤྱི་ཚོགས། རང་ཉིད་དམ་རང་སེམས་བཅས་ལ་ངོས་ཟིན་རྣལ་མ་ཞིག་འདྲོང་ཐུབ་ན་སྙམ་པའི་དགོས་མཁོར་དམིགས་ཏེ། ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་དེ་སྤེལ་བ་རེད།
ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་འདི་ནི2016ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན་ནས2016ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཏེ། བསྡོམས་པས་དུས་ཡུན་ཟླ་ངོ་དགུ་ཙམ་གྱི་རིང་ལ་ཕྱོགས་སོ་སོའི་མཐོ་འབྲིང་སློབ་མ་དག་གི་རྩོམ་ཡིག་བསྡུས་པ་དང་། དེ་ལས་ལེགས་ཤོས་དག་ཚགས་པར་གྱི་ངོས་སུ་བཀོད་པ་ཡིན། དེ་ཡང་ཐོག་མར་བརྙན་འཕྲིན་དང་རྒྱང་སྒྲོག དྲ་བ་དང་ཡིག་ཐོག་སོགས་ནས་རྩོམ་བསྡུའི་བརྡ་སྦྱོར་སྤེལ་བར་མ་ཟད། ཆེད་མངགས་རྩོམ་སྒྲིག་པ་ཞིང་ཆེན་ནང་ཁུལ་གྱི་སློབ་འབྲིང་མང་པོར་སོང་ནས་ཡུལ་དངོས་ནས་རྩོམ་སྐུལ་ཡང་བྱས་པས། སློབ་གྲྭ་ལ་ལས་ནི་བྱ་འགུལ་འདི་ལ་མཐོང་ཆེན་བྱས་ཏེ། བསྟུད་མར་སློབ་མའི་རྩོམ་ཡིག་མང་པོ་རྩོམ་སྒྲིག་ཁང་དུ་བསྐུར་བྱུང་ལ། སློབ་གྲྭ་ལ་ལས་ནི་དོ་སྣང་ཅི་ཡང་མི་བྱེད་ལ། སློབ་མའི་རྩོམ་ཡིག་གཅིག་ཀྱང་བསྐུར་མ་བྱུང་བའི་གནས་ཚུལ་འདུག གཞན་ཡང་། རྩོམ་བསྡུའི་དུས་བཅད་ཡོལ་རྗེས་སུ་ད་གཟོད་ལང་ལོང་གིས་རྩོམ་ཡིག་བསྐུར་བ་དང་འབྲེལ་བ་བྱེད་མཁན་གྱི་སློབ་མའང་མི་ཉུང་བ་མཆིས། གང་ལྟར་རྩོམ་བསྡུའི་དུས་བཅད་དེའི་ནང་དུ་རྩོམ་སྒྲིག་ཁང་ལ་ཁྱོན་བསྡོམས་བོད་ལྗོངས་དང་སི་ཁྲོན། ཀན་ལྷོ། མཚོ་སྔོན་གྱི་ས་ཁུལ་སོ་སོ་དང་ནང་ལོག་གི་མཐོ་འབྲིང་འཛིན་གྲྭ་ཁག་ནས་བསྐུར་བའི་རྩོམ་ཡིག་བདུན་ཅུ་ལྷག་འབྱོར་བ་དང་། དེ་དག་ཀྱང་རེ་རེ་བཞིན་རྩོམ་སྒྲིག་པས་ནན་ཏན་གྱིས་ཞིབ་ཀློག་བྱས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་བཅས་བརྒྱུད་དེ་ཚགས་པར་དུ་བཀོད་པ་དང་། དེ་ལས་བརྗོད་བྱ་དང་རྗོད་བྱེད་ཀྱི་ངོས་ཐད་ནས་ཐེངས་འདིའི་བྱ་འགུལ་གྱི་བླང་བྱ་དང་མི་མཐུན་པའམ་ཡང་ན་རྩོམ་པ་པོས་མུ་མཐུད་དུ་བརྗོད་བྱ་དང་རྗོད་བྱེད་གཉིས་ཐད་ནས་ཇེ་ལེགས་སུ་གཏང་ཐུབ་ངེས་སྙམ་པའི་རྩོམ་ཡིག་རྣམས། རྩོམ་སྒྲིག་པས་ནུས་ཚོད་ཀྱི་བསམ་ཚུལ་ཕྲན་བུ་རེ་བཏོན་ཅིང་། ཁོ་ཚོའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་འབྱུང་བར་ཕན་ཅུང་ཙམ་ཨེ་ཐོགས་སྙམ་པའི་ཀུན་སློང་གཙང་མས་ཁོ་ཚོར་ཕྱིར་བསྐུར་ནས་བཟོ་བཅོས་རྒྱག་པའི་རེ་བའང་ཞུས་པ་རེད།
ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ནི་མཐོ་འབྲིང་སློབ་མ་དག་ལ་དམིགས་པ་ཡིན་པས། འགྲན་ཞུགས་པ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་དག་སྤྱིའི་ཆ་ནས་དགའ་སྐྱོ་ཆགས་སྡང་གི་ཡིད་ཀྱི་ཉམས་འགྱུར་མངོན་པར་གསལ་བ་དང་། ལེགས་ཉེས་དགེ་སྐྱོན་གྱི་ལྟ་ཚུལ་འཛིན་སྟངས་ལ་རྙོག་དྲ་མེད་པར་སྣ་གཅིག་ཏུ་སོང་བའམ་ཡང་ན་ཤིན་ཏུ་དྭངས་ཤིང་གཙང་བ། རྩོམ་གྱི་སྒྲིག་གཞི་བཀོད་སྟངས་གོ་རིམ་ཅན་དང་གཏན་ཆགས་ཅན་དུ་བྱས་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ལས་གཞན། དེ་ལས་འགོངས་པའི་སྒོ་ནས་འཚོ་བའི་ནང་གི་དོན་དག་ཕྲན་ཚེགས་ཏེ་མི་རྣམས་ཀྱིས་རྒྱུན་པར་ལས་བཞིན་པ་དང་བརྒྱུད་མྱོང་ཡང་སྤྱིར་བཏང་མཉམ་མི་འཇོག་པ་དེ་འདྲ་བརྗོད་བྱར་བཀོད་པ་དང་། རྩོམ་གྱི་བརྗོད་བྱ་དང་སྐད་ཆ་སྤྲོ་མཚར་ཅན་དུ་ཕྱོགས་པ་ཡང་འདུག་པ་སོགས་ཀྱིས་ཐེངས་འདིའི་འགྲན་རྩོམ་གྱི་ནང་དོན་ཅུང་ཟད་ཕུན་སུམ་ཚོགས་པ་ཞིག་ཏུ་ཐོན་འདུག དེ་ལས་ཐེངས་འདིའི་ཚགས་པར་གྱི་སྟེང་དུ་བཀོད་པའམ་ཡང་ན་མཐའ་མའི་དཔྱད་འདེམ་གྱི་ནང་དུ་ཚུད་པའི་རྩོམ་ཡིག་སོ་དྲུག་ཙམ་ཡོད་པ་དང་། དེའི་ཁྲོད་གཞན་རྩོམ་ལ་ལད་ཟློས་བྱས་པ་ཚད་ལས་འདས་པའི་རྩོམ་ཡང་རེ་གཉིས་འབྱོར་འདུག་པ་རྩོམ་སྒྲིག་པ་དག་གིས་རྗེས་ནས་ཤེས་པས། རྗེས་ཕྱོགས་སྣང་ཚུལ་དེ་འདྲ་འབྱུང་བ་ལ་སྔོན་འགོག་བྱ་ཆེད། འགྲན་ཞུགས་པའི་རྩོམ་ཡིག་དཔྱད་འདེམ་གྱི་མིང་ཐོ་ལས་ཕུད་པ་རེད། རྩོམ་བསྡུའི་དུས་བཅད་རྫོགས་རྗེས། དཔྱད་འདེམ་གྱི་ལས་ཀ་དྲང་བདེན་འདྲ་མཉམ་ཞིག་ཡོང་ཆེད། རྩོམ་སྒྲིག་པ་དག་གིས་གྲོས་མོལ་ལྟར་སྤྱི་ཚོགས་སྟེང་གི་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་བཅས་མི་ལྔ་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང«བོད་ཀྱི་དམངས་སྲོལ་རིག་གནས»རྩོམ་སྒྲིག་ཁང་གི་ཚེ་རྒྱལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གི་བཀྲ་ཤིས་དོན་གྲུབ། མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་འགྱུར་མེད་རྡོ་རྗེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང«སྦྲང་ཆར»རྩོམ་སྒྲིག་ཁང་གི་ཆོས་སྐྱོང་བཅས་གདན་ཞུ་བྱས་ཏེ་དཔྱད་འདེམ་ཚན་ཆུང་ཞིག་ཆེད་དུ་བཙུགས་ཐོག ཚགས་པར་སྟེང་བཀོད་ཟིན་པའམ་དཔྱད་འདེམ་ནང་ཚུད་པའི་རྩོམ་ཡིག་རྣམས་ལ་དཔྱད་འདེམ་པ་དག་གིས་རང་རང་སོ་སོ་ནས་ཟླ་གཅིག་དང་ཕྱེད་ཀའི་རིང་ལ་ཞིབ་ཀློག་བྱས་པ་རེད།
ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་དཔྱད་འདེམ་ནི་འཚོ་བའི་བདེན་པ་དང་བསམ་བློའི་བཀོད་པ། སྒྱུ་རྩལ་གྱི་རིན་ཐང་བཅས་འོས་འཚམ་གྱི་ཚད་གཞིར་བཟུང་ཞིང་། འདྲ་མཉམ་དང་དྲང་བདེན་གཙོ་བོར་འཛིན་པའི་བླང་བྱ་ལྟར། 2017ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་དཔྱད་འདེམ་པ་རྣམས་གནས་གཅིག་ཏུ་ཚོགས་ནས་འདེམ་ཤོག་འཕངས་ཤིང་། རང་རང་གི་དཔྱད་འདེམ་གོ་རིམ་ཁྲོད་འགྲན་ཞུགས་རྩོམ་ཡིག་དག་ལ་བལྟས་པའི་མྱོང་ཚོར་དང་སྦྲགས་ནས་དཔྱད་བསྡུར་བྱས་པ་དང་། མཇུག་མཐར་དཔྱད་འདེམ་ཚན་ཆུང་གིས་རྩོམ་ཡིག་འགྲན་སྡུར་གྱི་ཐོག་མའི་བླང་བྱ་ལྟར་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། གཞན་ཡང་རྟིང་སྐུལ་བྱ་དགའ་ལྔ་བཅས་བདམས་ཐོན་བྱུང་། དེ་དག་ལས་ཐུན་རིན་རྫོང་མི་རིགས་སློབ་འབྲིང་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་གྲོགས་སྙིང་མོ་དཔའ་ཡི་རྩོམ་ཡིག«ཁ་ཆར་དང་བུ་ཡུག་ཁྲོད་ཀྱི་ལང་ཚོའི་མེ་ཏོག»ཅེས་པ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་གསུམ་པའི་སློབ་གྲོགས་སྐལ་བཟང་གཡང་སྒྲོན་གྱི་རྩོམ་ཡིག«འབྲོང་མདའ་ལ་སོང་བའི་མྱོང་ཚོར»ཞེས་པ་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གསུམ་འཛིན་གྲྭ་གཉིས་པའི་སློབ་གྲོགས་ཚེ་བརྟན་བཀྲ་ཤིས་ཀྱི་རྩོམ་ཡིག«ཐབ་ཚང་ནང་གི་སྐད་ཆ»ཞེས་པ་གཉིས་ལ་སོ་སོར་བྱ་དགའ་ཨང་གཉིས་པ་ཐོབ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་གྲོགས་བསོད་ནམས་རྒྱལ་མཚན་གྱི་རྩོམ་ཡིག«ཕ་ཡུལ་བཀླགས་པ»དང་། ལྷ་ས་སློབ་འབྲིང་གི2018ལོའི་འཛིན་གྲྭ་བདུན་པའི་སློབ་གྲོགས་བསོད་ནམས་ལེགས་བཤད་ཀྱི་རྩོམ་ཡིག«གཉན་པོ་གསང་བ»། ཡུས་ཧྲུའུ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཉིས་འཛིན་གྲྭ་གསུམ་པའི་སློབ་གྲོགས་རྒྱལ་མཚན་ནོར་བུའི་རྩོམ་ཡིག«འདས་དོན་ཞིག»བཅས་ལ་སོ་སོར་བྱ་དགའ་ཨང་གསུམ་པ་ཐོབ། དེ་མིན་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ལིན་ཧུའུ་མཐོ་འབྲིང་གི་མཐོ་གཉིས་འཛིན་གྲྭ་བཅུ་པའི་སློབ་གྲོགས་རིག་ཤེར་གྱི་རྩོམ་ཡིག«རལ་བ»དང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་མཐོ་གཅིག་འཛིན་གྲྭ་བཞི་པའི་སློབ་གྲོགས་འཇིགས་བྱེད་སྐྱབས་ཀྱི་རྩོམ་ཡིག«འབྲོག་ཁྱི་ཞིག་གི་ལས་དབང»། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་གྲོགས་ཨོ་རྒྱན་ཚེ་རིང་གི་རྩོམ་ཡིག«རླབས་ཆེ་བའི་བརྩེ་བ»། ནག་ཆུ་ས་གནས་མི་རིགས་མཐོ་འབྲིང་གི་མཐོ་གསུམ་འཛིན་གྲྭ་བཅུ་གསུམ་པའི་སློབ་གྲོགས་བསོད་ནམས་དར་རྒྱས་ཀྱི་རྩོམ་ཡིག«ཐེམ་སྐས་གཉིས་པ»། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་གཅིག་འཛིན་གྲྭ་བཅུ་གཅིག་པའི་སློབ་གྲོགས་ཁྲི་ཟླ་གཞོན་གྱི་རྩོམ་ཡིག«སློབ་གླིང་གསར་པར་ཞུགས་པའི་མྱོང་ཚོར་དང་བློ་བསྐྱེད»བཅས་ལྔ་ལ་སོ་སོར་རྟིང་སྐུལ་བྱ་དགའ་ཐོབ།
དཔྱད་འདེམ་གནང་སྐབས་དཔྱད་འདེམ་ཚན་ཆུང་གི་ཚན་གཙོ་ཆོས་སྐྱོང་གིས་ཐེངས་འདིའི་འགྲན་ཞུགས་རྩོམ་ཡིག་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། བྱ་འགུལ་འདིས་བོད་ཀྱི་མ་འོངས་པའི་རྩོམ་པ་པོ་སྐྱེད་སྲིང་དང་མཐོ་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་མཐོར་འདེགས་གཏོང་བ་ལ་དགེ་མཚན་མི་དམན་པ་ཐོན་ངེས་ཡིན་པ་དང་། ཕྱིས་སུ་ཡང་བྱ་འགུལ་འདི་འདྲ་མུ་མཐུད་དུ་སྤེལ་ཐུབ་ན་དགེ་མཚན་ཆེ་བར་བཤད། དཔྱད་འདེམ་པ་གཞན་དག་གིས་ཀྱང་དེར་མཐུན་གྱི་བསམ་ཚུལ་བཏོན། ཐེངས་འདིའི་བྱ་དགའ་ཐོབ་མཁན་ཨང་དང་པོར་སྒོར་སྟོང་གཉིས་དང་། ཨང་གཉིས་པར་སོ་སོར་སྒོར་སྟོང་གཅིག་ལྔ་བརྒྱ། ཨང་གསུམ་པར་སོ་སོར་སྒོར་སྟོང་གཅིག རྟིང་སྐུལ་བྱ་དགའ་ལ་སོ་སོར་སྒོར་ལྔ་བརྒྱ་རེ་དང་། གཞན་ཡང་བྱ་དགའ་ཐོབ་མཁན་ཡོངས་དང་མཛུབ་སྟོན་དགེ་རྒན་རྣམས་ལ་བྱ་དགའི་དཔང་ཡིག་འབུལ་བར་གཏན་འཁེལ་བྱས་པ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།