ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུས་མི་རིགས་མང་པོའི་ལོ་རྒྱུས་ཀྱི་རྨང་གཞི་དང་རིག་གནས་ཀྱི་འབྱུང་ཁུངས། དངོས་ཡོད་ཀྱི་དོན་སྙིང་བཅས་གཞིར་བཟུང་ཏེ། ཧུར་ཐག་གིས་ཏང་གི་མི་རིགས་རིགས་གཞུང་དང་མི་རིགས་སྲིད་ཇུས། ཀྲུང་དབྱང་གི་བོད་ཁུལ་བཅོས་སྐྱོང་གི་བྱེད་ཐབས་གསར་བ་བཅས་ལག་བསྟར་བྱས་པས། མཚོ་སྔོན་བོད་ཁུལ་གྱི་བྱ་གཞག་ཡོངས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་།
ཟླ3ཚེས9ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧར་སྦྱིན་སྡེ་བའི་སྡེ་མི་དབང་ཆེན་གྱིས་ད་ལོར་རང་ཁྱིམ་གྱི་ཡོང་སྒོ་འཕར་སྣོན་འབྱུང་བའི་ཆེད་དུ། ཞོགས་པའི་ཉི་གཞོན་དང་འགྲོགས་ཏེ་རང་ཚང་གི་རྩྭ་རའི་ནང་། མ་མོར་གཟན་རྩྭ་སྟེར་བ་དང་ལུ་གུར་འཚོ་བཅུད་ཁ་གསབ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད། ཁྱད་ལྡན་གསོ་སྤེལ་དང་མཉམ་སྦྲེལ་དྲ་བ་བརྒྱུད། ད་སྐབས་དབང་ཆེན་ཚང་དང་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ལོ་རེ་ལས་ལོ་རེ་ཇེ་མང་ཡིན་པ་དང་། འཚོ་བའང་ལོ་རེ་ལས་ལོ་རེར་ཇེ་བཟང་ཇེ་སྐྱིད་ཡིན་པས། མི་རབས་ནས་མི་རབས་བར་མཐོ་སྒང་དུ་འཚོ་བ་རོལ་གྱིན་པའི་བོད་པ་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
འདི་ནི་མཚོ་སྔོན་བོད་ཁུལ་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བའི་དཔེ་མཚོན་ཞིག་རེད། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱང་གལ་ཆེན་ལག་ལེན་དངོས་འབེབས་དང་། བརྟན་བརླིང་ངང་འཕེལ་རྒྱས་ཀྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མིག་སྔར་ཕན་པ་དང་མ་འོངས་པར་ཕྱོགས་པའི་ནུས་ཡོད་བྱེད་ཐབས་སྐོར་ཞིག་འགྲེམ་སྤེལ་ལག་བསྟར་བྱས། ཧུར་ཐག་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། བོད་ཁུལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན།
ལས་གཞི་ཆེན་པོས་བོད་ཁུལ་གྱི་འཕེལ་རྒྱས་ལ་རམ་འདེགས་བྱས། ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱིས་བོད་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་ཀྱི་སྒོ་མོ་ཕྱེས།
ལན་ཀྲིག་ནས་ཞིན་ཅང་བར་གྱི་ལྕགས་ལམ་གྱི་སྐུད་ལམ་གཉིས་པ་བཀོལ་སྤྱོད་དང་། དུས་ཡུན་ལོ་བདུན་ལ་འཛུགས་སྐྲུན་བྱས་པའི་བཀའ་འགྱུར་ཕུག་ལམ་ལེགས་འགྲུབ་བྱུང་བ། ཡུས་ཧྲུའུ་གནམ་གྲུ་ཐང་དང་གཏེར་ལ་ཁ་གནམ་གྲུ་ཐང་། དཔའ་ཐུའུ་གུག་གནམ་གྲུ་ཐང་བཅས་ལེགས་གྲུབ་བྱུང་ནས་བཀོལ་སྤྱོད་བྱས་པ་དེ་དག་ལས། བོད་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་པ་ཤེས་ཐུབ།
ཟི་ལིང་ནས་གཏེར་ལེན་ཁ་བར་གྱི་མེ་འཁོར་ཟླ་གཉིས་པར་ཤར་གཏོང་བྱས་རྗེས། ཉིན་རེར་ཟི་ལིང་ནས་གཏེར་ལེན་ཁའི་བར་ལ་མེ་འཁོར་ཐེངས་རེ་ཡོད་པས། སྟབས་ཧ་ཅང་བདེ་ཞེས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྡོད་དམངས་ཀྲང་ལིན་གྱིས་དེ་ལྟར་བཤད་བྱུང་།
མགོ་ལོག་ཏུ་བྱ་བ་ལས་བཞིན་པའི་ཕུན་ཚོགས་ཀྱིས་ད་ལོར་ཟི་ལིང་ནས་ཁང་བ་ཞིག་ཉོས། སྔོན་ཆད་ཟི་ལིང་ནས་ཁང་བ་ཞིག་ཉོ་འདོད་ནའང་ལམ་ཐག་རིང་བར་སྐྲག་ནས་ཉོ་མ་ཐུབ། ན་ནིང་མགོ་ལོག་གནམ་གྲུ་ཐང་བཀོལ་སྤྱོད་བྱས་རྗེས། དུས་ཚོད་གཅིག་ལྷག་གི་ནང་མགོ་ལོག་ནས་ཟི་ལིང་ལ་ཐོན་ཐུབ་ལ་དེའི་ཁར་གནམ་གྲུའི་པ་སེའི་རིན་གོང་ཡང་སླ་བས། ཟི་ལིང་ནས་ཁང་བ་ཞིག་ཉོ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་ཕུན་ཚོགས་ཀྱིས་དེ་ལྟར་བཤད་བྱུང་།
ད་སྐབས། མགོ་ལོག་གནམ་གྲུ་ཐང་དངོས་སུ་བཀོལ་སྤྱོད་བྱས་ཤིང་། ཆི་ལེན་གནམ་གྲུ་ཐང་དང་ན་གོར་མོ་གནམ་གྲུ་ཐང་གི་བསྐྱར་སྐྲུན་དང་རྒྱས་སྐྲུན་བཟོ་སྐྲུན་ཁྱོན་ཡོངས་ནས་མགོ་བརྩམས་ཡོད། ཚྭ་ཁ་ནས་གོར་མོ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གཞུང་ལམ་གཙོ་བོའི་ལས་གཞི་དགུ་ལས་གྲུབ་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་བདུན་འཛུགས་སྐྲུན་བྱས། མཚོ་སྔོན་གྱི་གཞུང་ལམ་དང་ལྕགས་ལམ། མཁར་འགྲུལ་བཅས་ཀྱི་དྲ་བ་འཛུགས་སྐྲུན་བྱས་པ་དེས། བོད་ཁུལ་སྡོད་དམངས་ཀྱི་འགྲོ་འདུག་ལ་སྟབས་བདེ་ལེགས་པོ་བསྐྲུན་པར་མ་ཟད། བོད་ཁུལ་ལ་འཕེལ་རྒྱས་མགྱོགས་པོ་འབྱུང་བར་ཡང་ཆ་རྐྱེན་ལེགས་པོ་བསྐྲུན། མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་བཤད་པ་ནང་བཞིན། མགོ་ལོག་གནམ་གྲུ་ཐང་ལས་གྲུབ་ནས་བཀོལ་སྤྱོད་བྱས་པ་དེས། མགོ་ཁུལ་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཐད་ལ་ཤུགས་སྣོན་ཆེན་པོ་བྱེད་ཐུབ་པར་མ་ཟད། ནུས་ཡོད་སྒོས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཆེན་པོ་བྱེད་ཐུབ་ངེས་རེད།
མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་བོད་ཁུལ་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཕྱོགས་ཡོངས་ནས་བོད་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱས། དེ་ཡང་སློབ་གསོའི་ཕྱོགས་སུ། བོད་ཁུལ་གྱི་ཁུལ་དྲུག་གི་སློབ་མ་ཡོངས་ལ་ལོ་བཅོ་ལྔའི་རིང་རིན་མེད་སློབ་གསོ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཤིང་། ཁུལ་སོ་སོ་ནས་འབྲིང་རིམ་ལས་རིགས་སློབ་གྲྭ་གཅིག་རེ་བཙུགས། སློབ་སྔོན་སློབ་གསོའི་སྐད་གཉིས་བྱིས་བཅོལ་ཁང་དང་སློབ་གསོའི་རྨང་གཞི་ཞན་པའི་རྫོང་གི་མཐོ་འབྲིང་དཀྱུས་མ་འཛུགས་སྐྲུན། འབྲིང་རིམ་ལས་རིགས་སློབ་གསོ། དགེ་རྒན་གྱི་ཉལ་ཁང་སོགས་ལས་གཞི་རེ་བཞི་འཛུགས་སྐྲུན་བྱས།
འཕྲོད་བསྟེན་ཕྱོགས་སུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་དང་བྱིས་པའི་སྨན་བཅོས་ཞབས་ཞུ་མ་ལག ནད་ལྕི་མོའི་འགོག་སྲུང་མ་ལག མ་བུ་བདེ་སྲུང་དང་འཆར་ལྡན་བུ་སྐྱེའི་ཞབས་ཞུ་མ་ལག་བཅས་དང་དེ་མིན་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་སོགས་ལས་གཞི་ཉེར་གཉིས་འཛུགས་སྐྲུན་ལག་བསྟར་བྱས།
ཆུ་བེད་ཕྱོགས་སུ། ཧུར་ཐག་གིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་བརྩོན་ལེན་བྱས་ཏེ། བོད་ཁུལ་གྱི་ཁུལ་དྲུག་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ལས་གཞི་དང་། འཇུ་ལག་ཆུ་བོ་དང་རོང་བོ་དགུ་ཆུ། རྩེ་ཆུ་སོགས་ཡན་ལག་ཆུ་བོ་གཙོ་བོ་དག་བཅོས་སྐྱོང་། ལ་ཟེ་བ་ཆུ་འདྲེན་ཁུལ་སོགས་ཆུ་འདྲེན་ཁུལ་ཆེན་པོ་བསྒྱུར་བཀོད་བཟོ་སྐྲུན་བཅས་ལག་བསྟར་བྱས་པར་མ་ཟད། གནད་སའི་ཆུ་བེད་བཟོ་སྐྲུན་བདེ་བླག་ངང་སྤེལ།
ནུས་ཁུངས་ཕྱོགས་སུ། དྲ་སྦྲེལ་བཟོ་སྐྲུན་ལག་བསྟར་བྱས་ཏེ། བོད་ཁུལ་གྱི་རྫོང་སོ་སོར་གློག་དྲ་དང་དྲ་སྦྲེལ་བ་མངོན་འགྱུར་བྱས།
རྒྱལ་ཁབ་སྡོམ་རྩིས་ཅུས་རྟོག་ཞིབ་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། བྱེད་ཐབས་མང་པོ་ལག་བསྟར་བྱས་པ་བརྒྱུད། 2010ལོ་ནས2016ལོའི་བར། མཚོ་སྔོན་བོད་ཁུལ་གྱི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཉིས་ལྷག་འཕར་ཏེ། ལོ་དྲུག་ལ་བརྟན་འཇགས་ངང་འཕར་བ་མངོན་འགྱུར་བྱས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་གི་རྒྱ་མཚོ་ནི་རྩྭ་ས་ལྟ་སྲུང་པ་ཞིག་ཡིན། ཁོའི་ཉིན་རེའི་ལས་ཀ་ནི་འཕྲུལ་རྟར་ཞོན་ནས་རྩྭ་སར་ལྟ་སྲུང་བྱེད་དགོས་པ་དེ་ཡིན་ཞིང་། ཟླ་རེར་ཁོ་ལ་གླ་ཕོགས་སྒོར་སྟོང་གཉིས་ཙམ་ཡོད་པས། འཚོ་བར་ཁ་སྣོན་བྱེད་ཐུབ།
2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། མཚོ་སྔོན་གྱིས་རྩྭ་ས་དང་བརླན་ས། ནགས་ཚལ་བཅས་ཀྱི་ལྟ་སྲུང་ལས་རྐང་དེ་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་དུ་གཅིག་གྱུར་བྱས་ཤིང་། ས་ཁུལ་ནང་གི་བརླན་ས་དང་ཆུ་རྐ། ནགས་ཚལ། རྩྭ་ས། རི་སྐྱེས་སྲོག་ཆགས་བཅས་ལ་ཉིན་རྒྱུན་དུ་སྐོར་གཡེང་ལྟ་སྲུང་བྱེད་པའི་ལས་འགན་དེ། སྔོན་མ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་ལ་བཀོད་སྒྲིག་བྱས་པ་དང་། དེ་ནས་གནས་ཚུལ་ལྟར་རྒྱུན་ཆད་མེད་པར་སྐྱེ་ཁམས་སྤྱི་ཕན་ལྟ་སྲུང་ལས་རྐང་འཛུགས་ཚད་ཇེ་མང་དུ་བཏང་ཏེ། མཉམ་དུ་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་མགྱོགས་མྱུར་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་བྱས། དེའི་ཁར་ད་རུང་དབྱར་རྩྭ་དགུན་འབུ་བརྐོ་བའི་ཡོང་སྒོ་དང་ནོར་ལུག་སོགས་ཕྱུགས་ལས་ཐོན་རྫས་ཀྱི་ཡོང་སྒོ་ཡིས་བོད་ཁུལ་སྡོད་དམངས་ཀྱི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་རོང་འབྲོག་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་དམ་འཛིན་བྱས་ཏེ། ན་ནིང་རོང་འབྲོག་པ་མང་ཚོགས་ས་ཡ་གཅིག་འབུམ་གཅིག་ཁྲི་དགུ་ལས་ཀར་ཚུད་པ་དང་། བོད་ཁུལ་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་བདུན་ལྷག་ཏུ་བསླེབས་ཏེ། དུས་མཉམ་ལས་བརྒྱ་ཆའི་དགུ་འཕར། བོད་ཁུལ་གྱི་ཞིང་སྡེའི་སྡོད་མངས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བརྒྱད་ལྷག་ཏུ་བསླེབས་ཏེ། དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་སྔོན་མ་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། བོད་ཁུལ་ན་གཞོན་གྱི་ལས་ཞུགས་བྱ་བར་སྐུལ་འདེད་བྱེད་པ་དེ་གནད་སར་བཞག་པས། ན་ནིང་བོད་ཁུལ་གྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ཀྱི་ཚད་ལོ་གསུམ་སྔོན་གྱི་བརྒྱ་ཆའི་གྱ་བཞི་ལྷག་ནས་བརྒྱ་ཆའི་གོ་གཉིས་ལྷག་ཏུ་བསླེབས། གནད་ཕིགས་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། རྫོང་སོ་གསུམ་གྱི་དབུལ་ཕོངས་སྡེ་བ་བཞི་བརྒྱ་སོ་བདུན་ནས་སྡེ་བ་ཧྲིལ་བོ་བྱས་ནས་སྐུལ་འདེད་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། དབུལ་ཕོངས་མི་གྲངས་འབུམ་གཉིས་ཁྲི་གཅིག་ལྷག་ཇེ་ཉུང་དུ་བཏང་། ཤུགས་ཕུད་དེ་སྨན་བཅོས་ཞབས་ཞུ་ནུས་ཤུགས་ཇེ་དྲག་ཏུ་བཏང་བས། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་རིན་མཐོ་བ་སོགས་ཀྱི་གནས་བབ་མངོན་གསལ་སྒོས་ལེགས་བཅོས་བྱུང་།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་ནི་ས་དེར་མིང་གྲགས་ཅུང་ཡོད་པ་ཞིག་ཡིན། རུ་ཁག་འདི་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་ཀྲན་ཙི་ཏུང་གིས་བཙུགས་པར་མ་ཟད། རུ་ཁག་འདི་ད་རུང་ཧྲང་ཧེར་སོང་ནས་མ་འོངས་བའི་སྐར་འོད་བུམ་པའི་ན་གཞོན་རྐང་རྩེད་སྤོ་ལོ་འགྲན་སྡུར་གྱི་རྒྱལ་ཡོངས་ཀྱི་གཏིང་རྩོད་འགྲན་སྡུར་ཁྲོད་ཞུགས་མྱོང་།
ཀྲན་ཙི་ཏུང་ནི་ཧྲང་ཧེ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་ཞིག་ཡིན་ཞིང་། འགན་དཀྲིས་སྦྱོང་བརྡར་བྱེད་སྐབས་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཐབས་ཇུས་དང་ནུས་ཤུགས་གང་མང་བཏོན་ལ། ལྷག་པར་དུ་ས་གནས་ཀྱི་བྱིས་པ་ཚོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་ཆེན་པོ་བྱས།
ཀྲན་ཙི་ཏུང་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ལས་བྱེད་པ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་དཔེ་མཚོན་ཞིག་ཡིན། 2010ལོར། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཏོན་ཏེ། པེ་ཅིན་དང་ཧྲང་ཧེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་བཅས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་། ཀྲུང་དབྱང་དང་རྒྱལ་ཁབ་གྱི་ལས་ཁུངས་ཉེར་དྲུག་དང་ཀྲུང་དབྱང་གི་ཁེ་ལས་བཅུ་གསུམ་གྱིས་སོ་སོར་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་བྱང་། མཚོ་ལྷོ། མཚོ་ནུབ་བཅས་རང་སྐྱོང་ཁུལ་དྲུག་གི་རྫོང་སོ་གསུམ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་གཏན་ལ་ཕབ། 2013ལོར། ཀྲུང་དབྱང་གིས་ཡང་བསྐྱར་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་པུའུ་ཨུ་བདུན་དང་ཀྲུང་དབྱང་གི་ཁེ་ལས་བཞི་གསར་དུ་བསྣན་པས། རོགས་སྐྱོར་ལས་ཁུངས་ལྔ་བཅུ་ང་དྲུག་ཏུ་བསླེབས།
ལོ་དྲུག་གི་རིང་ལ། ཀྲུང་དབྱང་གི་ཚད་མཐོན་པོའི་མཐོང་ཆེན་དང་ཐུགས་ཁུར། མཛུབ་སྟོན་བཅས་ཀྱི་འོག་དང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་བ་དང་། ནུས་ཡོད་སྒོས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ལ་འཕེལ་རྒྱས་སྔར་ལས་མགྱོགས་པོ་འབྱུང་བར་སྐུལ་འདེད་བྱས། དེའི་ནང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་རེ་གཅིག་བཏང་བ་དང་། ལས་གཞི་སྟོང་གཅིག་ལྷག་ལག་བསྟར་བྱས། འཕྲོ་རིམ་འཕྲོར་རྒྱལ་ཁབ་ཀྱི་མ་དངུལ་གནས་སྐབས་སུ་དངོས་འབེབས་བྱེད་མི་ཐུབ་པ་དང་། ས་གནས་ནོར་སྲིད་ཀྱིས་གནས་སྐབས་སུ་ཐག་གཅོད་མི་ཐུབ་པ། གཞི་རིམ་མང་ཚོགས་ལ་དགོས་མཁོ་ཤིན་ཏུ་ཆེ་བ་བཅས་ཀྱི་ལས་གཞི་སྐོར་ཞིག་ལེགས་འགྲུབ་བྱས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཁེ་ལས་ཀྱིས་བཏང་བའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་ལྔར་བསླེབས་ཏེ། རིམ་བསགས་ཀྱིས་རོགས་སྐྱོར་ལས་གཞི་བརྒྱ་དང་སུམ་ཅུ་ལྷག་ལག་བསྟར་བྱས། ཀྲུང་དབྱང་ཁེ་ལས་ཀྱིས་རང་ཉིད་ཀྱི་ཐོན་ལས་དང་ལག་རྩལ། འཇོན་མི། དོ་དམ། ཚོང་ར་སོགས་ཁྱད་སྟོབས་དེ་མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་ཐོབ་པའི་ས་ཁུལ་གྱི་ཐོན་ཁུངས་ཁྱད་སྟོབས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གོམ་གང་མདུན་སྤོས་སྒོས་མཚོ་སྔོན་དང་ཀྲུང་དབྱང་ཁེ་ལས་ཀྱིས་རྨང་གཞི་སྒྲིག་ཆས་དང་ཐོན་ཁུངས་ནུས་ཁུངས་གསར་སྤེལ་དང་གཏིང་ཟབ་ཏུ་ལས་སྣོན། འཁོར་སྐྱོད་དཔལ་འབྱོར། འཕྲིན་གསར་ཐོན་ལས་སོགས་ཕྱོགས་ཀྱི་མཉམ་ལས་གྲུབ་འབྲས་རྒྱ་ཇེ་ཆེར་བཏང་།
མཚོ་སྔོན་གྱི་དབུལ་ཕོངས་མི་གྲངས་མང་ཆེ་ཤོས་རོང་འབྲོག་ཁུལ་དུ་ཡོད་ལ། ཞིང་ས་དང་རྩྭ་སར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དམངས་ཚིས་ལེགས་བཅོས་ཀྱི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱེད་དགོས་ན། བོད་ཁུལ་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་མཐོར་འགྲོ་བ་མངོན་འགྱུར་བྱེད་དགོས། དེ་བས། རྨང་གཞིའི་རང་བཞིན་དང་གནད་འགག་རང་བཞིན་སོགས་འདེགས་སྐྱོར་འཕེལ་རྒྱས་ཀྱི་དམངས་ཚིས་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དམ་པོར་དམིགས་ནས། རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་ཁུངས་གསར་སྤེལ། དམངས་འཚོ་ལེགས་བཅོས་སོགས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་མགོ་བརྩམས། དེའི་ཁྲོད། ཁྱད་ལྡན་རྣམ་པ་གསར་བའི་བཟོ་ལས་དང་ཞིང་ཕྱུགས་ལས། མཐོ་སྒང་གི་ཁྱད་ལྡན་གནས་སྐོར་ལས་རིགས། ཁྱད་ལྡན་ལས་སྣོན་ལས་རིགས། ཁྱད་ལྡན་རིག་གནས་ཐོན་ལས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་སྐོར་ཞིག་བསྐྲུན་ཏེ། ཁྱད་ལྡན་དཔལ་འབྱོར་གྱི་བྱ་བ་ཆེན་པོ་དེ་བོད་ཁུལ་དུ་དར་རྒྱས་གོང་འཕེལ་བཏང་ནས། བོད་ཁུལ་གྱི་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱས་པ་དང་། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས། འཛམ་གླིང་ཡོངས་ཀྱི་ཁས་ལེན་པའི་སྤྱི་ལ་གནོད་་པ་མེད་པའི་ས་ཁུལ་ཡིན་པའི་ཆ་ནས། ལྷད་མེད་དང་སྐྱེ་ལྡན། བཙོག་སྐྱོན་མེད་པའི་སྐྱེ་ཁམས་ཁོར་ཡུག་བཅས་ནི་བོད་ཁུལ་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གཙོ་གནད་ཞིག་རེད།
རྨ་ལྷོ་དང་མཚོ་ལྷོ། མཚོ་བྱང་སོགས་བོད་རིགས་རང་སྐྱོང་ཁུལ་གྱིས་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་བཞིན་ཡོད་ལ། བརྒྱ་ཆའི་དོན་ལྔའི་ཕྱུགས་ལས་རྐྱང་བའི་སྡེ་བ་རུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་གིས་འཕང་འབྲས་ཐོན་ལས་ལ་སྐུལ་འདེད་བྱས་ཏེ། དམར་མདངས་ལྡན་པའི་འཕང་འབྲས་ཀྱིས་བྱེ་ཐང་ཆེན་མོར་གསོན་ཤུགས་རྒྱས་སུ་བཅུག་པ་དང་། སྐྱེ་ཁམས་ཀྱི་གྲུབ་འབྲས་གསར་བ་བླངས་པར་མ་ཟད། ཐོན་ལས་མུ་འབྲེལ་དེས་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་བར་སྟོང་ཆེན་མོ་བེད་སྤྱོད་གང་ལེགས་བྱས་ཏེ། ས་དེའི་རོང་འབྲོག་མང་ཚོགས་ཕྱུག་པོར་འགྱུར་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་འདུག
དབྱར་རྩྭ་དགུན་འབུ་དང་། མཐོ་སྒང་གི་སྐམས་ཤ། བོད་ལུགས་ས་གདན། ནས་ཆང་། ཚྭ་འདམ་གཞོང་གི་འཕང་འབྲས་སོགས་མདོ་དབུས་མཐོ་སྒང་གི་ཚོང་རྟགས་སྦྱར་བའི་ཁྱད་ལྡན་ཐོན་རྫས་མང་བོ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བསྐྱལ་བ་དང་བསྟུན་ནས། རང་ཞིང་གི་དཔལ་འབྱོར་དེ་རིམ་བཞིན་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར། ད་ལྟ། བོད་ཁུལ་དུ་ཁྱད་ལྡན་ཞིང་ཕྱུགས་ལས་དེ་སྲོལ་རྒྱུན་གྱི་རྣམ་པ་ནས་དེང་རབས་ཀྱི་རྣམ་པར་བསྒྱུར་བ་དང་། ཁྱད་ལྡན་བཟོ་ལས་དེ་རགས་ལས་ནས་རྣམ་པ་གསར་བར་གྱུར་ཡོད་པས། མཛེས་སྡུག་གི་མཚོ་སྔོན་གྱི་གནས་སྐོར་ལས་རིགས་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གོམས་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ། མཚོ་སྔོན་པོ། གསེར་དངུལ་ཐང་། སྣ་འཛོམས་རེབ་གོང་སྒྱུ་རྩལ་ཐོན་རྫས་སོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་འགུག་བཞིན་ཡོད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།