2017ལོའི་སྲིད་གཞུང་བྱ་བའི་སྙན་ཞུ།
2017.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

01.jpg
2017ལོའི་ཟླ3ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལིས་ཁི་ཆིང་།

3ཚེས5ཉིན། ཙུང་ལི་ལིས་ཁི་ཆིང་གིས་རྒྱལ་སྲིད་སྤྱི་ཁང་གི་ཚབ་བྱས་ཏེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།

འཐུས་མི་རྣམ་པ།
ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ།

གཅིག 2016ལོའི་བྱ་བར་ཕྱིར་དྲན་བྱེད་པ།
འདས་པའི་ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་ཁབ་ཕྱི་ནང་གི་འགལ་བ་ཇེ་མང་དང་། ཉེན་ཁ་འབྱུང་གཞི་མང་པོའི་འགྲན་སློང་དྲག་པོ་ཐུག་ཡོད། བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་པ་དང་། སྐུལ་མ་བཏང་སྟེ་མདུན་སྐྱོད་བྱས་ནས། དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སྲོག་ཤིང་གོ་གནས་དངོས་སུ་གསལ་བོ་བྱས་པས། ཏང་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མཚོན་པར་བྱས་པ་དང་། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་། ཡུན་རིང་བདེ་འཇགས་ཡོང་བ་ཁག་ཐེག་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོས་མུ་མཐུད་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་གྲུབ་འབྲས་གལ་ཆེན་བླངས་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་གོམ་སྟབས་ཆེན་པོ་སྤོས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་སྒོས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་འགན་འཁྲི་གཙོ་བོ་ཡོངས་འགྲུབ་བྱས་པས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མགོ་ཡག་པོ་རྩོམ་ཐུབ་བྱུང་།

—དཔལ་འབྱོར་འཁོར་སྐྱོད་དལ་བའི་ངང་ནས་བརྟན་འཇགས་སུ་སོང་བ་དང་། བརྟན་འཇགས་སྒོས་ཇེ་ལེགས་སུ་འགྲོ་བཞིན་ཡོད། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་འབུམ་བདུན་དང་ཁྲི་བཞི་སྟོང་བཞི་རུ་སླེབས་ཡོད་པ་དང་། འཕར་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་དུ་སླེབས་ཡོད་ལ། འཛམ་གླིང་གི་མདུན་གྲས་སུ་ཚུད་ཡོད་པས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འབྱུང་ཚད་ལས་བརྒྱ་ཆའི་སུམ་ཅུ་བརྒལ་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གཉིས་འཕར་ཡོད། བཟོ་ལས་དང་ཁེ་ལས་ཀྱི་ཁེ་སྤོགས་སྔོན་ལོ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་མར་ཆག་པ་ནས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་ལྔ་རུ་འཕར་ཡོད་ལ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡོམས་འབོར་ནུས་ཁུངས་ཟད་གྲོན་བརྒྱ་ཆའི་ལྔ་མར་ཆག་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། 

—ལས་ཞུགས་འཕར་ཚད་སྔོན་དཔག་ལས་བརྒལ་ཡོད། ལོ་ཧྲིལ་བོའི་ནང་མཁར་གྲོང་གི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་བཞི་ཇེ་མང་དུ་སོང་ཡོད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་སྐྲུན་གྱི་མི་གྲངས་ཡང་བསྐྱར་ཇེ་མཐོར་སོང་ཡོད། ལོ་མཇུག་ཏུ་མཁར་གྲོང་གི་ལས་ཤོར་བ་ཐོ་འགོད་བྱས་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ཐིག་གཉིས་ཟིན་ཡོད་ལ། ལོ་མང་པོའི་རིང་དང་བསྡུར་ན་ཆེས་དམའ་བ་རེད། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ཟིན་པའི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན། ལས་ཞུགས་ཀྱི་ཁྱབ་ཁོངས་ཆེ་བ་ཞིག་ཡོད་པ་ནི་ལས་སླ་མོ་ཞིག་མ་རེད། 

—བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་སྒོས་ཡར་སྐུལ་བྱས་པ། ཁྱབ་ཁོངས་གལ་ཆེན་དང་གནད་འགག་དུས་རིམ་གྱི་བཅོས་སྒྱུར་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་བྱེད་པར་ཐོག་མའི་གྲུབ་འབྲས་ཐོབ་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་པར་བྱེད་ཐབས་གསར་བ་བཏོན་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་འཕེལ་ཚད་མྱུར་ཞིང་། ལས་གཞི་གལ་ཆེན་དང་རྒྱལ་སྤྱིའི་ཐོན་ནུས་ཀྱི་མཉམ་ལས་ལས་གཞི་སྐོར་ཞིག་དངོས་འབེབ་བྱས། 

—དཔལ་འབྱོར་གྲུབ་ཚུལ་མགྱོགས་མྱུར་སྒོས་སྙོམས་སྒྲིག་བྱས་པ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་འཛད་སྤྱོད་ཀྱིས་སྐུལ་ཁྲིད་ནུས་པ་གཙོ་བོ་ཐོན་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་ཀྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡུར་ཚད་དེ་བརྒྱ་ཆའི་ང་གཅིག་གྲངས་ཆུང་དྲུག་ཏུ་འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་སོང་ཡོད་ལ། ཞིང་ལས་བརྟན་པོའི་ངང་ནས་ལེགས་སྒྲིག་བྱས་པ་དང་། འབྲུ་རིགས་ཐོན་འབབ་ཡང་བསྐྱར་ལོ་ལེགས་བྱུང་ཡོད།

—འགུལ་ནུས་གསར་བའི་འཕེལ་ཚུལ་མུ་མཐུད་དུ་ཇེ་ཆེར་སོང་བ། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཡོད། ཚན་རྩལ་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྔོན་ཐོན་གྱི་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་རིགས་སྒྱུར་དང་རིམ་པ་སྤོར་ཚད་ཇེ་མགྱོགས་སུ་བཏང་ཡོད། མི་དམངས་ཀྱིས་ལས་བསྐྲུན་བྱེད་པ་དང་། ཀུན་གྱིས་གསར་གཏོད་བྱེད་ཚུལ་ཁྱབ་རྒྱ་ཆེ་བའི་སྒོ་ནས་སྤེལ་བས། ལོ་ཧྲིལ་པོར་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་འཕར་ཚད་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་ལྔ་ཟིན་ཡོད་པ་དང་། ཆ་སྙོམས་ཉིན་རེར་ཁྱིམ་ཚང་ཁྲི་གཅིག་དང་སྟོང་ལྔ་གསར་དུ་འཕར་བཞིན་ཡོད། དེའི་སྟེང་སྒེར་གཉེར་བཟོ་ཚོང་ཁྱིམ་ཐོ་སོགས་ཚོང་རའི་ཐོ་འགོད་ཁྱིམ་ཚང་ཁྲི་བཞི་དང་སྟོང་ལྔ་གསར་སྣོན་བྱེད་བཞིན་ཡོད། འགུལ་ནུས་གསར་པས་འཕེལ་རྒྱས་གསར་བ་འདེགས་སྐྱོར་བྱེད་བཞིན་ཡོད། 

—རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་མུ་མཐུད་དུ་ཇེ་མཐོར་སོང་བ། གསར་དུ་བཙུགས་པའི་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་སྟོང་གཅིག་དགུ་བརྒྱ་ཙམ་ལ་མ་དངུལ་བཏང་ནས་ལས་མགོ་བརྩམས་པ་དང་། མྱུར་བགྲོད་གཞུང་ལམ་སྤྱི་ལེ་སྟོང་དྲུག་དང་བདུན་བརྒྱ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ་འབུམ་གཉིས་དང་སྟོང་དགུ་གསར་སྐྲུན་དང་ལེགས་བཅོས་བྱས། གྲོང་ཁྱེར་དབར་གྱི་འཁོར་ལམ་འགྲིམ་འགྲུལ་དང་། ས་འོག་གི་ཕྱོགས་བསྡུས་སྦུག་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། ཆུ་བེད་ཀྱི་ལས་གཞི་གལ་ཆེན་ཁག་ཉེར་གཅིག་ལས་མགོ་བརྩམས་ཡོད་པ་དང་། སྤོ་སྒུལ་འཕྲིན་གཏོང་རབས་བཞི་བ་བཀོལ་མཁན་དུང་ཕྱུར་གསུམ་དང་བྱེ་བ་བཞི་རུ་འཕར་བ་དང་། འོད་སྐུད་གློག་ལམ་སྤྱི་ལེ་ས་ཡ་ལྔ་དང་འབུམ་ལྔ་ལྷག་ཙམ་གསར་དུ་བསྐྲུན་ཡོད། 

—མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་བཅོས་ཐོབ་པ། རྒྱལ་ཡོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོད་སྒྲིག་བྱས་ཆོག་པའི་ཡོང་སྒོ་བརྒྱ་ཆའི་དྲུག་དང་གྲངས་ཆུང་གསུམ་འཕར་ཡོད། ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་བཞི་ཇེ་ཉུང་དུ་སོང་ཡོད་ལ། ས་གནས་གཞན་ལ་གནས་སྤར་བའི་མི་གྲངས་ས་ཡ་གཉིས་དང་འབུམ་བཞི་ལས་བརྒལ་ཡོད། སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ས་ཡ་དྲུག་ལྷག་ལེགས་བཅོས་བྱས་པ་དང་། ཞིང་སྡེའི་ཉེན་ཁང་ཁྱིམ་ཚང་ས་ཡ་གསུམ་དང་འབུམ་བརྒྱད་ལེགས་བཅོས་བྱས་ཡོད། རྒྱལ་ནང་གི་གནས་སྐོར་འཕེལ་ཚད་ཇེ་མགྱོགས་སུ་སོང་བ་དང་། མངའ་ཁོངས་ཕྱི་རོལ་དུ་གནས་སྐོར་ལ་སོང་བའི་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཟིན་ཡོད་པས། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་ཇེ་ལེགས་སུ་སོང་ཡོད། 

རང་རྒྱལ་གྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་ཉི་ཤུའི་མགོ་ཁྲིད་མི་སྣ་འཛོམས་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། གསར་སྐྲུན་རང་བཞིན་དང་། སྣེ་ཁྲིད་རང་བཞིན། ལམ་སྲོལ་རང་བཞིན་བཅས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པར་ཡར་སྐུལ་བྱས་ཤིང་། གོ་ལ་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་དུ་ཀྲུང་གོའི་རྗེས་ཤུལ་ཟབ་མོ་ཞིག་བཞག་ཡོད། འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱས་ན། བསྐྱོད་པའི་ལམ་བུ་སྤྱིར་བཏང་མིན་ལ། ང་ཚོའི་ཁ་གཏད་ཡུལ་ནི་འཛམ་གླིང་གི་དཔལ་འབྱོར་དང་ཉོ་ཚོང་འཕེལ་རྒྱས་ཀྱི་མྱུར་ཚད་ལོ་བདུན་གྱི་རིང་གི་དལ་ཤོས་ཡིན་པ་དང་། རྒྱལ་སྤྱིའི་དངུལ་རྩའི་ཚོང་རའི་འཕར་ཆག་ཇེ་ཆེར་སོང་བ། ས་ཁུལ་དང་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་གློ་བུར་ཆེ་ཞིང་བྱུང་ཚད་མང་བའི་ཕྱིའི་ཁོར་ཡུག་ཡིན་པ། རྒྱལ་ནང་གི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་མངོན་གསལ་ཡིན་ལ། ཉམས་ཉེན་འབྱུང་གཞི་འབུར་དུ་ཐོན་པ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་ལ་དཀའ་ངལ་ཇེ་མང་ཡིན་པ། བཅོས་སྒྱུར་གནད་འགག་ཆེ་བའི་དུས་སུ་སླེབས་པ་དང་། ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་ཟབ་མོར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ཡོང་བར་གནོད་པའི་རྒྱུ་རྐྱེན་མང་དུ་སོང་བའི་རྙོག་འཛིང་གི་གནས་བབ་བཅས་རེད། གནས་ཚུལ་དེ་ལྟ་བུའི་འོག དཔལ་འབྱོར་བརྟན་འཇགས་ཡོང་ཐུབ་པར་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་དང་། འཕེལ་ཚུལ་བཟང་བོའི་ཕྱོགས་སུ་བསྒྱུར་རྒྱུ་ནི་དེ་བས་ཀྱང་ཁག་པོ་རེད། ཐེངས་འདིར་གསལ་བཤད་བྱེད་རྒྱུ་ནི་ཀྲུང་གོའི་མི་དམངས་ནི་བློ་ཁོག་ཆེ་བ་དང་། བློ་རིག་བཀྲ་བ། ནུས་པ་ལྡན་པས་དཀའ་ངལ་གང་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ཐུབ་ལ། ཀྲུང་གོའི་དཔལ་འབྱོར་ལ་སྦས་ཤུགས་ཆེ་བ་དང་། མཉེན་གཤིས་དང་ཁྱད་སྟོབས་ལྡན་པས། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་བཟང་པོ་ལྡན་ངེས་རེད། 

ལོ་གཅིག་གི་རིང་ལ། ང་ཚོས་གཙོ་བོ་གཤམ་གསལ་བྱ་བ་ཁག་བསྒྲུབས་ཡོད་དེ། 
གཅིག་ནས་མུ་མཐུད་དུ་གསར་སྐྲུན་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་བར་སྟོང་འོས་འཚམ་སྒོས་སྲུང་འཛིན་བྱས་ཡོད། ན་ནིང་སྤྱི་ཁོག་སྙོམས་སྒྲིག་ཐད་དཀའ་ངལ་མང་པོ་འཕྲད་ཅིང་། ང་ཚོས“ཞིང་ཆུ་འགྱིང་གཏོང”ཚུལ་གྱི་རྣམ་པ་རྒྱུན་འཁྱོངས་མི་བྱེད་པར། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་འཕར་ཚད་བརྟན་འཇགས་ཡོང་བ་དང་། གྲུབ་ཚུལ་ལེགས་སྒྲིག ཉེན་ཁ་འགོག་པ་བཅས་བྱས་ཏེ་བར་སྟོང་སྙོམས་སྒྲིག་བྱས་པའི་རྨང་གཞིའི་སྟེང་། ཕྱོགས་ངེས་སྙོམས་སྒྲིག་དང་། སྐབས་བསྟུན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད། ཧུར་ཐག་གིས་ནོར་སྲིད་ཀྱི་སྲིད་ཇུས་ནུས་ཤུགས་ཇེ་ཆེར་བཏང་བ་དང་། ནོར་སྲིད་ཀྱི་ཐད་གཙོ་བོ་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་མ་དངུལ་ཇེ་དམའ་རུ་བཏང་། ཕྱོགས་ཡོངས་ནས་ཚོང་ལས་བཅོས་སྒྱུར་འཕར་སྣོན་གྱི་ཚོད་ལྟའི་གནས་བཙུགས་ནས། ལོ་ཧྲིལ་པོར་ཁེ་ལས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར་སྟོང་ལྔ་དང་བདུན་བརྒྱ་ཇེ་དམའ་རུ་བཏང་བ་དང་། ལས་རིགས་ཡོངས་སུ་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་ལས་ཡར་མི་འཕར་བ་མངོན་འགྱུར་བྱུང་ཡོད། ཀྲུང་དབྱང་དང་ས་གནས་ཀྱི་དཔྱ་ཁྲལ་འཕར་སྣོན་གྱི་ཡོང་འབབ་བགོ་བའི་འཆར་གཞི་གཏན་འབེབས་ལག་བསྟར་བྱས་ཏེ། ས་གནས་སུ་ཡོད་པའི་རྒྱུ་ནོར་ལ་འགྱུར་བ་མི་འབྱུང་བ་ཁག་ཐེག་བྱས། ས་གནས་སྲིད་གཞུང་གི་བུ་ལོན་གསོག་གྲངས་བརྗེ་ལེན་བྱེད་པའི་གཞི་ཁྱོན་ཆེ་རུ་བཏང་བ་དང་། ཁེ་སྤོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་སྟོང་བཞི་ཇེ་དམའ་རུ་བཏང་། དངུལ་ལོར་གྱི་སྲིད་ཇུས་བརྟན་འཇགས་འོས་འཚམས་བྱས་ཏེ། ཁྱབ་ཆེའི་དངུལ་ལོརM2ནི་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གསུམ་འཕར་ཏེ་སྔོན་དཔག་གི་བརྒྱ་ཆའི་བཅུ་གསུམ་ཡས་མས་ཀྱི་དམིགས་འབེན་ལས་དམའ་བ་རེད། དངུལ་ལོར་སྲིད་ཇུས་ཀྱི་ཐབས་ལམ་སྣ་མང་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ཏེ། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་ཡོད། འཛད་སྤྱོད་རིམ་པ་འཕར་བའི་བྱེད་ཐབས་ལག་བསྟར་བྱས། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་སོགས་ལ་སྐུལ་མ་གཏོང་བའི་སྲིད་ཇུས་བཏོན་པས། མ་དངུལ་བཏང་ནས་ཁེ་ལས་བརྟན་འཇགས་ཀྱི་རྣམ་པ་མངོན་ཡོད། ས་ཁང་བདག་ཁོངས་ཀྱི་ཚོང་ར་རིགས་དབྱེ་སྙོམས་སྒྲིག་བྱས་ཡོད། དངུལ་རྩའི་ཉམས་ཉེན་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས། ཚུལ་མཐུན་དང་དོ་མཉམ་གྱི་ཆུ་ཚད་སྟེང་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་བྱས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོབ་བྱས། 

གཉིས་ནས“གསུམ་དོར་གཅིག་གཅོག་གཅིག་གསབ”དམ་འཛིན་གང་ཐུབ་བྱས་པས། མཁོ་སྤྲོད་ཀྱི་གྲུབ་ཚུལ་ཅུང་ལེགས་བཅོས་བྱུང་ཡོད། ངར་ལྕགས་དང་རྡོ་སོལ་ལས་རིགས་གཙོ་གནད་དུ་བཟུང་སྟེ་ཐོན་ནུས་དོར་ཞིང་། ལོ་ཧྲིལ་བོར་ངར་ལྕགས་ཀྱི་ཐོན་ནུས་ཏུན་བྱེ་བ་དྲུག་དང་ས་ཡ་ལྔ་དང་། རྡོ་སོལ་གྱི་ཐོན་ནུས་ཏུན་དུང་ཕྱུར་གཉིས་དང་བྱེ་བ་དགུ་ལས་བརྒལ་བ་ཕྱིར་འཐེན་བྱས་པས། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ལྷག་འགྲུབ་བྱས་པ་རེད། ལས་བཟོ་བར་བཀོད་སྒྲིག་ལེགས་པོ་བྱས་ཡོད། ཞིང་བ་ཞོར་ལས་པས་མཁར་གྲོང་དུ་ཁང་བ་ཉོ་བར་རོགས་སྐྱོར་བྱས་པ་དང་། སྤྱིལ་ཁྱིམ་སྒྱུར་བཀོད་དངུལ་ལོར་ཅན་དུ་བཀོད་སྒྲིག་བྱེད་པའི་བསྡུར་ཚད་ཇེ་མཐོར་བཏང་ཞིང་། སྡོད་ཁང་སྤྱི་ཚོགས་མ་དངུལ་བཀོལ་སྤྱོད་བཟང་པོ་བྱས་པས། ས་ཁང་བདག་ཁོངས་གསོག་ཉར་བྱེད་ཚུལ་དོར་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་བྱས་པ་དང་། ཐད་ཀའི་དངུལ་རྩ་འཕེལ་རྒྱས་དང་། བུ་ལོན་མ་རྐང་དུ་བསྒྱུར་བ་དེ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བ་དང་། བཟོ་ལས་ཁེ་ལས་ཀྱི་མ་རྩའི་བུ་ལོན་གྱི་ཚད་ཅུང་ཇེ་དམར་སོང་ཡོད། ཁེ་ལས་ཀྱི་མ་གནས་ཇེ་དམའ་རུ་གཏོང་བར་དམིགས་ནས། དཔྱ་ཁྲལ་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་། “འགན་བཅོལ་ལྔ་དང་གསོག་དངུལ་གཅིག”འཇལ་བའི་བསྡུར་ཚད་ཇེ་དམར་གཏོང་བ། གློག་རིན་མར་ཕབ་པ་བཅས་ཀྱི་བྱེད་ཐབས་བཏོན་ཡོད། ཞན་ཆ་གསབ་ཤུགས་ཇེ་ཆེར་གཏོང་བ་དང་མིག་སྔར་དགོས་མཁོ་ཆེ་ཞིང་ཕྱིན་ཆད་ཕན་པའི་དོན་ཆེན་སྐོར་ཞིག་བསྒྲུབས་ཡོད།

གསུམ་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་སོང་ཡོད། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། མཚོན་རྟགས་རང་བཞིན་ལྡན་པ་དང་། སྲོག་ཤིང་རང་བཞིན་ལྡན་པའི་བཅོས་སྒྱུར་བྱེད་ཐབས་སྐོར་ཞིག་བཏོན་ཡོད། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་པའི་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གནད་དོན་གཙོ་བོ་དེར་དམིགས་ནས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། དམ་ལྷོད་ཟུང་འབྲེལ། ཞབས་ཞུ་ལེགས་བཅོས་བཅས་ཀྱི་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཡོད། སྐབས་འདིའི་སྲིད་གཞུང་གི་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་དག་གི་དམིགས་ཚད་ཀྱི་སུམ་ཆའི་གཅིག་སྔ་སྣུར་སྒོས་ཡོངས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། ན་ནིང་ལོར་ཡང་བསྐྱར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་། དེས་དམིགས་འཛུགས་བྱས་པའི་ས་གནས་ཀྱིས་ལག་བསྟར་བྱེད་པའི་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་དག་བརྒྱ་དང་རེ་ལྔ་མེད་པར་བཟོས་པ་དང་། ཞིབ་མཆན་འགོད་པའི་མཚམས་སྦྱོར་ཞབས་ཞུའི་དོན་དག་བརྒྱ་དང་གོ་གཉིས་དང་། ལས་རིགས་ཀྱི་ཐོབ་ཐང་ཆོག་འཐུས་ཁས་ལེན་གྱི་དོན་དག་ཉིས་བརྒྱ་དང་ཉི་ཤུ་བཅས་ཚད་ལྡན་སྒོས་ཐག་གཅོད་བྱས་ཡོད། ཚོང་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཡོད།

“སྐབས་བསྟུན་གཉིས་དང་ཁྲོམ་བསྒྲགས་གཅིག”ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། བྱ་བ་སྒྲུབ་སྐབས་དང་སྒྲུབ་རྗེས་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཐོན་པར་བྱས་ཏེ། དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ལ་སྐུལ་འདེད་བྱས་ཡོད། རྒྱལ་དབང་ཁེ་ལས་ལེགས་སྒྲིག་བསྐྱར་སྒྲིག་དང་དབང་བའི་ལམ་ལུགས་འདྲེས་མའི་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཡོད། འགྲན་རྩོད་དྲང་གཞག་གི་ཞིབ་བཤེར་ལམ་ལུགས་བཙུགས་ཡོད། ཐོན་ཁུངས་ཀྱི་དཔྱ་ཁྲལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཡོད། ཞིང་སྡེ་ས་ཞིང་ལ“དབང་ཆ་གསུམ་ལོགས་སུ་འཛུགས་པའི”བྱེད་ཐབས་འཐུས་ཚང་དུ་བཏང་བ་དང་། དབུལ་ཕོངས་སེལ་བའི་རྐྱེན་སྲོལ་བཙུགས་ཡོད། ཚན་རྩལ་དོ་དམ་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཐོ་རིམ་སློབ་གྲྭ་དང་ཚན་རྩལ་ཞིབ་འཇུག་ཁང་གི་རང་བདག་དབང་ཆ་ཇེ་ཆེར་བཏང་ཞིང་། ཤེས་བྱའི་རིན་ཐང་ཇེ་ཆེར་གཏོང་བ་དེ་ཕྱོགས་སྟོན་ཏུ་བརྩི་བའི་བགོ་བྱའི་སྲིད་ཇུས་འགྲེམ་སྤེལ་བྱས་པ་དང་། རྒན་གསོ་ཞབས་ཞུའི་ཚོང་རའི་སྒོ་ཕྱེས་ཡོད། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟ་རྒྱ་བསྐྱེད་པ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཞིབ་བསྡུར་དང་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཡོད། རང་བྱུང་ཐོན་ཁུངས་གཅིག་གྱུར་བྱས་ཐོག་དབང་ཆ་གཏན་འཁེལ་གྱིས་ཐོ་འགོད་བྱེད་ཐབས་གཏན་ལ་ཕབ་པ་དང་། ཞིང་ཆེན་རིམ་པ་མན་གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་གཞིའི་ལྟ་སྐུལ་ཚད་ལེན་དང་ལྟ་ཞིབ་ཀྱི་ཁྲིམས་བསྟར་ལ་ཐད་ཀར་དོ་དམ་དང་། རྨོ་ཞིང་རེས་མོས་ཀྱིས་འདེབས་པ་དང་འདེབས་མཚམས་འཇོག་པའི་བཅོས་སྒྱུར་སོགས་ཀྱི་ཚོད་ལྟ་བྱས་ཤིང་། གཙང་ཆུ་དོ་དམ་དཔོན་གྱི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་ཁ་གསབ་སྤྲོད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། བཅོས་བསྒྱུར་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ཡོད།

ཧུར་ཐག་གིས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ལམ་རྒྱུད་ཀྱི་རྒྱལ་ཁབ་དང་འཐབ་ཇུས་ལྡན་པའི་འབྲེལ་མཐུད་དང་དངོས་དོན་མཉམ་ལས་ལ་ཤུགས་སྣོན་བྱས་ཡོད། མི་དམངས་ཤོག་སྒོར་དངོས་སུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཆ་ཡོད་པའི་དངུལ་ལོར་ཁྱབ་ཁོངས་སུ་བཀོད་ཡོད་པ་དང་། “ཧྲིན་ཀྲིན་ནས་ཞང་ཀང་བར་གྱི་ཉོ་ཚོང་འགྲོ་འོང་”བྱེད་མགོ་བརྩམས་ཡོད། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་བཅུ་གཉིས་གསར་དུ་བཙུགས་ཤིང་། ཕྱིར་གཏོང་ནང་འདྲེན་རིམ་བཞིན་ཇེ་བརྟན་དུ་གྱུར་ཡོད། ཧྲང་ཧེ་སོགས་རང་དབང་ཉོ་ཚོང་ཚོད་ལྟའི་ཁུལ་བཅོས་སྒྱུར་གསར་སྐྲུན་བྱས་པའི་གྲུབ་འབྲས་ཁྱབ་སྤེལ་བྱས་པ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གསར་བ་བདུན་བཙུགས་ཡོད། ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱེད་ཐབས་སྤྱད་པའི་ས་ཁོངས་ཁ་ཤས་མ་གཏོགས། ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་ཁེ་ལས་འཛུགས་པ་དང་། སྒྱུར་བཅོས་ཀྱི་རིགས་ཚང་མ་ཞིབ་མཆན་འགོད་པ་ནས་ཐོ་འགོད་དོ་དམ་བྱེད་པའི་ཕྱོགས་སུ་བསྒྱུར་ཡོད། ཕྱི་རྒྱལ་གྱི་མ་དངུལ་མེ་སྒོར་དུང་ཕྱུར་སྟོང་གཅིག་དང་སུམ་བརྒྱ་དངོས་སུ་བཀོལ་སྤྱོད་བྱས་ཤིང་། སྔར་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོ་ཟིན་ཡོད།

བཞི་ནས་གསར་གཏོད་ཀྱི་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། འགུལ་ནུས་གསར་བ་ཇེ་མགྱོགས་སུ་སོང་ཡོད། དྲ་སྦྲེལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་དང་། 《ཀྲུང་གོས་བསྐྲུན་པའི2025ལོ》ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། “གསར་སྐྲུན་གཉིས”ཀྱི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་དང་འཐུས་ཚང་དུ་བཏང་ཡོད། 2030ལོར་ཁ་ཕྱོགས་པའི་ཚན་རྩལ་གསར་སྐྲུན་གྱི་ལས་གཞི་གལ་ཆེན་བཀོད་སྒྲིག་དང་ལག་བསྟར་བྱེད་མགོ་བརྩམས་པ་དང་། པེ་ཅིན་དང་ཧྲང་ཧེ་ཡིས་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་ལྟེ་གནས་གསར་བ་འཛུགས་པར་རོགས་སྐྱོར་བྱས་ཤིང་། རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དྲུག་གསར་འཛུགས་བྱས་ཡོད། སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་གསར་སྤེལ་གྲོན་དངུལ་དང་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བསྡུར་ཚད་དེ་བརྒྱ་ཆའི་གཉིས་དང་གྲངས་ཆུང་ཐིག་བརྒྱད་དུ་སླེབས་ཡོད། རྒྱལ་ནང་དུ་གོ་ཆོད་པའི་ཆེད་ལས་ཁེ་དབང་གསར་གཏོད་ཀྱི་འབོར་གྲངས་སྣ་ཁ་ས་ཡ་གཅིག་ལས་བརྒལ་བ་དང་། ལག་རྩལ་ཉོ་ཚོང་གི་མ་དངུལ་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་ཡོད། ཚན་རྩལ་ཡར་ཐོན་གྱི་གྲུབ་འབྲས་བརྒྱ་ཆའི་ང་དྲུག་དང་གྲངས་ཆུང་གཉིས་བར་འཕར་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་འདོན་ཚད་མུ་མཐུད་དུ་ཇེ་དྲག་ཏུ་གྱུར་ཡོད།

ལྔ་ནས་ས་ཁོངས་དང་མཁར་གྲོང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱས་པ་དང་། འཕར་སྣེ་གསར་བའི་འཕར་ཚུལ་གསར་བ་མགྱོགས་མྱུར་ངང་གྲུབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་གསུམ་མཉམ་དུ་འཕེལ་རྒྱས་ཡོང་བ། འབྲི་ཆུ་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཡོང་བ་བཅས་ཀྱི་འཐབ་ཇུས་ཆེན་པོ་གསུམ་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོས་པ་དང་། སྐོར་ཐེངས་གསར་བའི་བྱང་ཤར་དར་རྒྱས་ཡོང་བར་བྱེད་པའི་འཐབ་ཇུས་གསར་བ་དངོས་འབེབས་བྱེད་པ། དབུས་རྒྱུད་ས་ཁུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ། ཤར་རྒྱུད་ས་ཁུལ་སྔོན་མ་བྱས་ནས་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བཅས་བྱས་ཡོད། རྣམ་པ་གསར་བའི་མཁར་གྲོང་ཅན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་བ་དང་། ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ། སྡོད་གནས་ལག་འཁྱེར་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། གྲོང་ཁྱེར་དུ་གཞིས་ཆགས་པའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་དྲུག་འཕར་སྣོན་བྱུང་ཞིང་། འཕེལ་རྒྱས་ཀྱི་མཉམ་ལས་ཕན་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ཡོད།

དྲུག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་ཚད་གདེངས་འཇོག་དཔྱད་ཞིབ་བྱེད་ཐབས་གཏན་འཁེལ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཡོད། མཁའ་དབུགས་འབག་བཙོག་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དབྱང་གཉིས་ཐན་འགྱུར་དང་ཏན་དབྱང་རྫས་འགྱུར་དངོས་རྫས་ཀྱི་ཕྱིར་གཏོང་ཚད་སོ་སོར་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་དང་བརྒྱ་ཆའི་བཞིར་མར་ཆག་ཡོད། གནད་སའི་གྲོང་ཁྱེར་དོན་བཞི་ཡི་ལོ་རེའི་ཕྲ་རྡུལ(PM2.5)གར་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་མར་ཆག་ཡོད། ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་བཅོས་བྱས་ཏེ། ནུས་ཁུངས་གཙང་མའི་འཛད་སྤྱོད་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་ཐིག་གཅིག་དང་གྲངས་ཆུང་བདུན་ཇེ་མཐོར་སོང་བ། རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་ཐིག་གཉིས་མར་ཆག་ཡོད། ཆུའི་འབག་བཙོག་བཅོས་སྐྱོང་བྱས་པ་དང་ས་རྒྱུའི་འབག་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་འགྲེལ་སྤེལ་བྱས་ཡོད། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱས་པ་དང་། ཁོར་ཡུག་གི་བཅའ་ཁྲིམས་ལས་འགལ་བའི་གྱོད་གཞི་སྐོར་ཞིག་ཐག་གཅོད་ནན་མོ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས།

བདུན་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་ལ་དོ་སྣང་བྱས་པས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་སོང་ཡོད། ནོར་སྲིད་ཀྱི་གཏོང་ཡོང་སྣོན་ཤུགས་ཇེ་ཆེར་ཕྱིན་པའི་གནས་ཚུལ་འོག དམངས་ཚིས་ཐད་མ་དངུལ་གཏོང་ཚད་མུ་མཐུད་དུ་འཕར་སྣོན་བྱས་ཡོད། ལས་ཞུགས་གསར་སྐྲུན་གྱི་སྲིད་ཇུས་གསར་བ་བཏོན་པ་དང་། གནད་སའི་མི་ཚོགས་དང་གནད་སའི་ས་ཁུལ་གྱི་ལས་ཞུགས་བྱ་བ་ནན་ནན་ཏིག་ཏིག་གིས་ལེགས་པོར་སྒྲུབ་ཡོད། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱས་པ་དང་། རྒྱལ་ཡོངས་ཀྱི་ནོར་སྲིད་ཀྱིས་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་བཏང་ཚད་དུང་ཕྱུར་སྟོང་གཅིག་ལས་བརྒལ་ཡོད། མ་མཐའི་འཚོ་བའི་འགན་སྲུང་དང་། འཛུགས་སྐྱོང་། ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་བཅས་ཀྱི་གཞིར་རྩའི་རྒན་གསོ་མ་དངུལ་སོགས་ཀྱི་ཚད་གཞི་ཇེ་མཐོར་བཏང་ཞིང་། དཀའ་ངལ་ཡོད་པ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་པ་བྱེ་བ་གཅིག་དང་ས་ཡ་བདུན་ལྷག་ལ་འཚོ་བ་དང་བདག་སྐྱོང་གི་མ་དངུལ་ཁ་གསབ་བྱས་ཡོད། ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་གཏོང་སྒོ་ཡིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཟིན་པའི་བསྡུར་ཚད་མུ་མཐུད་དུ་བརྒྱ་ཆའི་བཞི་ལས་བརྒལ་ཡོད། གནད་སའི་མཐོ་རིམ་སློབ་གྲྭའི་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སློབ་མ་བསྡུ་བའི་མི་གྲངས་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་གསུམ་འཕར་ཡོད། ཞིང་སྡེའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མའི་མཐོ་འབྲིང་དཀྱུས་མའི་སློབ་ཡོན་མེད་པར་བཟོས་ཡོད། ལོ་ཧྲིལ་བོར་སློབ་གྲྭ་སྣ་ཚོགས་ཀྱི་ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་སློབ་མ་མི་ཐེངས་བྱེ་བ་བརྒྱད་དང་ས་ཡ་བཞི་ལྷག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ལམ་ལུགས་ཧྲིལ་བསྡུས་བྱས་ཏེ། ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཇེ་མང་དུ་བཏང་ཡོད། ནད་ལྗིད་མོའི་སྨན་བཅོས་ཉེན་ཚབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པ་དང་། གཏན་འཁེལ་དང་མཐུན་པའི་ཞིང་ཆེན་ནང་ཁུལ་དང་ས་གཞན་དུ་སྨན་བཅོས་དང་ཞག་སྡོད་བྱས་པའི་གྲོན་དངུལ་ཐད་ཀར་དུ་རྩིས་ཞུ་བྱེད་ཆོག་པར་བྱས་ཤིང་། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུར་ཤུགས་སྣོན་བྱས་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ལག་བསྟར་བྱས་པ་དང་། ལུས་རྩལ་པས་ལིས་ཡོ་རུ་བསྡུས་པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་ཡང་བསྐྱར་གྲུབ་འབྲས་བཟང་པོ་བླངས་ཡོད། ན་ནིང་ས་ཁུལ་ཁ་ཤས་དང་ཁྱད་པར་དུ་འབྲི་ཆུའི་འབབ་རྒྱུད་དུ་ཆུ་ལོག་གི་གནོད་པ་སོགས་གནོད་འཚེ་ཚབས་ཆེན་བྱུང་བ་དུས་ཐོག་ཏུ་ཉེན་སེལ་རྒུད་སྐྱོབ་བྱས་ཏེ། མགྱོགས་མྱུར་སྒོས་མི་ཐེངས་ས་ཡ་དགུ་ལྷག་བཀོད་སྒྲིག་བྱས་པ་དང་། ཚད་ངེས་ཅན་ཞིག་གི་སྟེང་ནས་གནོད་འཚེའི་ཁྲོད་བྱུང་བའི་གྱོང་གུད་ཇེ་དམར་བཏང་ཞིང་། བསྐྱར་འཛུགས་གོ་རིམ་ལྡན་པར་སྤེལ་ཡོད།

 བརྒྱད་ནི་སྲིད་གཞུང་འཛུགས་སྐྲུན་དང་བཅོས་སྐྱོང་ལ་སྐུལ་འདེད་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་འཛིན་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་བཅུ་གསུམ་ལ་གྲོས་ཞིབ་བྱེད་པར་རེ་བ་བཏོན་པ་དང་། སྲིད་འཛིན་ཁྲིམས་སྲོལ་བརྒྱད་གཏན་འཁེལ་དང་དག་བཅོས་བྱས་ཡོད། སྤྱི་པའི་ཇུས་ཐག་གཅོད་པར་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ནན་ཏན་སྒོས་དམངས་ཆེན་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཐག་གཅོད་བཟང་བོ་བྱས་ཡོད། སྲིད་དོན་སྤྱི་བསྒྲགས་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་རིམ་པའི་སྲིད་གཞུང་སྡེ་ཁག་གི་དབང་ཆ་དང་འགན་འཁྲི་གསལ་ཐོ་ཕྱོགས་ཡོངས་ནས་སྤྱི་བསྒྲགས་བྱས་ཡོད། ལྟ་ཞིབ་འགན་འཁྲི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་བྱེད་ཐེངས་གསུམ་པ་རྩ་འཛུགས་དར་སྤེལ་བྱས་ཏེ། ཐོན་ནུས་དོར་བ་དང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་དང་ཕྱོགས་གསུམ་པས་དཔྱད་དཔོག་བྱས་ཏེ། ས་ཁུལ་འགའ་ཞིག་གིས་གཏན་འབེབས་ལས་འགལ་ཏེ་ངར་ལྕགས་ཀྱི་རྣམ་གྲངས་གསར་སྐྲུན་བྱེད་པ་དང་། ས་གནས་ཀྱི་ངར་ལྕགས་ཐོན་སྐྱེད་ཕྱིར་འཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་རྩད་ཐག་གཅོད་ནན་མོ་བྱས་ཡོད། ཐོན་སྐྱེད་བདེ་འཇགས་ཀྱི་བྱ་བར་ཤུགས་བསྣན་ནས། དོན་རྐྱེན་བྱུང་གྲངས་དང་དོན་རྐྱེན་ཚབ་ཆེན་གྱི་གྲངས་ཀ་རིམ་བཞིན་ཇེ་ཉུང་དུ་སོང་ཡོད། སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁྲིམས་འགལ་ཉེས་ཅན་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་བའི་བདེ་འཇགས་སྲུང་སྐྱོབ་ལ་ཕན་ནུས་ཆེན་པོ་ཐོབ་ཡོད།

གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་འབེབས་དང་། སྤྱོད་ཚུལ་བཞི་ཡོ་བསྲང་མཐའ་གཅིག་ཏུ་བྱས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དོན་ཚན་ཁག་ལག་བསྟར་ནན་པོ་བཅས་བྱས་ཏེ། རུལ་སུངས་པ་ཁག་གཅིག་ལ་ཁྲིམས་མཐུན་ལྟར་ཁྲིམས་ཆད་བཅད་པས། རུལ་སུངས་འཐབ་རྩོལ་ལ་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཆགས་ཡོད།

འདས་པའི་ལོ་གཅིག་གི་རིང་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་གྲས་གྲོས་ཚོགས། གསེར་གྱིག་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད། ཉིང་རྡུལ་བདེ་འཇགས་ཀྱི་རྩེ་གྲས་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རབ་དང་རིམ་པའི་མཐོ་རིམ་གྲོས་ཚོགས། ཨེ་ཤ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་གྲོས་ཚོགས། ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་སོགས་ཀྱི་བྱ་འགུལ་གལ་ཆེན་སྟེང་ཞུགས་ཡོད་ལ། རྫ་ཆུ་དང་མེ་ཀུང་གཙང་བོའི་བཞུར་ཁུལ་མཉམ་ལས་ཀྱི་ཐོག་མའི་འགོ་ཁྲིད་པའི་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་། རྒྱལ་ཁབ་ཆེན་པོ་གཙོ་བོ་དག་ལ་མཐུན་སྦྱོར་མཉམ་ལས་བྱེད་པར་ཤུགས་སྣོན་པར་ཇེ་ཆེར་བཏང་བ། ཉེ་འཁོར་རྒྱལ་ཁབ་དག་ལ་ཁྱོན་ཡོངས་ནས་མཉམ་ལས་བྱེད་པར་སྐུལ་འདེད་རྒྱུན་མཐུད་བྱས་པ། འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་དག་ལ་མཛའ་མཐུན་མཉམ་ལས་བྱེད་པར་རྒྱུན་ཆད་མེད་པར་གཏིང་ཟབ་དུ་སྤེལ་བ། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དག་ལ་འབྲེལ་བ་འཛུགས་པ་སྔར་ལས་ཇེ་དམ་དུ་བཏང་བ་བཅས་བྱས་ཡོད། ཧུར་ཐག་སྒོས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བར་ཡར་སྐུལ་བྱེད་པ། «པ་ལིས་གྲོས་མཐུན»གྱི་གོ་ཆོད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཕྱི་འབྲེལ་དང་། མི་ཆོས་བརྗེ་རེས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མཚོ་རྒྱུད་བདག་དབང་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱུན་གཏན་བྱས་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་བླ་མེད་བཞག་ཡོད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་གཟབ་རྒྱས་དྲན་གསོ་ཞུས་པ་དེས་ང་ཚོའི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་བསྐྱོད་པ་དང་། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་འགྱུར་མེད་ཀྱི་བློ་སྟོབས་མངོན་ཡོད་པ་དང་། རྒྱལ་ཡོངས་མི་དམངས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཡག་པོ་བསྐྱོད་པ་བཅས་བྱས་ཏེ། རྒྱུན་མ་ཆད་པར་རྒྱལ་ཁ་གསར་བ་ལེན་པར་འགྱུར་མེད་ཀྱི་ཆོད་སེམས་གསལ་བོར་མངོན་ཡོད།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་ངོ་གཅིག་གི་གྲུབ་འབྲས་དེ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་ཀྱི་འབྲས་བུ་ཡིན་ལ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་པའི་འབྲས་བུའང་ཡིན་པས། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། དམངས་གཙོ་ཏང་ཁག་སོ་སོར། མི་དམངས་ཀྱི་ཚོགས་པ་སོ་སོར། ལས་རིགས་ཁག་གི་མི་སྣ་སོ་སོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་སོ་སོའི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་དུ་དཀའ་ཁག་དང་གནད་དོན་མི་ཉུང་བ་གནས་ཡོད་པ་ང་ཚོས་གསལ་བོར་ཤེས་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་བྱེད་པའི་སྒུལ་ཤུགས་སྔར་བཞིན་ཆེ་རུ་གཏོང་དགོས་ལ། ལས་རིགས་ཁ་ཤས་ཀྱི་ཐོན་ནུས་ལྷག་འཕྲོ་ཚབས་ཆེན་ཡིན་པ། ཁེ་ལས་ལ་ཤས་ཀྱི་ཐོན་སྐྱེད་བདག་གཉེར་བྱེད་པར་དཀའ་ཁག་མང་བ། ས་ཁུལ་དཔལ་འབྱོར་གྱི་འཕེལ་རིམ་ཁ་ཐོར་ཡིན་པ། ནོར་སྲིད་ཀྱི་ཡོང་སྒོ་དང་འགྲོ་སྒོའི་བར་འགལ་བ་ཆེ་བ། དཔལ་འབྱོར་དངུལ་རྩའི་ཉམས་ཉེན་འབྱུང་གཞིར་སྣང་ཆུང་བྱེད་མི་རུང་བ་བཅས་རེད། ཁོར་ཡུག་སྦགས་བཙོག་གི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ལྷག་པར་དུ་ས་ཁུལ་ཁ་ཤས་སུ་སྨུག་རྡུལ་ཚབས་ཆེན་འབྱུང་བཞིན་ཡོད་པས། བཅོས་སྐྱོང་གི་བྱེད་ཐབས་ཐད་ལ་སྔར་བས་ཤུགས་སྣོན་བྱེད་དགོས། སྡོད་ཁང་དང་སློབ་གསོ། སྨན་བཅོས། རྒན་གསོ། ཟས་རིགས་སྨན་རྫས་འཕྲོད་བསྟེན་བདེ་འཇགས། ཡོང་སྒོ་བགོ་བཤའ་སོགས་ཐད་ལ་མི་དམངས་མང་ཚོགས་ད་རུང་ཡིད་མི་ཚིམ་ས་མི་ཉུང་བ་ཞིག་ཡོད། རྡོ་སོལ་གཏེར་ཁ་དང་ཨར་ལས། འགྲིམ་འགྲུལ་སོགས་ཀྱི་ཁྱབ་ཁོངས་སུ་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འགའ་ཞིག་བྱུང་བ་ནི་བློ་ཕམ་རུང་བ་ཞིག་རེད། སྲིད་གཞུང་གི་བྱ་བའི་ཁྲོད་དུ་མི་འདང་ས་ཡོད་དེ། བཅོས་སྒྱུར་དང་སྲིད་ཇུས་ཀྱི་བྱེད་ཐབས་ཁ་ཤས་དངོས་འབེབས་བྱེད་ཐུབ་མེད་པ་དང་། ཁེ་ལས་དང་འབྲེལ་བའི་འགྲོ་དངུལ་བསྡུ་གྲངས་མང་བ་དང་། མང་ཚོགས་ཀྱི་བྱ་བ་སྒྲུབ་དཀའ་བ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ། སྲིད་འཛིན་ཁྲིམས་བསྟར་ཁྲོད་དུ་ཚད་ལྡན་མིན་པ་དང་། དྲང་བདེན་མིན་པ། ཚུལ་མིན་བཅས་ཀྱི་སྣང་ཚུལ་གནས་ཡོད་པ་དང་། ལས་བྱེད་པ་ཉུང་ཤས་ཀྱིས་སྲིད་འཛིན་སྒྱིད་ལུག་དང་སྣང་མེད་དུ་གཏོང་བ། ཁག་འགན་དཀྲི་རེས་བྱེད་པ། ཁྱབ་ཁོངས་ཁ་ཤས་སུ་རུལ་སུང་བའི་གནད་དོན་རྟག་ཏུ་འབྱུང་བཞིན་ཡོད། ང་ཚོས་ངེས་པར་དུ་འགྲན་སློང་ལ་ཐད་ཀར་ཕྱོགས་པ་དང་། འགན་འཁྲི་འཁུར་ཕོད་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་སྲིད་གཞུང་གི་བྱ་བ་ལེགས་པོར་སྒྲུབ་སྟེ། ལོ་རྒྱུས་ཀྱི་ལས་འགན་ལ་ངོ་མི་གནོང་བ་དང་། མི་དམངས་ཀྱི་རེ་བ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་རྒྱུ་ཡིན།

གཉིས། 2017ལོའི་བྱ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག
ད་ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་ཡིན་པས། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་དུ་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། སྲིད་གཞུང་གི་བྱ་བ་ལེགས་པོར་སྒྲུབ་དགོས་ན། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། ཏེན་ཞོ་ཕེན་གྱི་རིགས་པའིགཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་ཀྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་། བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་དོན་འཁྱོལ་གཏིང་ཟབ་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པ་གཅིག་གྱུར་སྐུལ་འདེད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་པ་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ། བརྟན་འཇགས་ངང་འཕེལ་རྒྱས་གཏོང་བའི་བྱ་བའི་དགོངས་གཞི་གཙོ་བོ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ལྟ་བ་གསར་བ་བརྟན་པོར་འཛིན་པ་དང་དངོས་འབེབ་མཐར་ཕྱིན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དམ་འཛིན་དང་སྣེ་ཁྲིད་བྱེད་པར་འཚམ་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཆེ་ཕྱོགས་ཀྱི་སྲིད་ཇུས་བརྟན་པོར་ཡོང་བ་དང་ཐོན་ལས་སྲིད་ཇུས་གནད་དུ་འཁེལ་བ། ཆུང་ཕྱོགས་ཀྱི་སྲིད་ཇུས་གསོན་ཤུགས་རྒྱས་པ། བཅོས་སྒྱུར་གྱི་སྲིད་ཇུས་དོན་དངོས་དང་མཐུན་པ། སྤྱི་ཚོགས་ཀྱི་སྲིད་ཇུས་འདེགས་སྐྱོར་བཅས་ཀྱི་སྲིད་ཇུས་ཀྱི་ཐབས་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྤྱིའི་དགོས་མཁོ་རྒྱ་བསྐྱེད་དུ་གཏོང་བར་འཚམ་པོར་ཡོང་བ། སྔོན་དཔག་གི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ། གསར་གཏོད་སྐུལ་སྤེལ་གཏིང་ཟབ་ཏུ་གཏོང་བ། འཕར་སྣོན་བརྟན་པོ་དང་བཅོས་སྒྱུར་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ཕན་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་ལེགས་པོར་སྒྲུབ་དགོས་པ་དང་། དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་ཕུལ་དུ་བྱུང་བར་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་རྒྱུ་ཡིན།

རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཚེ། ང་ཚོས་རྙོག་འཛིང་སྔར་ལས་ཆེ་བའི་གནས་བབ་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ཡིན། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ཞན་པའི་གནས་བབ་སྔར་བཞིན་རྒྱུན་བསྲིང་ཡིན་པ་དང་། གོ་ལ་ཧྲིལ་བོ་ལས་ལྡོག་པའི་བསམ་རྒྱུན་དང་སྲུང་སྐྱོབ་རིང་ལུགས་ཀྱི་ཕྱོགས་ལྷུང་ཐོན་འགོ་ཚུགས་པ། དཔལ་འབྱོར་དངོས་ཚན་གཙོ་བོའི་སྲིད་ཇུས་ཀྱི་འཕེལ་ཕྱོགས་དང་ཕྱིར་འཛིན་ནུས་སྣང་འགྱུར་གཞི་ཆེ་བ་དང་། བརྟན་འཇགས་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ནི་འགག་སྒྲོལ་རྙོག་སེལ་གྱི་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པ་དང་། དཔལ་འབྱོར་འཁོར་སྐྱོད་ལ་འགལ་བ་དང་གནད་དོན་འབུར་ཐོན་མི་ཉུང་བ་གནས་ཡོད་པས། དཀའ་ངལ་ལ་སྣང་ཆུང་བྱེད་མི་རུང་ལ། ཡིད་ཆེས་ལའང་གཡོ་འགུལ་ཐེབས་མི་རུང་། རང་རྒྱལ་གྱི་དངོས་པོའི་རྨང་གཞི་མཐུག་པ་དང་མི་ཤུགས་ཐོན་ཁུངས་འདང་ངེས་ཡིན་ཞིང། ཚོང་རའི་གཞི་ཁྱོན་ཆེས་ཆེ་བ་དང་། ཐོན་ལས་ཆ་ཚང་འཛོམས་པོ་ཡིན་པ། ཚན་རྩལ་ཡར་ཐོན་མགྱོགས་པ། རྨང་གཞིའི་སྒྲིག་ཆས་སྒྲིག་བཀོད་འཐུས་ཚང་ཡིན་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ཆ་རྐྱེན་བཟང་པོ་ཡོད་ལ། སྤྱི་ཁོག་སྙོམས་སྒྲིག་བྱེད་པར་གསར་གཏོད་ཀྱི་བྱེད་ཐབས་དང་སྲིད་ཇུས་ཀྱི་གྲབ་འཇོག་མང་པོ་བྱས་ཡོད། ཏང་གི་ཞུམ་མེད་འགོ་ཁྲིད་འོག་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། མི་དམངས་མང་ཚོགས་ཀྱི་འཛད་མཐའ་མེད་པའི་གསར་གཏོད་ཀྱི་ནུས་པར་བརྟེན་པ། མི་ཁྲི་སེམས་གཅིག་དང་ནུས་ཤུགས་གང་ཡོད་བཏོན་ནས་འབད་བརྩོན་བྱས་ནས་རང་རྒྱལ་འཕེལ་རྒྱས་ཡོང་བར་འོད་སྟོང་འབར་བའི་གྲུབ་འབྲས་གསར་བ་སྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

 ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་ཡས་མས་འཕར་བར་བྱེད་པ་དང་། བྱ་བ་དངོས་ཀྱི་ཁྲོད་གྲུབ་འབྲས་དེ་ལས་བཟང་པོ་ལེན་པར་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གསུམ་ཡས་མས་དང་། མཁར་གྲོང་དུ་ལས་ཀར་ཞུགས་པའི་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་འཕར་བ། གྲོང་ཁྱེར་དང་གྲོང་བརྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཡི་ནང་དུ་ཚོད་འཛིན་བྱེད་པ། ཕྱིར་གཏོང་ནང་འདྲེན་བརྟན་འཇགས་སུ་འགྲོ་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ། སྡོད་དམངས་ཀྱི་ཡོང་སྒོ་དང་དཔལ་འབྱོར་གྱི་འཕར་ཚད་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་བྱེད་རྒྱུ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ནུས་ཁུངས་ཟད་གྲོན་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞིའི་ཡན་མར་ཆག་པ། བཙོག་དངོས་ཕྱིར་ཕུད་ཚད་མུ་མཐུད་དུ་ཇེ་ཉུང་དུ་གཏོང་རྒྱུ། ད་ལོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་དམིགས་འབེན་ནི། དཔལ་འབྱོར་གྱི་ཆོས་ཉིད་དང་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པས། སྔོན་དཔག་གི་སྣེ་ཁྲིད་ཇེ་བརྟན་ཏུ་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཕན་ཐོགས་ཡོད་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དགོས་མཁོ་དང་འབྲེལ་མཐུད་བྱེད་པར་ཡང་ཕན་ཐོགས་ཡོད། འཕར་ཚུལ་བརྟན་འཇགས་སུ་གཏོང་བའི་དམིགས་འབེན་གཙོ་བོ་ནི་ ལས་ཞུགས་འགན་སྲུང་དང་དམངས་ཚིས་ལ་ཕན་པའི་ཆེད་དུ་ཡིན། ད་ལོའི་ལས་ཞུགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་ཡོད་པས། ལས་ཞུགས་སྔོན་མ་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་དང་། ལས་ཞུགས་ཀྱི་སྲིད་ཇུས་བཟང་པོ་ལག་བསྟར་བྱེད་རྒྱུ་ཡིན། མཁར་གྲོང་གི་གསར་དུ་འཕར་སྣོན་བྱུང་བའི་ལས་ཞུགས་ཀྱི་སྔོན་དཔག་དམིགས་འབེན་དེ་ན་ནིང་ལས་མི་ས་ཡ་གཅིག་འཕར་སྣོན་ཡོང་བར་བྱེད་རྒྱུ་ཡིན་པས། ལས་ཞུགས་ལ་མཐོང་ཆེན་བྱེད་པའི་ཕྱོགས་སྟོན་སྔར་ལས་འབུར་དུ་ཐོན་ཡོད། དཔལ་འབྱོར་གྱི་གཞི་རྩའི་ཁྱབ་རྒྱ་དང་ལས་ཞུགས་ཀྱི་འགུགས་ནུས་ལ་བལྟས་ཚེ། དམིགས་འབེན་འདི་འབད་བརྩོན་བྱས་པ་བརྒྱུད་ནས་མངོན་འགྱུར་བྱེད་ཐུབ་ངེས་རེད།

ད་ལོར་མུ་མཐུད་དུ་ནོར་སྲིད་ཀྱི་སྲིད་ཇུས་བཟང་པོ་དང་བརྟན་འཇགས་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་བཟང་པོ་ལག་བསྟར་བྱས་ཏེ། ས་ཁོངས་སྙོམ་སྒྲིག་གི་རྨང་གཞིའི་སྟེང་ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་དང་། སྐབས་བསྟུན་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས་སྔོན་དཔག་རང་བཞིན་དང་། གནད་ཕིགས་རང་བཞིན། གོ་ཆོད་པའི་རང་བཞིན་བཅས་ཇེ་མཐོར་གཏོང་རྒྱུ་དང་། འཛད་སྤྱོད་དང་དངུལ་གཏོང་། ས་ཁོངས། ཐོན་ལས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་མཐོང་ཆེན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་སྒོས་ས་ཁོངས་སུ་སྤེལ་བར་འགན་སྲུང་བྱེད་རྒྱུ།

ནོར་སྲིད་སྲིད་ཇུས་ཀྱི་དགེ་མཚན་དང་ནུས་པ་སྔར་ལས་ཆེན་པོ་ཐོན་པར་བྱེད་པ། ད་ལོར་ཆད་གྲངས་མཚལ་ཡིག་བརྒྱ་ཆའི་གསུམ་གྱི་ཚད་ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བརྒྱད་ལྷག་ཟིན་པར་བྱེད་རྒྱུ་དེ། ན་ནིང་ལས་སྒོར་དུང་ཕྱུར་སྟོང་གཉིས་འཕར་སྣོན་བྱུང་ཡོད། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་ལྔ་དང་། ས་གནས་ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་སྒོར་དུང་ཕྱུར་སྟོང་བརྒྱད་དང་སུམ་བརྒྱ་ཡོད། ས་གནས་ཀྱི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་སྟོང་བརྒྱད་བཀོད་སྒྲིག་བྱེད་རྒྱུ་དང་། ས་གནས་སྲིད་གཞུང་གི་བརྗེ་ལེན་བུན་འཛིན་མུ་མཐུད་དུ་འགྲེམ་སྤེལ་བྱེད་རྒྱུ་ཡིན། ད་ལོར་ཆད་གྲངས་མཚལ་ཡིག་གི་ཚད་མི་འགྱུར་བར་བྱེད་རྒྱུ་ནི། གཙོ་བོ་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་གྲོན་དངུལ་ཇེ་དམར་གཏོང་རྒྱུ་དེ་ཡིན་ཞིང་། ལོ་ཧྲིལ་བོར་མུ་མཐུད་དུ་ཁེ་ལས་ཀྱི་ཁྲལ་འཁྲི་སྒོར་དུང་ཕྱུར་སུམ་སྟོང་ལྔ་བརྒྱ་ཡས་མས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་སྒོར་དུང་ཕྱུར་སྟོང་གཉིས་ཙམ་བསྡུ་ལེན་བྱས་ནས། ཚོང་རའི་གྲུབ་ཆ་གཙོ་བོར་དངོས་གནས་ཕན་ཐོགས་ཡོད་པར་བྱེད་རྒྱུ། ནོར་སྲིད་ཀྱི་སྔོན་རྩིས་བཀོད་སྒྲིག་ནི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། འགན་ལེན་དང་གནོན་ཤུགས་ཟུང་ལྡན་བྱེད་པ། ཞན་ཆ་སྐོང་བ་དང་དམངས་ཚིས་ལ་ཕན་པར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་འཕར་སྣོན་ཡོང་བར་བྱས་ཏེ། གཙོ་བོ་དོ་མཉམ་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་དང་དཀའ་ཁག་ཆེ་བའི་ས་ཁུལ་གྱི་ནོར་ཤུགས་ཁ་གསབ་འཕར་སྣོན་བྱེད་པ། གཙོ་གནད་མིན་པའི་གཏོང་སྤྲོད་ཇེ་ཉུང་དུ་གཏོང་བ་དང་། བྱས་འབྲས་ཞན་པའི་ལས་གཞིའི་སྔོན་རྩིས་བཀོད་སྒྲིག་ཇེ་ཉུང་དུ་གཏོང་བ། རིམ་པ་སོ་སོའི་སྲིད་གཞུང་གིས་འཚོ་བ་རོལ་མཁས་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་སྡེ་ཁག་གིས་སྣེ་ཁྲིད་དེ། ཚང་མས་བརྒྱ་ཆའི་ལྔ་ལས་མི་ཉུང་བའི་སྒོ་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་ཇེ་ཉུང་དུ་གཏོང་བ་དང་། “གཞུང་གྲོན་ཁག་གསུམ”གྱི་མ་དངུལ་ཇེ་མང་དུ་གཏོང་མི་ཆོག་པ། མ་དངུལ་མང་པོ་གྲོན་ཆུང་བྱས་ཏེ་དཔྱ་ཁྲལ་དང་གྲོན་དངུལ་ཇེ་ཉུང་དུ་གཏོང་བའི་ཐད་བཀོལ་སྤྱོད་བྱེད་པ་དང་། གྲོན་ཆུང་དམངས་ཕྱུག་གི་སྲོལ་བཟང་རྒྱུན་འཁྱོངས་བྱེད་རྒྱུ་ཡིན།

དངུལ་ལོར་སྲིད་ཇུས་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་རྒྱུ། ད་ལོར་ཁྱབ་ཆེའི་དངུལ་ལོརM2དང་། སྤྱི་ཚོགས་ཀྱི་མ་དངུལ་ཧྲིལ་བསྡུས་ཀྱི་གཞི་ཁྱོན་ལྷག་གྲངས་གཉིས་ཀ་སྔོན་དཔག་ལྟར་བརྒྱ་ཆའི་བཅུ་གཉིས་ཡས་མས་འཕར་བར་བྱེད་པ་དང་། དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ཏེ། འཁོར་རྒྱུགས་རང་བཞིན་གཞི་རྩའི་ཆ་ནས་བརྟན་སྲུང་དང་ཚོང་རའི་སྐྱེད་ཀའི་ཚད་ལ་ལུགས་མཐུན་སྒོས་ཁྲིད་སྟོན་བྱེད་པ། བརྒྱུད་ཁྲིད་རྐྱེན་སྲོལ་འཛུགས་པ། དངུལ་རྩའི་ཐོན་ཁུངས་སྔར་ལས་མང་པོ་དངོས་ཕུང་དཔལ་འབྱོར་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱེད་པ་དང་། ལྷག་པར་དུ་“ཞིང་གསུམ”དང་ཁེ་ལས་ཆུང་བའི་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ། དངུལ་བརྗེས་ཚོང་ར་ཅན་དུ་སྒྱུར་བཅོས་བྱེད་པའི་ཁ་ཕྱོགས་རྒྱུན་འཁོངས་བྱས་ཏེ། རྒྱལ་སྤྱིའི་དངུལ་ལོར་མ་ལག་ཁྲོད་ཀྱི་མི་དམངས་ཤོག་སྒོར་གྱི་གནས་བབ་བརྟན་པོར་སྲུང་འཛིན་བྱེད་རྒྱུ་ཡིན།

ད་ལོའི་སྲིད་གཞུང་བྱ་བ་ལེགས་པོར་བསྒྲུབ་ན། གཤམ་གསལ་གྱི་ཕྱོགས་འགའ་དམ་འཛིན་བྱེད་དགོས། གཅིག་ནས་བརྟན་འཇགས་ངང་གོང་འཕེལ་ཡོང་བར་བྱེད་པའི་བྱ་བ་སྤྱིའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཐབ་ཇུས་ཀྱི་དངོས་ཤུགས་རྒྱུན་འཁྱོངས་བྱེད་རྒྱུ། བརྟན་འཇགས་ནི་ཁྱོན་ཡོངས་ལ་ཐུག་པས། ཤུགས་ཕུད་དེ་འཕར་སྣོན་བརྟན་འཇགས་དང་ལས་ཞུགས་འགན་སྲུང་། ཉེན་ཁ་སྔོན་འགོག་བཅས་གང་ཐུབ་བྱེད་པ་དང་། དངུལ་རྩ་བདེ་འཇགས་དང་དམངས་ཚིས་འགན་སྲུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་གཞི་རྩའི་ཚད་ཐིག་སྲུང་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་འགན་ལེན་བྱེད་རྒྱུ། བརྟན་འཇགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག ཡར་རྒྱས་བརྩོན་ལེན་བྱེད་ཕོད་པར་བྱས་ཏེ། བཅོས་སྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་དང་། གྲུབ་ཚུལ་ལེགས་སྒྲིག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། “ལས་འགན་ལྗིད་མོ”ཕྲག་ཏུ་ལེན་ཕོད་པར་བྱས་ཏེ། ཧུར་ཐག་སྒོས་གནད་འགག་གི་ཁྱབ་ཁོངས་སུ་གྲུབ་འབྲས་གསར་བ་ལེན་ཐུབ་པར་བྱེད་རྒྱུ། གཉིས་ནས་མཁོ་སྤྲོད་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་ལེགས་བཅོས་བྱེད་པ་དེ་འབད་འཐབ་བྱེད་ཡུལ་གཙོ་བོར་བྱས་ཏེ། ལས་ཁུངས་ཁུ་བསྡུ་དང་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་། ཚོང་རར་ཆོག་འཐུས་ཇེ་ལྷོད་དུ་གཏོང་བ། གསར་སྐྲུན་ལ་སྐུལ་མ་གཏོང་བ་བཅས་ལ་བརྟེན་ནས་མུ་མཐུད་དུ་ཆུང་ཕྱོགས་ཀྱི་གྲུབ་ཆ་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་བྱས་ནས། ཕན་ནུས་མེད་པ་དང་ཕན་ནུས་དམའ་བའི་མཁོ་སྤྲོད་ཇེ་ཉུང་ཏུ་གཏོང་བ་དང་། ཕན་འབྲས་མཐོ་བའི་མཁོ་སྤྲོད་ཀྱི་རྒྱ་སྐྱེད་དེ། དགོས་མཁོར་འཚམས་པ་དང་ཁྲིད་སྟོན་སྔར་ལས་བཟང་པོ་བྱེད་རྒྱུ་ནི་ཚུལ་སྒྱུར་རིམ་སྤོར་གྱི་བརྒྱུད་རིམ་ཡིན་ཞིང་། རེ་བས་ཁེངས་ཤིང་དཀའ་ཚེགས་ཆེ་ལ། དགོས་གཏུག་ཤིན་ཏུ་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཀྱང་རེད། ཞུམ་པ་མེད་པར་མདུན་དུ་བསྐྱོད་དེ་བློ་ཐག་རྦད་ཆོད་སྒོས་གནད་འགག་འདི་སྒྲོལ་རྒྱུ་ཡིན། གསུམ་ནས་སྤྱིའི་དགོས་མཁོ་འོས་འཚམས་སྒོས་རྒྱ་སྐྱེད་པའི་དུས་མཚུངས་སུ། ཕན་འབྲས་རང་བཞིན་ཡང་ཇེ་ཆེར་གཏོང་རྒྱུ།

རང་རྒྱལ་གྱི་ནང་མཁོའི་སྦས་ཤུགས་ཧ་ཅང་ཆེ་བས། ནང་མཁོ་རྒྱ་བསྐྱེད་པའི་དགོས་གལ་ཆེ་ལ། གཙོ་བོ་གནད་ལ་འཁེལ་བའི་ཤུགས་སྒྲིམ་ཡུལ་འཚོལ་རྒྱུ་ནི་འགག་རྩ་རེད། དམངས་ཚིས་ལེགས་བཅོས་ལ་དམིགས་ནས་འཛད་སྤྱོད་རྒྱ་བསྐྱེད་པ་དང་། ཞན་ཆ་གསབ་པ། གཏིང་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནང་མཁོ་རྒྱ་བསྐྱེད་པར་སྔར་བས་གོ་ཆོད་པ་དང་། རྒྱུན་བསྲིང་ཐུབ་པ། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དང་འདོན་སྤྲོད་ཕྱོགས་ཀྱི་དོ་དམ་གཉིས་ཕན་ཚུན་རམ་འདེགས་ཀྱིས་ཁེ་ཕན་འཐོབ་པར་བྱ་དགོས། བཞི་ནས་གསར་གཏོད་ལ་བརྟེན་ཏེ་སྒུལ་ཤུགས་གསར་རྙིང་སྤོ་བསྒྱུར་དང་གྲུབ་ཚུལ་ལེགས་བཅོས་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་འཕེལ་རྒྱས་ཀྱི་ད་ལྟའི་དུས་རིམ་འདིེར། གསར་གཏོད་ལ་མ་བརྟེན་ཚེ་མདུན་ལམ་མེད། ང་ཚོར་འཛམ་གླིང་ཐོག་མི་འབོར་མང་ཤོས་དང་བྱང་ཚད་མཐོ་ཤོས་ཀྱི་ངལ་རྩོལ་ནུས་ཤུགས་ཡོད་པ་དང་། གཞི་རྒྱ་ཆེ་བའི་ཚན་རྩལ་དང་ཆེད་ལས་ནུས་ལྡན་མི་སྣའི་དཔུང་ཁག་ཡོད་ཅིང་། གསར་གཏོད་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། བཅོས་བསྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་འཛིན་པ་དང་། མི་ཤུགས་དང་འཇོན་མིའི་ཐོན་ཁུངས་འདེགས་སྐྱོར་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྒུགས་ཤུགས་གསར་བ་ཇེ་རྒྱས་སུ་གཏོང་རྒྱུ་སྐྱེད་སྲིང་བྱེད་པ། སྲོལ་རྒྱུན་སྒུལ་ཤུགས་བསྒྱུར་བཀོད་རིམ་སྤོ་དང་། ཐོན་སྐྱེད་ཚད་གཞི་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་ལ་སྐུལ་འདེད་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་སླེབས་པ་བཅས་བྱ་རྒྱུ། ལྔ་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་བ། སྲིད་གཞུང་གིས་སྒྲུབ་པའི་ལས་དོན་མཐའ་དག་མི་དམངས་ཀྱི་ཆེད་དུ་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བཏབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱ་རྒྱུ། མང་ཚོགས་ཀྱིས་བསམ་འཆར་དྲག་པོ་འདོན་པ་དང་རེ་སྒུག་ཆེན་པོ་བྱེད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ལས་ཆ་རྐྱེན་ཚང་བའི་རིགས་ཐག་གཅོད་དམ་འཛིན་བྱས་ནས་དོན་བཟང་ལེགས་སྒྲུབ་བྱ་རྒྱུ་དང་། སྐབས་འཕྲལ་ཐག་གཅོད་བྱ་དཀའ་བའི་རིགས་ནུས་པ་གང་ཡོད་ཀྱིས་ཆ་རྐྱེན་བསྐྲུན་ཏེ་རིམ་གྱིས་ཐག་གཅོད་བྱ་རྒྱུ། ང་ཚོས་འབད་པ་ལྷོད་མེད་ངང་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ་བཅས་བྱས་ཐོག་སྤྱི་ཚོགས་དྲང་བདེན་དང་དྲང་བཞག་ཡོང་བར་བྱས་ཏེ། བསྙོན་དུ་མེད་པའི་འཕེལ་རྒྱས་ཀྱི་གནས་ལུགས་ཟབ་མོ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཐོག་མངོན་དུ་ཡོང་བར་བྱ་དགོས། 

གསུམ། 2017ལོའི་བྱ་བའི་ལས་འགན་གཙོ་བོ།
ད་ལོའི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་དཀའ་ཚེགས་ཆེ་བའི་ལས་འགན་ལ་གདོང་གཏད་དེ། ང་ཚོས་སྤྱི་ཡོངས་ལ་བསམ་པ་དང་གཅིག་གྱུར་སྒོས་ལྟ་རྟོག གཙོ་གནད་འབུར་དུ་ཐོན་པ་དང་གཙོ་གནད་འཛིན་པ། ཡང་དག་པའི་སྒོ་ནས་ཕྱོགས་མང་པོའི་ཐད་ཀྱི་འབྲེལ་བ་ཐག་གཅོད་བཅས་བྱེད་པར་གཤམ་གསལ་གྱི་ཕྱོགས་འགའ་གནད་དུ་འཛིན་དགོས་ཏེ།

(གཅིག) བཅོས་བསྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས “གསུམ་འདོར་གཅིག་གཅོག་གཅིག་གསབ” ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག གནས་ཚུལ་གསར་བ་དང་གནད་དོན་གསར་བར་དམིགས་ནས་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། གྲུབ་འབྲས་སྔར་ལས་ཆེན་པོ་བརྩོན་ལེན་བྱ་དགོས།

ཏན་ཏིག་སྒོས་ཐོན་ནུས་ཕན་འབྲས་ལྡན་པར་འདོར་རྒྱུ། ད་ལོར་མུ་མཐུད་དུ་ངར་ལྕགས་ཐོན་ནུས་ཏུན་ཁྲི5000ཡས་མས་གཅོག་རྒྱུ་དང་། རྡོ་སོལ་ཐོན་ནུས་ཏུན་དུང་ཕྱིར1.5ཡན་ཕྱིར་འཐེན་བྱེད་པའི་དུས་མཚུངས་སུ། སོལ་གློག་གི་ཐོན་ནུས་སྟོང་ཝ་ཁྲི5000ཡན་འདོར་བའམ་མཚམས་འཇོག་པ། ཡང་ན་འཛུགས་སྐྲུན་ཕྱིར་འགྱངས་བཅས་བྱས་ཏེ། སོལ་གློག་གི་ཐོན་ནུས་ལྷག་འཕྲོ་ཐལ་ཆེ་བའི་ཉེན་ཁ་སྔོན་འགོག་དང་། སོལ་གློག་ལས་རིགས་ཀྱི་ལས་ཆོད་ཆེ་རུ་བཏང་ནས། ནུས་ཁུངས་གཙང་མ་འཕེལ་རྒྱས་སུ་གཏོང་བར་བར་སྟོང་དབུལ་དགོས། ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁུངས་ཟད་གྲོན། སྤུས་ཚད། བདེ་འཇགས་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཚད་གཞི་བཅས་ལག་བསྟར་ནན་མོ་བྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་སྔར་ལས་མང་པོ་སྤྱད་དེ། “ནུས་ཤོར་ཁེ་ལས”ཐག་གཅོད་ཕན་འབྲས་ཐོན་པར་བྱས་ཐོག ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་དང་། མ་རྩ་སྟོངས་བའི་རིགས་ལ་ཞིབ་རྩིས་རྒྱག་པར་སྐུལ་འདེད། མཐའ་གཅིག་ཏུ་ཚད་ལྡན་མིན་པའི་རྗེས་ལས་ཐོན་ནུས་ཕྱིར་འཕུད་གཏོང་བ་དང་། ལྷག་ལུས་ཆེ་བའི་ལས་རིགས་ཀྱིས་ཐོན་ནུས་གསར་བ་གཉེར་བར་ཚོད་འཛིན་ནན་མོ་བྱེད་པ། ཐུན་ནུས་འདོར་བར་ངེས་པར་དུ་ལས་བཟོ་བ་བཀོད་སྒྲིག་ལེགས་པོ་བྱེད་པ། ཀྲུང་དབྱངས་ནོར་སྲིད་ཀྱི་ཆེད་སྤྱོད་བྱ་དགའི་ཁ་གསབ་མ་དངུལ་དུས་ཐོག་ཏུ་སྤྲོད་རྒྱུ། ས་གནས་དང་ཁེ་ལས་ཀྱིས་འབྲེལ་ཡོད་མ་དངུལ་དང་བྱེད་ཐབས་དོན་འཁྱོལ་ཡོང་བ་བྱས་ཏེ། ཁག་བགོས་ལས་བཟོ་བར་ལས་ཞུགས་ལམ་བུ་ཡོད་ཅིང་། འཚོ་བར་འགན་སྲུང་ཡོད་པར་ཁག་ཐེག་ནན་མོ་བྱ་དགོས། 

གྲོང་ཁྱེར་དང་བསྟུན་པའི་ཐབས་ཇུས་ཐོག་ནས་གསོག་ཉར་འདོར་རྒྱུ། མིག་སྔར་ཚད་རིམ་གསུམ་པ་དང་བཞི་བའི་གྲོང་ཁྱེར་དུ་ས་ཁང་གསོག་ཉར་བྱེད་ཚད་སྔར་བཞིན་མང་ཙམ་ཡོད་པས། གྲོང་ཁྱེར་སྡོད་དམངས་དང་ཕྱི་ཡོང་མི་སྣས་ཁང་བ་ཉོ་བའི་དགོས་མཁོ་ལ་རྒྱབ་སྐྱོར་བྱེད་དགོས། ཁང་བའི་སྡོད་གནས་ཀྱི་ངོ་བོ་རྒྱུན་འཁྱོངས་དང་ས་གནས་སྲིད་གཞུང་གི་བདག་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ས་ཁང་བདག་དབང་ཚོང་ར་བརྟན་འཇགས་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཡུན་ཕན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཚོང་ར་གཙོ་བོར་བྱས་ཏེ་རིམ་པ་ཁག་གི་དགོས་མཁོ་སྐོང་བ་དང་། སྲིད་གཞུང་གཙོ་བོར་བྱས་ཏེ་གཞི་རྩའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ། ས་ཁང་བདག་དབང་ཚོང་ར་རིགས་དབྱེའི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁང་བའི་རིན་གོང་འཕར་བའི་གནོན་ཤུགས་ཆེ་བའི་གྲོང་ཁྱེར་དུ་སྡོད་གནས་ཁང་ས་ཚུལ་མཐུན་སྒོས་ཇེ་ངམ་དུ་གཏོང་བ་དང་། གསར་སྤེལ་དང་ཕྱིར་འཚོང་། བར་བ་བཅས་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། གྲོང་ཁྱེར་ཆེན་པོའི་ནང་དུ་ཁང་བའི་རིན་གོང་ཚད་བརྒལ་གྱིས་འཕར་བ་བཀག་སྡོམ་བྱ་རྒྱུ། མིག་སྔར་གྲོང་ཁྱེར་དང་གྲོང་རྡལ་དུ་ད་དུང་ཡང་མི་ཁྲི་སྟོང་མང་པོ་ཆ་རྐྱེན་ཞན་པའི་སྤྱིལ་ཁྱིམ་དུ་བསྡད་ཡོད་པས་སྒྱུར་བཀོད་རྒྱུན་མཐུད་བྱེད་དགོས། ད་ལོར་ཡང་བསྐྱར་སྤྱིལ་ཁྱིམ་སྡོད་ཁང་ས་ཡ་དྲུག་སྒྱུར་བཀོད་ལེགས་འགྲུབ་བྱེད་པ་དང་། གཞུང་གི་བོགས་གཏོང་ཁང་བ་སོགས་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བ། ཡུལ་བབ་དང་བསྟུན་པ་དང་། ཐབས་སྣ་ཚོགས་སྒོས་དངུལ་ལོར་ཅན་གྱི་བཀོད་སྒྲིག་བསྡུར་ཚད་མཐོ་རུ་གཏོང་རྒྱུ། སྒྲིག་ཆས་འཛུགས་སྐྲུན་ཆ་ཚང་དང་སྤྱི་བའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ། སྡོད་ཁང་དཀའ་ངལ་ཆེ་བའི་ཁྱིམ་ཚང་སྔར་ལས་མང་པོ་སྤྱིལ་ཁྱིམ་ལས་འབྲལ་དུ་འཇུག་རྒྱུ་དང་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལ་གཞི་སྡོད་བྱེད་སར་འཚོ་བ་གསར་བ་སྐྲུན་དུ་འཇུག་དགོས།

ཧུར་བརྩོན་བརྟན་བརླིང་སྒོ་ནས་བཀན་ཤིང་འདོར་རྒྱུ། རང་རྒྱལ་གྱི་དངུལ་རྩ་མ་ཡིན་པའི་ཁེ་ལས་ཀྱིས་བཀན་ཤིང་སྤྱོད་ཚད་ཅུང་ཆེ་བ་ནི་དངུལ་བཅོལ་ཚད་ཆེ་བ་དང་། ཡིད་རྟོན་དངུལ་བུན་གཙོ་བོར་གྱུར་བའི་དངུལ་བསྡུའི་གྲུབ་ཚུལ་དང་འབྲེལ་བ་ཡོད། སྤྱིའི་བཀན་ཤིང་སྤྱོད་ཚད་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁེ་ལས་ཀྱི་བཀན་ཤིང་སྤྱོད་ཚད་གཅོག་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་དགོས། ཁེ་ལས་ཀྱི་མ་དངུལ་གསོག་གྲངས་འཁྲུག་པོ་ཡོང་བར་བྱེད་པ་དང་། མ་རྩ་འཛིན་བྱང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བར་རྒྱབ་སྐྱོར་དང་། རིམ་པ་མང་བའི་མ་རྩའི་ཚོང་ར་འཕེལ་རྒྱས་སུ་གཏོང་བ། རྐང་འཛིན་དངུལ་བསྡུའི་ཤུགས་ཚད་ཆེ་རུ་གཏོང་བ། ཁེ་ལས་སྤྱི་དང་ལྷག་པར་ཏུ་རྒྱལ་དབང་ཁེ་ལས་ཀྱི་བཀན་ཤིང་གཅུན་འདོམས་བྱེད་པ་ནན་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་འགན་ལེན་རིམ་བཞིན་ཚུལ་མཐུན་སྒོས་མར་ཆག་པར་བྱ་རྒྱུ་དེ་ཡིན

བྱེད་ཐབས་སྣ་མང་སྤྱད་དེ་མ་དངུལ་གཅོག་པ། ཁེ་ལས་ཆུང་བ་དག་ལ་དཔྱ་ཁྲལ་ཕྱེད་ཀ་ལས་མི་བསྡུ་བའི་གཟིགས་སྐྱོང་བྱེད་ཁོངས་རྒྱ་བསྐྱེད་བཏང་སྟེ། ལོ་རེའི་དཔྱ་ཁྲལ་ཡོང་འབབ་མཐོ་ཤོས་སྒོར་འབུམ་གསུམ་ནས་སྒོར་འབུམ་ལྔ་རུ་ཇེ་མཐོར་གཏོང་བ། ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་གི་ཞིབ་འཇུག་གྲོན་དངུལ་སྡེབ་རྩིས་ཀྱིས་འཐེན་པའི་བསྡུར་ཚད་50%ནས་70%རུ་ཇེ་མཐོར་གཏོང་རྒྱུ་དང་ཐབས་བརྒྱ་ཇུས་སྟོང་གིས་གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་གཅོག་ཚད་དང་ཕན་ནུས་སྔར་ལས་མངོན་གསལ་ཡོང་བ་བྱ་དགོས། རྣམ་གྲངས་མང་བའི་དངུལ་བསྡུས་ཀྱིས་ཁེ་ལས་མང་པོ་ཞིག་གི་ཁུར་བོ་ཇེ་ལྗིད་དུ་སོང་བས། དཔྱ་ཁྲལ་མ་ཡིན་པའི་ཁུར་བོ་འབོར་ཆེན་ཇེ་ཡང་དུ་གཏོང་དགོས། གཅིག་ནས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་བཟོ་བ་དང་། གྲོང་ཁྱེར་སྤྱི་སྤྱོད་ལས་རིགས་ཀྱི་ཁ་སྣོན་སོགས་ཀྱི་ཐེབས་རྩ་མེད་པར་བཟོ་བ། ས་གནས་སྲིད་གཞུང་ལ་ཐེབས་རྩ་ཁག་ཅིག་རང་བདག་བྱེད་པའི་དབང་ཆ་སྤྲོད་པ། གཉིས་ནས་ཀྲུང་དབྱང་གི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བྱ་ལས་རང་བཞིན་གྱི་དངུལ་བསྡུའི་རྣམ་པ་སོ་ལྔ་མེད་པར་བཟོ་བའམ་བསྡུ་མཚམས་འཇོག་ཏུ་བཅུག་སྟེ། དངུལ་བསྡུའི་རྣམས་གྲངས་ཕྱེད་ཀ་ཡན་ཉུང་དུ་གཏོང་བ་དང་སོར་འཇོག་བྱས་པའི་རྣམ་གྲངས་དག་ལ་དངུལ་བསྡུ་བའི་ཚད་གཞི་གཅོག་ཅི་ཐུབ་བྱེད་པ། ས་གནས་ཁག་གིས་ཀྱང་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བྱ་ལས་རང་བཞིན་གྱི་དངུལ་བསྡུ་ཉུང་དུ་གཏོང་བ། གསུམ་ནས་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་པའི་ཁེ་ལས་གཉེར་སྐྱོང་རང་བཞིན་དང་འབྲེལ་བའི་དངུལ་བསྡུ་ཉུང་དུ་གཏོང་བ་དང་། སྲིད་འཛིན་གྱིས་མཆན་འགོད་བྱས་པའི་བར་བའི་ཞབས་ཞུའི་སྒྲིག་འགལ་དངུལ་བསྡུའི་རིགས་གཙང་སེལ་དང་། དངུལ་རྩ་དང་ལྕགས་ལམ་ཟོག་འདྲེན་སོགས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་གཉེར་སྐྱོང་རང་བཞིན་དང་འབྲེལ་བའི་དངུལ་བསྡུ་ལ་སྐུལ་འདེད་གཏོང་བ། ཚོང་རའི་སྙོམས་སྒྲིག་རིགས་ཀྱི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་དངུལ་བསྡུའི་ལྟ་སྐུལ་ལ་ཤུགས་རྒྱག་པ། བཞི་ནས་འགན་བཅོལ་ལྔ་དང་གསོག་དངུལ་གཅིག་ལ་འབྲེལ་བ་ཡོད་པའི་དངུལ་བསྡུའི་བསྡུར་ཚད་མུ་མཐུད་ནས་འོས་འཚམ་གཅོག་པ། ལྔ་ནས་བཅོས་སྒྱུར་གཏིང་ཟབ་དང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་ཁེ་ལས་ཀྱི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་གཅོག་པ། ནུས་བཀོལ་དང་དངོས་ཟོག་འགྲེམས་ཤོར་བཅས་ཀྱི་་མ་གནས་གཅོག་པ། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཁག་ཚང་མས་ཁེ་ཆུང་དོར་ཏེ་བདེན་དོན་ལ་བསམ་ཤེས་བྱས་ནས། ཁེ་ལས་ལས་གཉེར་གྱི་ཐོག་ནས་ཆ་རྐྱེན་བསྐྲུན་ཏེ་རང་རྒྱལ་གྱི་འགྲན་རྩོད་གནས་བབ་གསར་བ་ཆགས་པར་བྱ་དགོས།

ཞན་ཆ་གནད་དུ་འཁེལ་བར་གསབ་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་བཀག་རྒྱ་ཚབས་ཆེན་བཟོས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ལག་བསྟར་བྱས་ནས་གཏན་ལ་ཕབ་པའི་ལས་གཞི་ཆེན་པོ་དང་ཟུང་དུ་སྦྲེལ་བ་དང་། མི་འདང་ས་ཁ་གསབ་བྱེད་པའི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་ཆས། གསར་གཏོད་འཕེལ་རྒྱས། ཐོན་ཁུངས་ཁོར་ཡུག་སོགས་ཀྱི་གདེགས་སྐྱོར་ནུས་པ་མགྱོགས་མྱུར་གྱིས་ཇེ་མཐོར་གཏོང་དགོས། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆེས་ཆེ་བའི་མི་འདང་ས་ཡིན་པས། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གཏིང་ཟབ་སྒོས་ལག་བསྟར་བྱས་ནས་ད་ལོར་མུ་མཐུད་དུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་གཅིག་གི་ཡན་ཆད་ཇེ་ཉུང་དུ་གཏོང་བ་དང་། དབུལ་སྐྱོར་མི་གྲངས་ས་ཡ་གསུམ་དང་འབུམ་བཞི་ས་ཆ་གཞན་པར་གནས་སྤོར་བ་ལེགས་འགྲུབ་བྱ་དགོས། ཀྲུང་དབྱང་ནོར་སྲིད་ཆེད་བཀོལ་དབུལ་སྐྱོར་མ་དངུལ་བརྒྱ་ཆའི་སུམ་ཅུའི་ཡན་འཕར། ཧ་ཅང་དཀའ་ཁག་ཆེ་བའི་ས་ཁུལ་དང་གསར་བརྗེའི་ས་ཁུལ་རྙིང་བ། མཐའ་འཚམས་དང་མི་རིགས་ས་ཁུལ་ཕྱོགས་གཅིག་ཏུ་བསྡུས་ནས་གསར་སྤེལ་བྱེད་པར་ཤུགས་སྣོན་པ། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་ལེགས་བཅོས་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ངལ་རྩོལ་པ་ཕྱིར་གཏོང་བ། སློབ་གསོ་དང་བདེ་ཐང་དབུལ་སྐྱོར་ལ་སྐུལ་སྤེལ་བྱེད་པ། ནད་སོགས་ཀྱི་དབང་གིས་དབུལ་བོར་གྱུར་བའི་མང་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པ་དང་དབུལ་ཕོངས་སྡེ་བ་ཧྲིལ་བོ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་རང་སྟེང་འཕེལ་རྒྱས་ཀྱི་ནུས་ཤུགས་ཇེ་མཐོར་གཏོང་དགོས། དབུལ་ཕོངས་རྫོང་གི་ཞིང་འབྲེལ་མ་དངུལ་ཕྱོགས་གཅིག་ཏུ་བསྡུ་བར་སྐུལ་འདེད་བྱས་ནས་མ་དངུལ་དང་ལས་གཞིའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་མཐུན་སྦྱོར་ཀྱི་ནང་རྐྱེན་གསར་གཏོད་བྱས་ཏེ་སྤྱི་ཚོགས་སྟོབས་ཤུགས་ཀྱང་དབུལ་སྐྱོར་བྱ་བར་ཞུགས་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་དགོས། དབུལ་སྐྱོར་མཁྲེགས་གཏོར་གྱི་འགན་འཁུར་ལམ་ལུགས་ཏན་ཏིག་གིས་དོན་འཁྱོལ་བྱེད་དགོས་པ་སྟེ། ཧ་ཅང་གཟབ་ནན་གྱི་དཔྱད་འཇོག་དཔྱད་ཞིབ་ལག་བསྟར་བྱས་ནས། “དབུལ་ཐར་རྫུན་བཟོ། དབུལ་ཐར་འུར་སྒྲོག། གྲངས་ཀའི་དབུལ་ཐར”སོགས་ལ་རྩད་ཞིབ་ནན་མོ་བྱས་ནས། དབུལ་ཐར་བྱ་བར་མང་ཚོགས་ཀྱིས་ཁས་ལེན་བྱེད་པ་དང་ལོ་རྒྱུས་ཀྱིས་ཞིབ་དཔྱད་བྱས་ཆོག་པར་ཁག་ཐེག་བྱེད་དགོས།

(གཉིས།)ཁྱབ་ཁོངས་གཙོ་བོ་གཏིང་ཟབ་དང་གནད་འགག་གི་དུས་རིམ་བཅོས་བསྒྱུར་བྱེད་པ། ཕྱོགས་ཡོངས་ནས་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་ནས། རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་བཅོས་བསྒྱུར་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པ་དང་། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲགས་ཏུ་གཏོང་དགོས།

མུ་མཐུད་དུ་སྲིད་གཞུང་འགན་ནུས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད་བྱས་ནས། ཚོང་ར་ཡིས་ཐོན་ཁུངས་ལེགས་སྒྲིག་ཁྲོད་གཏན་ཁེལ་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་བཟང་བོ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དུ་འཇུག་དགོས་ལ་ངེས་པར་དུ་གཏིང་ཟབ་སྒོས་སྲིད་བསྡུ་དབང་གཏོང་དང་། དབང་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུའི་བཅོས་བསྒྱུར་ལེགས་བཅོས་བྱེད་དགོས། འདི་ནི་སྲིད་གཞུང་རང་སྟེང་གི་གཏིང་ཟབ་པའི་གསར་བརྗེའི་ཐེངས་ཤིག་ཡིན་པ་དང་། མུ་མཐུད་དུ་སྤོབས་པ་ཆེར་བསྐྱེད་དང་དཀའ་ངལ་ཁྱད་སེལ་གྱིས་མདུན་དུ་སྐྱོད་དགོས། ཕྱོགས་ཡོངས་ནས་རྩིས་ཐོའི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་དབང་ཆ་དང་འོས་འགན་རྩིས་ཐོ་གཏན་ལ་ཕབ་ནས། ཚོང་རར་ཞུགས་ཚད་ཀྱི་ལྡོག་ཕྱོགས་ཀྱི་རྩིས་ཐོ་ཚོད་ལྟ་བྱེད་ས་མགྱོགས་མྱུར་སྒོས་རྒྱ་བསྐྱེད་དེ། སྲིད་གཞུང་གི་རང་དབང་ཐག་གཅོད་དབང་ཆ་ཇེ་ཉུང་དུ་གཏོང་བ་དང་། ཚོང་རའི་རང་བདག་གདམ་གསེས་དབང་ཆ་ཇེ་མང་དུ་གཏོང་དགོས། ཐོན་སྐྱེད་དང་ཞབས་ཞུའི་ལས་གཉེར་དཔང་ཡིག་སྐོར་ཞིག་མེད་པར་གཏོང་བ་དང་། ཚོང་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་ཏེ་དཔང་ཡིག་མང་པོ་ཕྱོགས་གཅིག་ཏུ་བསྡུ་བ་ལག་བསྟར་བྱས་ནས་ཚོང་གཉེར་དཔང་ཡིག་ལོག་འབྱེད་བཅོས་བསྒྱུར་ཚོད་ལྟ་བྱེད་ས་རྒྱ་བསྐྱེད་པ་དང་། བྱ་བ་སྒྲུབ་སྐབས་དང་བྱ་བ་སྒྲུབ་རྗེས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་དོ་དམ་གྱིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པ་དང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། མགྱོགས་མྱུར་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཁག་དང་ས་གནས་སྲིད་གཞུང་གི་ཆ་འཕྲིན་མ་ལག་ཕན་ཚུན་འབྲེལ་མཐུད་བྱས་ཏེ་རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་དོན་ཞབས་ཞུའི་འཕྲིན་སྟེགས་གྲུབ་པར་བྱེད་དགོས། ང་ཚོས་ངེས་པར་དུ་ཁེ་ལས་དང་མང་ཚོགས་ལ་དམ་ལྷོད་ཟུང་འབྲེལ་ཞབས་ཞུ་བསྒྱུར་བའི་བཅོས་སྒྱུར་ཕན་འབྲས་ཉམས་སུ་མྱོང་དུ་བཅུག་ནས། མཇུག་མཐའི་ལམ་བུ་བཏོད་དེ་རྙོག་རྫོབ་དང་སྣང་མེད་ཀྱི་ཞན་ཆ་གཙང་སེལ་དང་། དྲང་བདེན་གྱི་ཐབས་ཇུས་ལག་བསྟར་བྱས་ནས་སྟབས་བདེའི་སྒོ་མོ་ཡངས་བོར་ཕྱེ་དགོས།

མུ་མཐུད་དུ་ནོར་ཁྲལ་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ཏེ་ཕྱོགས་ཡོངས་ནས་བདག་གཉེར་དཔྱ་ཁྲལ་སྤྲོད་པ་དེ་འཕར་སྣོན་རིན་ཐང་དཔྱ་ཁྲལ་དུ་བསྒྱུར་བའི་སྲིད་ཇུས་ཁྱབ་གདལ་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་དགོས། འཕར་སྣོན་ཁྲལ་དངུལ་གྱི་གྲུབ་ཚུལ་སྟབས་བདེ་རུ་བཏང་ནས་ད་ལོར་ཁྲལ་བསྡུ་ཚད་ཀྱང་རིམ་པ་བཞི་ནས་རིམ་པ་གསུམ་པར་ཇེ་དམའ་རུ་བཏང་སྟེ། གསལ་བོ་དང་དྲང་བདེན་གྱི་ཁྲལ་བསྡུ་ཁོར་ཡུག་ཅིག་བསྐྲུན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཀྱི་ཁྲལ་བསྡུ་འགན་ཁུར་ཇེ་ཡངས་སུ་གཏོང་དགོས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དབང་ཆ་དང་ཕྱིར་གཏོང་འོས་འགན་གཉིས་ཀྱི་དབྱེ་བ་འབྱེད་པའི་བཅོས་བསྒྱུར་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ཡོང་སྒོ་རིགས་དབྱེའི་སྤྱིའི་ཇུས་གཞི་གཏན་ལ་ཕབ་དགོས་པ་དང་། ས་གནས་དཔྱ་ཁྲལ་མ་ལག་ཆ་ཚང་བར་བྱེད་པ་དང་ས་གནས་སྲིད་གཞུང་གི་བུ་ལོན་བསྡུ་བའི་རྣམ་པ་ཚད་ལྡན་ཅན་དུ་གཏོང་དགོས། གཏིང་ཟབ་ཀྱིས་སྲིད་གཞུང་སྔོན་རྩིས་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བྱས་ནས་འཁོར་སྐྱོད་བྱེད་མ་ཐུབ་པའི་མ་དངུལ་འཁོར་སྐྱོད་བྱེད་ཐུབ་པར་ཤུགས་བསྣན་ནས་མ་དངུལ་བཀོལ་སྤྱོད་བྱེད་ཚད་ཇེ་མཐོར་གཏོང་བ་དང་། མ་དངུལ་གཏོང་ས་གསལ་བོ་བྱེད་པ་དང་ཕན་འབྲས་ཡོད་པར་བྱེད་དགོས།

དངུལ་ལོར་སྒྲིག་གཞི་བཅོས་བསྒྱུར་དམ་འཛིན་བྱེད་དགོས། དངུལ་ལོར་སྒྲིག་གཞིའི་ལྟེ་བ་འབུར་ཐོན་དང་བརྟན་པོ་ཡོང་བར་སྐུལ་འདེད་བྱས་ཏེ་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས་ལ། དངོས་ཡོད་མིན་པར་རྫུན་བཟོ་ལ་ཁ་ཕྱོགས་པ་གཏན་འགོག་བྱེད་རྒྱུ། ཚོང་ལས་དངུལ་ཁང་ཆེ་འབྲིང་དུ་ཀུན་ཕན་དངུལ་ལོར་ལས་དོན་པུའུ་འཛུགས་པར་སྐུལ་མ་གཏོང་དགོས་ལ། རྒྱལ་ཁབ་ཀྱི་དངུལ་ཁང་ཆེ་གྲས་ཀྱིས་དོན་དེར་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱས་ནས་སྔོན་ལ་ལག་བསྟར་བྱས་ཏེ། ཁྱད་པར་རང་བཞིན་གྱི་དཔྱད་ཞིབ་གདེང་འཇོག་བྱེད་ཐབས་དང་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་དགོས་ལ། ཕན་འབྲས་ཡོད་པའི་སྒོ་ནས་ཁེ་ལས་འབྲིང་བ་དང་ཆུང་བ། ཆེས་ཆུང་བ་སོགས་ཀྱི་དངུལ་བསྡུ་དཀའ་བ་དང་། དངུལ་བསྡུ་ཚད་མཐོ་བའི་གནད་དོན་ཞི་ལྷོད་དུ་བཏང་ནས་སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་ལོར་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་སྡེའི་ཡིད་རྟོན་དངུལ་ཁང་གི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ནས་ཞིང་གསུམ་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། རིམ་པ་མང་པོའི་མ་རྩའི་ཚོང་ར་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་ཚོང་ར་གཙོ་བོའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ལས་སྒོ་གསར་སྤེལ་ཁག་དང་། ལས་གཉེར་གསར་བ་གསུམ་གྱི་ཁག་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས་ས་ཁུལ་རང་བཞིན་གྱི་མ་རྐང་དབང་ཆའི་ཚོང་ར་ཚད་ལྡན་སྒོས་འཕེལ་རྒྱས་སུ་གཏོང་དགོས། ཉེན་སྲུང་མ་དངུལ་གྱིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ལམ་བུ་རྒྱ་བསྐྱེད་དེ་ཤུགས་ཆེན་པོས་ཚད་ལྡན་གྱི་དངུལ་ལོར་འཕེལ་རྒྱས་སུ་གཏོང་དགོས་པ་དང་དངུལ་བསྡུ་བོགས་གཏོང་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། དེང་སྐབས་མ་ལག་རང་བཞིན་གྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་མོད། འོན་ཀྱང་མི་ལེགས་པའི་རྒྱུ་ནོར་དང་བུན་དབང་གན་འགལ། གྲིབ་གཟུགས་དངུལ་ཁང་། མཉམ་འབྲེལ་དྲ་རྒྱའི་དངུལ་ལོར་སོགས་ཀྱི་ཉེན་ཁ་ལ ་དོགས་ཟོན་ཆེན་པོ་བྱེད་དགོས། དངུལ་ལོར་དོ་དམ་སྒྲིག་གཞི་བཅོས་བསྒྱུར་ལ་ཧ་ཅང་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། གོ་རིམ་ཡོད་པའི་སྒོ་ནས་ཉེན་ཁ་ཆེ་ས་འབུར་ཐོན་དག་ཇེ་ཉུང་དང་ཐག་གཅོད་བྱེད་དགོས་ལ། དངུལ་ལོར་སྒྲིག་ལམ་དག་ཐེར་དང་ཚད་ལྡན་ཅན་དུ་གཏོང་བ་དང་དངུལ་ལོར་ཉེན་ཁ་འགོག་པའི་བྱེད་ཐབས་སྲ་བརྟན་དུ་གཏོང་དགོས། རང་རྒྱལ་གྱི་དཔལ་འབྱོར་རྩ་བའི་ཆ་ནས་བཟང་ལ། ཚོང་ལས་དངུལ་ཁང་གི་མ་རྩ་འདང་ཚད་དང་གྲ་སྒྲིག་མ་དངུལ་གྱི་ཁེབས་ཚད་ཅུང་མཐོ་བ་དང་། བཀོལ་སྤྱོད་བྱེད་ཆོག་པའི་ལག་ཆ་དང་བྱེད་ཐབས་ཀྱང་མང་བས་མ་ལག་རང་བཞིན་གྱི་དངུལ་ལོར་ཉེན་ཁ་མི་འབྱུང་བར་ང་ཚོར་ཡིད་ཆེས་དང་གདིང་ཤུགས་ཡོད་ལ། ནུས་ཤུགས་དང་བྱེད་ཐབས་ཀྱང་ཡོད།

རྒྱལ་དབང་ཁེ་ལས་དང་རྒྱལ་དབང་རྒྱུ་ནོར་གྱི་བཅོས་བསྒྱུར་ལ་གཏིང་ཟབ་པའི་སྐུལ་འདེད་གཏོང་བ། དཀྱིལ་སྙིང་འགྲན་རྩོད་ནུས་ཤུགས་དང་ཐོན་ཁུངས་བཀོད་སྒྲིག་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དམིགས་འབེན་དུ་བཟུང་ནས། ཕན་འབྲས་ལྡན་ལ་དོ་མཉམ་ཡིན་པའི་ཀུང་ཟིའི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་དང་འགྱུར་བག་ཆེ་ལ་ཕན་འབྲས་མཐོ་བའི་ཚོང་ར་ཅན་གྱི་ཚོང་གཉེར་ནང་རྐྱེན་གྲུབ་པར་བྱེད་དགོས། ད་ལོར་ཀུང་ཟི་ལམ་ལུགས་ཀྱི་བཅོས་བསྒྱུར་རྩ་བའི་ཆ་ནས་ཡོངས་འགྲུབ་བྱེད་དགོས། མཉམ་བསྲེས་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། གློག་ཤུགས་དང་རྡོ་སྣུམ། རང་བྱུང་སོལ་རླངས། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། གློག་འཕྲིན། དམག་དོན་བཟོ་ལས་སོགས་ཀྱི་ཁྱབ་ཁོངས་ནས་དངོས་སུ་གོམ་ཁ་བསྒྱུར་རྒྱུ་ཡིན་པ་དང་། གློག་ཤུགས་དང་རྡོ་སྣུམ་རང་བྱུང་སོལ་རླངས་ཀྱི་སྒྲིག་གཞིའི་བཅོས་སྒྱུར། འགྲན་རྩོད་རང་བཞིན་གྱི་ལས་སྒོ་འབྱེད་པར་གནད་འགག་ཏུ་འཇོག་པ་དང་། མུ་མཐུད་དུ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱུ་སྤུས་མཐོར་འདེགས་དང་། སྤྱི་ཚོགས་འགན་ནུས་བཤུ་བར་དམ་འཛིན་བྱས་ཏེ། ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་རྒྱུ། རྒྱལ་ཁབ་ལ་དབང་བའི་དངུལ་གཏོང་མ་རྩར་སྐུལ་འདེད་གཏོང་བ། འཁོར་སྐྱོད་བདག་གཉེར་ཀུང་ཟིའི་བཅོས་སྒྱུར་ཚོད་ལྟའི་ས་ཚུགས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ལ་དབང་བའི་མ་རྩར་ལྟ་སྐུལ་དང་དོ་དམ་བྱེད་པ། མ་རྩའི་རིན་ཐང་སྲུང་འཛིན་དང་འཕར་སྣོན་འབྱུང་བར་ཁག་ཐེག་བྱས་ཏེ། མི་དམངས་ཀྱི་ཐུན་མོང་རྒྱུ་ནོར་ལ་སྲུང་སྐྱོབ་བཟང་པོ་དང་འཕེལ་རྒྱས་སུ་གཏོང་དགོས།

སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གསོན་ཤུགས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། གཏིང་ཟབ་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བར་ལག་བསྟར་དོན་འཁྱོལ་བྱེད་པ། མྱུར་ཏུ་རྣམ་པ་གསར་བའི་སྲིད་ཚོང་གི་འབྲེལ་བ་གསར་སྐྲུན་བྱེད་པ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ནང་ཞུགས་པར་སྐུལ་འདེད་གཏོང་བ། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་གཏོང་བར་རྒྱུན་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཚོང་རའི་ནང་དུ་ཞུགས་པར་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་མེད་པའི་ལས་རིགས་དང་ཁྱབ་ཁོངས་ཚང་མ་གཞི་རྩའི་ཁྲོམ་ར་སོ་སོའི་ནང་འདྲ་མཉམ་གྱི་སྒོ་ནས་ཞུགས་ཆོག་པ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་ཡོད་པའི་ལས་རིགས་དང་ཁྱབ་ཁོངས་ཚང་མ་དམངས་ཁྲོད་མ་རྩའི་ཁྲོད་དུ་སྒོ་འབྱེད་པ་དང་། ཚོང་རའི་འདྲ་མཉམ་འགྲན་རྩོད་ལ་ཤུགས་རྐྱེན་བཟོ་བའི་ཚུལ་མིན་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་ཡིན།

ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་ནི་ངལ་རྩོལ་ལ་སྲུང་སྐྱོབ་བྱེད་པ་དང་གཅིག་འདྲ་རེད། གསར་སྐྲུན་གསར་གཏོད་ལ་སྲུང་སྐྱོབ་དང་། ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ།
ཐོན་དབང་སྲུང་སྐྱོབ་ཀྱི་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་། མི་དམངས་ཀྱི་རྒྱུ་ནོར་བདག་དབང་ལ་འགན་སྲུང་བྱེད་པ། མི་རྣམས་ཀྱི་ལས་བསྐྲུན་གསར་བསྐྲུན་དང་། ཕྱུག་འགྱུར་བཅས་ལ་སྐུལ་འདེད་བྱས་ཏེ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་དང་སྲུང་སྐྱོབ་བྱེད་པ་དང་། ཁེ་ལས་པའི་བློ་བདེ་བག་ཕེབས་ངང་ལས་གཉེར་བྱེད་པ་དང་། ཡིད་ཆེས་ཀྱི་སྒོ་ནས་མ་རྩ་གཏོང་བ། གཞན་ཡང་ཁེ་ལས་ཀྱི་བདག་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རིགས་ལ་རྩད་ཞིབ་ནན་མོ་བྱེད་པ་དང་། ནོར་འཁྲུལ་བྱུང་ཚེ་དུས་ཐོག་ཏུ་ཡོ་བསྲང་བྱེད་རྒྱུ།

སྤྱི་ཚོགས་ཀྱི་རྐྱེན་སྲོལ་བཅོས་སྒྱུར་བྱེད་པར་ཤུགས་སྣོན་དགོས། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་ངང་བཅོས་སྒྱུར་གཏིང་ཟབ་བྱེད་པ། རྒན་གསོའི་འགན་སྲུང་ལམ་ལུགས་བརྟན་བརླིང་ངང་སྐུལ་འདེད་གཏོང་བར་བཅོས་སྒྱུར་བྱས་ཏེ། རྒྱལ་དབངམ་དངུལ་ཁག་གཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་གཏོང་དགོས། སྨན་བཅོས་དང་། སྨན་བཅོས་འགན་ལེན། སྨན་རྫས་མཉམ་སྒྲུབ་བཅས་ལ་བཅོས་སྒྱུར་གཏིང་ཟབ་བྱེད་པ། ཁྱོན་ཡོངས་ནས་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་དང་། སྨན་རྫས་ཀྱི་རིན་གོང་ཇེ་མཐོར་འགྲོ་བ་མེད་པར་གཏོང་བ། སྨན་བཅོས་རིན་གོང་དང་། མི་དོན་གླ་ཕོགས། སྨན་རྫས་འཁོར་སྤྱོད། སྨན་བཅོས་དངུལ་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་བཅོས་སྒྱུར་བྱེད་པར་མཐུན་སྦྱོར་བྱེད་པ། སློབ་གསོ་དང་། རིག་གནས། ལས་དོན་སྡེ་ཁག་སོགས་བཅོས་སྒྱུར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སྦས་ཤུགས་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་གཏིང་ཟབ་པའི་སྒོ་ནས་བཅོས་སྒྱུར་བྱེད་པ། རྨང་གཞིའི་ནུས་ལྡན་ཁུལ་གྱི་ལམ་ལུགས་དང་། སྐྱེ་ཁམས་ཁ་གསབ་ནང་རྐྱེན་ འཐུས་ཚང་དུ་བཏང་ནས། ཐོན་ཁུངས་ཁོར་ཡུག་ལྟ་སྐུལ་སྔོན་བརྡའི་ནང་རྐྱེན་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་སྒྲིག་གཞིའི་ཚོད་ལྟ་གོང་འཕེལ་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་གཞིའི་སྤྱིའི་འཆར་འགོད་འདོན་སྤེལ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྒྲིག་སྲོལ་ཅན་གྱི་ནུས་པ་འདོན་སྤེལ་བྱེད་པར་འགན་སྲུང་བྱེད་དགོས།

(གསུམ།) རྒྱལ་ནང་གི་དགོས་མཁོའི་སྦས་ཤུགས་སྔར་ལས་ལྷག་པའི་སྒོ་ནས་ཕྱིར་གཏོང་བྱེད་པ། མཁོ་འདོན་སྒྲིག་གཞི་དང་། དགོས་མཁོའི་སྒྲིག་གཞི་ཕན་ཚུན་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་རིམ་སྤར་དང་། དངུལ་གཏོང་ཕན་ནུས་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་མཁར་གྲོང་ཕན་ཚུན་མཐུན་སྦྱོར་བྱེད་པ། དཔལ་འབྱོར་འཕར་སྣོན་ནང་མཁོའི་རེ་བ་རྒྱུན་སྲིང་བྱེད་པར་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

འཛད་སྤྱོད་བརྟན་འཇགས་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བྱེད་པ། འཛད་སྤྱོད་དགོས་མཁོའི་འགྱུར་བ་དང་མཚམས་པར་བྱེད་པ། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པ།
གཅིག་ནས་ཞབས་ཞུའི་འཛད་སྤྱོད་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་དགོས། ཞབས་ཞུའི་ཕྱོགས་བསྡུས་སྐོར་ཐེངས་གསར་བའི་ཚོད་ལྟའི་བཅོས་སྒྱུར་གོང་འཕེལ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གསོ་དང་རིག་གནས། རྒན་གསོ། སྨན་བཅོས་སོགས་ལ་འདོན་སྤྲོད་བྱེད་པའི་ཞབས་ཞུ་ལ་རྒྱབ་སྐྱོར་བྱེད་དགོས།

ཞབས་ཞུའི་ལས་རིགས་ཀྱི་དཔེ་དབྱིབས་གསར་སྐྲུན་དང་།ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ལ་སྐུལ་འདེད། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་འཕེལ་རྒྱས། རིག་གནས་གསར་གཏོད་སོགས་རྣམ་པ་གསར་བའི་འཛད་འཕེལ་རྒྱས་གཏོང་དགོས། ཕོགས་བླངས་ངལ་གསོའི་ལམ་ལུགས་དངོས་འབེབས་བྱས་ཏེ། ཡུལ་སྐོར་སྒྲིག་ཆས་དང་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། ཤུགས་ཆེན་པོས་ཞིང་སྡེ་དང། ཁམས་གསོ། ཡུལ་ཁམས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བ། དྲ་སྦྲེལ་འཕྲིན་གཏོང་སོགས་ཀྱི་མ་ལག་ཆ་ཚང་ལྡན་པའི་ཁྱིམ་ཚང་དང་། སྐུད་ཡོད་སློབ་གསོ་སོགས་ཀྱི་བརྡ་འཕྲིན་འཛད་སྤྱོད་རྒྱ་བསྐྱེད་པ།
གློག་རྡུལ་ཚོང་དོན་དང་། མྱུར་སྐྱེད་སྡོད་ཁུལ་དང་སྡེ་བའི་ཁྲོད་འཛུགས་པར་སྐུལ་འདེད་གཏོང་བ་དང་། གནས་གཉེར་ཚོང་ཁང་གི་ཕྱིར་འཚོང་དང་དྲ་ཐོག་ཚོང་གཉེར་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་སྤུས་ལེགས་ཐོན་རྫས་ཀྱི་འཛད་སྤྱོད་འཕར་སྣོན་བྱེད་པ། ཁེ་ལས་ཀྱི་རིགས་ཇེ་མང་དང་། རྒྱུ་སྤུས་ཇེ་བཟང་། ཚོང་རྟགས་གསར་གཏོད་བཅས་བྱས་ཏེ། ཕྱི་ནང་གི་ཚོང་རྫས་ཚང་མའི་རྒྱུ་སྤུས་རྣམ་གསུམ་ཁྱབ་ཁོངས་ཁྲོད་དངོས་འབེབ་བྱེད་པ་དང་། འཛད་སྤྱོད་ཀྱི་རིམ་སྤོར་རེ་བ་སྐོང་བར་སྣེ་ཁྲིད་བྱེད་དགོས། གསུམ་ནས་ཚོང་རའི་སྒྲིག་གཞི་དག་ཐེར་དང་ཚད་ལྡན་བཟོ་དགོས། ཚོང་རྫས་རྫུན་མ་དང་བརྡ་ཁྱབ་རྫུན་མ། རིན་གོང་མགོ་སྐོར་གཏོང་བ་སོགས་ཀྱི་བྱ་སྤྱོད་ཐག་གཅོད་ནན་མོ་བྱས་ནས། འཛད་སྤྱོད་པའི་ཁེ་དབང་ལ་སྲུབ་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། མང་ཚོགས་ཀྱིས་བློ་བདེ་བག་ཕེབས་ངང་འཛད་སྤྱོད་བྱེད་པར་མཐུན་རྐྱེན་བསྐྲུན་པ།

ཕན་ནུས་ལྡན་པའི་སྒོ་ནས་དངུལ་གཏོང་རྒྱ་བསྐྱེད་དགོས། ཞན་ཆ་ཁ་གསབ་དང་། གྲུབ་ཚུལ་ལེགས་སྒྲིག གསར་གཏོད་ཡར་སྐུལ། དམངས་ཚིས་ཕན་པ་བཅས་ཀྱི་ཁྱབ་ཁོངས་ཁྲོད་དུ་མ་རྩ་གཏོང་བར་སྔར་ལས་ཀྱང་ཤུགས་སྣོན་པ།ད་ལོར་མ་དངུལ་སྒོར་དུང་ཕྱུར་སྟོང་བརྒྱད་བཏང་ནས་ལྕགས་ལམ་འཛུགས་སྐྲུན་དང་། གཞུང་ལམ་དང་ཆུ་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཏང་བར་མ་ཟད། ཆུ་བེད་བཟོ་སྐྲུན་ཆེན་པོའི་ལས་གཞིའི་རྣམ་གྲངས་བཅོ་ལྔ་གསར་འཛུགས་བྱེད་པ་ཡོངས་འགྲུབ་བྱེད་དགོས་པ་དང་། མུ་མཐུད་དུ་འཁོར་ལམ་འགྲིམ་འགྲུལ་དང་། དམངས་སྤྱོད་མཁའ་འགྲུལ། གློག་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་སོགས་ལས་གཞི་གལ་ཆེན་ཐད་ཤུགས་སྣོན་པ་དང་།ཀྲུང་དབྱང་སྔོན་རྩིས་དངུལ་གཏོང་ནང་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་བཀོད་སྒྲིག་བྱས་ཡོད། དམངས་ཁྲོད་དངུལ་གཏོང་གི་སྲིད་ཇུས་བྱེད་ཐབས་ལག་ལེན་དང་འཐུས་ཚང་གཏོང་བར་སྐུལ་འདེད་བྱེད་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པར་གཏིང་ཟབ་ཏུ་སྤེལ་ནས། འབྲེལ་ཡོད་རིན་གོང་དང་། ཁྲལ་དངུལ་སོགས་དམངས་ཕན་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གིས་སྣེ་ཁྲིད་དེ་ཡིད་ཆེས་བྱེད་ཆོག་པར་བྱེད་པ་དང་། ཁ་དན་ཚིག་ལ་གནས་དགོས་ཤིང་། འགོ་ཁྲིད་གསར་བས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པའི་སྣང་ཚུལ་མེད་པར་གཏོང་བ།

ས་ཁོངས་ཀྱི་འཕེལ་རྒྱས་གནས་བབ་ཇེ་ལེགས་སུ་གཏོང་དགོས། འཐབ་ཇུས་ཆེན་པོ་གསུམ་དང་། ས་ཁུལ་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ཀྱི་འཆར་འགོད་ལག་བསྟར་བྱེད་པ། སྒྲིག་སྲོལ་གསར་བའི་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་རིམ་པའི་ས་ཁུལ་གསར་བ་དང་། གསར་སྤེལ་ཁུལ། ཐོན་ལས་གླིང་སོགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་། སྐྱེ་ཁམས་ཉམས་ཞན་ཏུ་འགྱུར་བ་ཚབས་ཆེ་བ་སོགས་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་རྒྱབ་སྐྱོར་བྱེད་དགོས། བར་སྟོང་གི་ཐོན་ཁུངས་སྒྲིག་གཞི་ལེགས་བཅོས་བྱེད་དགོས། རྒྱ་མཚོའི་དཔལ་འབྱོར་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱ་མཚོའི་སྟོབས་ལྡན་རྒྱལ་ཀབ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་རྒྱ་མཚོའི་བདག་དབང་སྲུང་སྐྱོབ་བྱེད་དགོས།

ཏན་ཏིག་གིས་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་དགོས། ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་དགོས་པ་དང་། ད་ལོ་གྲོང་ཁྱེར་དུ་མི་བྱེ་བ་གཅིག་ས་ཡ་གསུམ་ཡན་གྱི་ཁྱིམ་ཚང་གྲོང་ཁྱེར་དུ་གཞིས་ཆགས་པར་དངོས་འབེབས་བྱེད་རྒྱུ་ཡིན། སྡོད་གནས་དཔང་ཡིག་ལམ་ལུགས་མགྱོགས་མྱུར་གྱིས་ཁྱོན་ཡོངས་ལ་ཁེབས་པར་བྱེད་དགོས། གྲོང་ཁྱེར་ཆུང་འབྲིང་དང་ཁྱད་ལྡན་མཁར་གྲོང་འཕེལ་རྒྱས་སུ་གཏང་བར་རྒྱབ་སྐྱོར་བྱས་ནས་ཆ་རྐྱེན་འཛོམས་པའི་རྫོང་དང་ཆེས་ཆེ་བའི་གྲོང་རྡལ་སྐོར་ཞིག་རིམ་གྱིས་གྲོང་ཁྱེར་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱིས་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ལམ་ལུགས་མང་བོ་གཅིག་བསྡུས་བྱེད་པར་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་འཆར་འགོད་ཇུས་གཞིའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཨར་ལས་ལས་རིགས་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ནས། བཟོ་སྐྲུན་རྒྱུ་སྤུས་ཇེ་མཐོ་གཏོང་དགོས། གྲོང་ཁྱེར་གྱི་ས་སྟེང་དང་ས་འོག་གི་འཛུག་སྐྲུན་གཅིག་གྱུར་བྱས་ནས། གྲོང་ཁྱེར་གྱི་ས་གཤིས་བརྟག་དཔྱད་ལ་ཤུགས་སྣོན་བྱེད་པ་དང་། ཡང་བསྐྱར་གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་སྦུག་ལམ་སྤྱི་ལེ་ཉིས་སྟོང་ཡན་འཛུགས་སྐྲུན་ལས་མགོ་རྩོམ་དགོས། གྲོང་ཁྱེར་ས་ཁུལ་དུ་ཞོད་སྐྱོན་འབྱུང་སླ་བའི་ས་ཁུལ་གཙོ་བོ་སེལ་བར་ལོ་གསུམ་གྱི་ལས་སྒོ་སྤེལ་ནས། སྐྱེ་ཁམས་བཟང་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས། ཕན་ནུས་ཡོད་པའི་སྒོ་ནས་འགྲིམ་འགྲུལ་འགག་པ་སོགས་“གྲོང་ཁྱེར་གྱི་གནད་དོན”་ལེགས་བཅོས་བྱས་ནས། གྲོང་ཁྱེར་གྱི“ཕྱིའི”རྣམ་པ་དང་“ནང་གི”་སྒྲིག་གཞི་ཡོད་ཚད་ཇེ་ལེགས་སུ་གཏང་དགོས།

(བཞི)གསར་གཏོད་ལ་བརྟེན་ནས་དངོས་གཉེར་དཔལ་འབྱོར་རིགས་སྒྱུར་རིམ་འཕར་གྱི་སྣེ་ཁྲིད་བྱེད་དགོས། དངོས་གཉེར་དཔལ་འབྱོར་ནི་ནམ་ཡང་རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་གཞི་རྩ་ཡིན་ལ། མགྱོགས་མྱུར་སྒོས་རིམ་སྤོའི་རྣམ་པར་བསྒྱུར་རྒྱུ་ནི་ཁ་ཚ་དགོས་གཏུག་ཆེ་བ་ཞིག་ཡིན། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། དངོས་གཉེར་དཔལ་འབྱོར་སྒྲིག་གཞི་ལེགས་བཅོས་བྱེད་སྐུལ་འདེད་གཏོང་དགོས། རྒྱུན་ཆད་མེད་པར་རྒྱུ་སྤུས་དང་ཕན་འབྲས། འགྲན་རྩོད་ནུས་ཤུགས་ མཐོར་འདེགས་སུ་གཏོང་དགོས།

ཚན་རྩལ་གསར་གཏོད་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་ལ་ཡུན་རིང་བརྟན་འཇགས་ངང་རྒྱབ་སྐྱོར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་ཆས་དང་ལག་རྩལ་གསར་གཏོད་ལྟེ་གནས་གལ་ཆེན་འཛུགས་སྐྲུན་བྱེད་པ་དང་། ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་སྟེགས་བུ་བསྐྲུན་དགོས། ཕྱོགས་ཡོངས་ནས་གསར་གཏོད་བཅོས་བསྒྱུར་གྱི་ཚོད་ལྟ་སྐུལ་འདེད་གཏོང་དགོས། ཚན་རྩལ་དཔྱད་འཇོག་ལམ་ལུགས་བཅོས་བསྒྱུར་བྱེད་དགོས། སློབ་ཆེན་དང་ཚན་རིག་ཞིབ་འཇུག་གླིང་གི་རང་བདག་དབང་ཆ་དངོས་འབེབས་ནན་མོ་བྱེད་པ་དང་། མ་རྐང་གི་དུས་དབང་དང་ཡོང་སྒོ་བགོ་བ་སོགས་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དངོས་འབེབས་བྱེད་དགོས། ཚན་རྩལ་ཞིབ་འཇུག་གི་འགྲོ་གྲོན་དང་ལས་གཞིའི་དོ་དམ་ལམ་ལུགས་བཅོས་སྒྱུར་དངོས་འབེབས་བྱས་ནས། ཚན་རིག་ཞིབ་འཇུག་མི་སྣས་དོན་དག་ཙག་ཙིག་ལ་སེམས་གཡེང་བ་དང་ངལ་བ་མྱོང་དུ་འཇུག་མི་རུང་། ཤེས་བྱའི་ཐོན་དབང་ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་པའི་བཅོས་བསྒྱུར་ཚོད་ལྟ་བྱས་ཏེ། ཤེས་བྱའི་ཐོན་དབང་གསར་གཏོད་དང་སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། འཇོན་མི་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་སྔར་ལས་ཕན་ནུས་ལྡན་པའི་ངང་ལག་བསྟར་བྱས་ཏེ། ས་ཆ་སོ་སོའི་འཇོན་མི་གཅིག་བསྡུས་བྱས་ཏེ། ཕྱོགས་ཡོངས་ནས་ཚན་རིག་ཞིབ་འཇུག་མི་སྣའི་བརྩོན་སེམས་འདོན་སྤེལ་གང་ལེགས་བྱས་ན། གསར་གཏོད་ཀྱི་བྱ་གཞག་ཆེན་པོ་ངེས་པར་འགྲུབ་ངེས་ཡིན།

གསར་དར་ཐོན་ལས་སྐྱེད་སྲིང་རྒྱ་སྐྱེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། རྒྱུ་ཆ་གསར་བ་དང་ནུས་ཁུངས་གསར་བ། མི་བཟོས་རིག་ལྡན། འདུས་གྲུབ་གློག་ལམ། སྐྱེ་དངོས་སྨན་རྫས། སྤོ་སྒུལ་འཕྲིན་གཏོང་རབས་ལྔ་བ་སོགས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་ཚོགས་པ་ཇེ་ཆེ་ཇེ་རྒྱས་སུ་གཏོང་རྒྱུ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མཉམ་སྤྱོད་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་མཐོར་བཏང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་དགོས། གསར་གཏོད་ལ་སྐུལ་མ་དང་། དཀྱེལ་ཡངས་གཟབ་ནན་གྱི་རྩ་དོན་ལ་དམིགས་ཏེ། གསར་དར་ཐོན་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་གཏན་འབེབས་བྱེད་རྒྱུ། གསར་དར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་བྱེད་དགོས། སྡོམ་རྩིས་དོ་དམ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས། གསར་དར་ཐོན་ལས་སྡོམ་རྩིས་བྱེད་པར་འཐུས་ཇེ་ཚང་དུ་གཏོང་དགོས། མཉམ་འབྲེལ་དྲ་རྒྱའི་དུས་རབས་སུ་ ཁྱབ་ཁོངས་སོ་སོ་འཕེལ་རྒྱས་སུ་གཏོང་བར་མྱུར་ཚད་ཆེས་མགྱོགས་པ་དང་མ་རྩ་ཆེས་དམའ་བ། བདེ་འཇགས་རང་བཞིན་ཆེས་མཐོ་བའི་ཆ་འཕྲིན་དྲ་རྒྱ་ཞིག་ངེས་པར་དུ་མཁོ་བ་རེད། ད་ལོར་དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་རིན་གོང་ཇེ་དམར་གཏོང་རྒྱུར་གོམ་སྟབས་ཆེན་པོ་སྤོས། ལོ་འདིའི་ནང་ རྒྱལ་ནང་དུ་ལག་འཁྱེར་ཁ་པར་གྱི་རྒྱང་གཏོང་བཤད་གླ་དང་འཁྱམ་སྤྱད་བཤད་གླ་ཚང་མ་མེད་པར་གཏོང་རྒྱུ་དང་། ཁེ་ལས་ཆུང་འབྲིང་གི་དྲ་སྦྲེལ་ཆེད་སྤྱོད་སྐུད་ལམ་མཐུད་གླ་ཆེས་ཆེར་ཇེ་དམའ་རུ་གཏང་རྒྱུ་དང་། རྒྱལ་སྤྱིའི་རྒྱང་གཏོང་བཤད་གླ་ཇེ་དམའ་རུ་གཏོང་རྒྱུ་ཡིན། “མཉམ་འབྲེལ་དྲ་རྒྱ་+”འཕེལ་རྒྱས་གཏིང་ཟབ་དང་། གྲངས་ཀའི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ནས། ཁེ་ལས་ཀྱི་ཕན་ཁེ་རེག་ཚད་ཁྱབ་ཆེ་རུ་གཏོང་བ་དང་མི་དམངས་མང་ཚོགས་ལ་ཁེ་ཕན་ཡོངས་ཁྱབ་ཏུ་ཐོབ་པར་བྱེད་དགོས།

ཤུགས་ཆེན་པོས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་བྱེད་པར་མཐོར་འདེགས་སུ་གཏོང་བ། «ཀྲུང་གོས་བསྐྲུན་པའི་2025ལོ»ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་གྲངས་ཆེན་པོ་དང་གྲངས་འདས་རྩིས་གཞི། དངོས་སྦྲེལ་དྲ་བ་བཅས་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ལག་རྩལ་གསར་བ་དང་ལས་རྣམ་གསར་བ། དཔེ་དབྱིབས་གསར་བ་བཅས་ལ་བརྟེན་ནས། སྲོལ་རྒྱུན་ཐོན་ལས་ཐོན་སྐྱེད་དང་། དོ་དམ་དང་ཚོང་གཉེར་བྱེད་པའི་དཔེ་དབྱིབས་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། རིག་སྟོབས་བཟོ་སྐྲུན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བཟུང་ནས། རྒྱལ་ཁབ་ཀྱི་རིག་སྟོབས་བཟོ་སྐྲུན་དཔེ་སྟོན་ཁུལ་དང་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཀྱི་རྨང་གཞི་བརྟན་པོ་གཏོང་བ་དང་། སྒྲིག་ཆས་གལ་ཆེན་ཆེད་བཀོལ་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་བཟོ་སྐྲུན་རིམ་གྲས་མཐོ་འབྲིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ལག་རྩལ་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་དང་སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་བ་རྒྱས་པར་སྐུལ་འདེད་བྱེད་དགོས།

དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་དགོས། “གསར་གཏོད་གཉིས”་ནི་ལས་རིགས་གསར་གཏོད་དང་གསར་གཏོད་ལ་བརྟེན་ནས་ལས་ཞུགས་བྱེད་པར་སྐུལ་ཁྲིད་ཀྱི་ཕན་ནུས་ཡོད་པའི་བྱེད་སྟངས་ཤིག་ཡིན་ལ།སྒུལ་ནུས་གསར་རྙིང་བརྗེ་བསོར་དང་དཔལ་འབྱོར་སྒྲིག་གཞི་རིམ་སྤོར་ལ་ནུས་པ་གལ་ཆེན་ལ་སྐུལ་འདེད་དང་། གོ་སྐབས་འདྲ་མཉམ་དང་སྤྱི་ཚོགས་གོང་འོག་སྐོར་སྐྱོད་བྱེད་པའི་དངོས་ཡོད་ཐབས་ལམ་ལ་སྐུལ་འདེད་བྱེད་པ་བཅས་ཡིན་པས། རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས། “གསར་གཏོད་གཉིས”དཔེ་སྟོན་རྟེན་གཞི་སྐོར་ཞིག་བཙུགས་ནས་ཁེ་ལས་ཆེ་བ་དང་ཚན་རིག་ཞིབ་འཇུག་གླིང་། སློབ་ཆེན་བཅས་ལ་ཆེད་ལས་ཅན་གྱི་མང་སྐྲུན་གྱི་བར་སྟོང་སྐྲུན་དགོས། གསར་གཏོད་ཅན་གྱི་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་ཚད་ལ་ཤུགས་བསྣན་ནས། དམངས་ལ་ཁ་ཕྱོགས་པའི་“གསར་གཏོད་གཉིས”ཀྱི་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་དེ་ནི། ཁེ་ལས་གཙོ་བོ་དག་གིས་རང་གི་འཇོན་ཐང་འདོན་པ་དང་། དྲ་ཐོག་དྲ་མིན་མཉམ་འགུལ་བྱེད་རེས་ཡག་པོ་བྱེད་དགོས་པ་དང་། ཁེ་ལས་ཆུང་ངུ་གང་སར་ཁྱབ་པ་དང་ཁེ་ལས་ཆེ་བའི་རིགས་གནམ་འདེགས་ཀྱི་ཀ་བ་ལྟ་བུར་འགྱུར་བ་བཅས་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་བྱེད་ནུས་ཕན་ཚུན་འགྲན་པའི་ཚུལ་གྱིས་འདོན་སྤེལ་བྱེད་དགོས། ཁྱོན་ཡོངས་ནས་རྒྱུ་སྤུས་ཆུ་ཚད་ཇེ་མཐོར་གཏོང་དགོས། གཞི་རྒྱ་ཆེན་པོས་རྒྱུ་སྤུས་ཇེ་མཐོར་གཏོང་བའི་བྱ་འགུལ་རྒྱ་བསྐྱེད་སྤེལ་ནས། རྒྱུ་སྤུས་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་དགོས། རྒྱུ་སྤུས་ལག་རྩལ་རྨང་གཞི་ཇེ་བརྟན་དུ་བཏང་ནས། རྒྱུ་སྤུས་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས། དྲག་རྒྱལ་ཞན་ཕམ་གྱི་རྒྱུ་སྤུས་འགྲན་རྩོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རྒྱུ་སྤུས་ཀྱི་བླ་སྲོག་ལག་ཤེས་པའི་སེམས་སུ་གནས། ལག་ཤེས་པའི་སྙིང་སྟོབས་ནུས་ཡོད་སྒོས་དར་སྤེལ་བྱས་ཏེ། ལག་ཤེས་པའི་རིག་གནས་སྐྱེད་སྲིང་ཆེན་པོ་བྱེད་པ། ལས་རིགས་ཀྱི་སྲུང་གང་ཐུབ་བྱེད་པ་དང་། ཡག་ཐོག་ཡག་བརྩེགས་བརྩི་མཐོང་དར་སྤེལ། “ཀྲུང་གོའི་ལག་ཤེས་པ”་མང་བོ་གསོ་སྐྱོང་བྱས་ནས་“ཀྲུང་གོའི་ཚོང་རྟགས”་སྔར་ལས་མང་བོ་འཛམ་གླིང་དུ་ཁྱབ་པར་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སྤུས་བཟང་གི་དུས་རབས་སུ་སླེབས་པར་སྐུལ་འདེད་གཏོང་དགོས།

(ལྔ།) ཞིང་ལས་བརྟན་འཇགས་འཕེལ་རྒྱས་དང་ཞིང་བའི་ཡོང་སྒོ་བསྟུད་མུར་འཕར་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་བསྒྱུར་བྱེད་པར་གཏིང་ཟབ་ངང་སྐུལ་འདེད་བྱས་ནས། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་འཐུས་ཚང་དང་། ཞིང་བ་ལས་ཞུགས་དང་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ། རྒྱལ་ཁབ་གྱི་འབྲུ་རིགས་བདེ་འཇགས་འགན་སྲུང་ཡོད་པར་བྱས་ནས། ཞིང་ལས་དེང་རབས་ཅན་དང་རྣམ་པ་གསར་བའི་མཁར་གྲོང་ཅན་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བྱེད་པར་སྐུལ་འདེད་བྱེད་དགོས། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་མགྱོགས་མྱུར་གྱིས་གསོ་སྐྱོང་བྱེད་དགོས།

 ཞིང་ལས་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བྱེད་དགོས། ཞིང་བར་སྣེ་ཁྲིད་དེ་ཚོང་རའི་དགོས་མཁོར་དམིགས་ནས་ཐོན་སྐྱེད་འཕེལ་རྒྱས་སུ་བཏང་ནས་ལྷད་མེད་ཞིང་ཐོན་དངོས་རྫས་འདོན་སྤྲོད་བྱེད་ཚད་ཆེ་རུ་གཏོང་དགོས། ཐོན་ཚད་བཟང་བའི་ཆུ་འབྲས་དང་གྲོ་རྒྱ་ཆེར་ཐོན་སྐྱེད་དགོས་པ་དང་། མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་འོས་འཚམ་དུ་གཏོང་བ། འབྲུ་རིགས་ཀྱི་ཚབ་ཏུ་གཟན་ཆས་འདེབས་པའི་རྒྱ་ཁྱོན་མུའུ་བྱེ་བ་གཅིག་གི་ཡན་ཏུ་རྒྱ་སྐྱེད་དུ་གཏོང་དགོས། ཐབས་ལམ་སྣ་ཚོགས་བརྒྱུད་ནས་མཛོད་ཁང་དུ་ཉར་བའི་མ་རྨོས་ལོ་ཏོག་བཀོལ་སྤྱོད་བྱེད་པར་སྐུལ་སློང་བྱེད་དགོས། ཐོན་ཁུལ་གཙོ་བོར་ཞིང་ཐོན་དངོས་རྫས་འཕེལ་རྒྱས་དང་ལས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁམས་གསེང་ཞིང་ལས་དང་ཞིང་བའི་སྤྲོ་ཁྱིམ་ཁང་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་འབྲེལ་མཐུད་དང་རིན་གོང་འབྲེལ་མཐུད་བྱེད་ཚད་རྒྱ་ཆེ་རུ་བཏང་སྟེ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་གཅིག་ཏུ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་ཞིག་ཆགས་པར་བྱེད་དགོས།

དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཞིང་ཐོན་དངོས་རྫས་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པ་དང་མང་གྲགས་ཐོན་རྫས་གསར་བཟོ་དང་སྲུང་སྐྱོང་། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ། ཞིང་ཐོན་དངོས་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ས་ཁུལ། ཁྱད་ལྡན་ཞིང་ཐོན་དངོས་རྫས་དགེ་མཚན་ཁུལ་དང་དེང་རབས་ཞིང་ལས་ཐོན་སྐྱེད་གླིང་བཅས་བསྐྲུན་པར་མགྱོགས་མྱུར་གྱི་སྐུལ་འདེད་བྱེད་དགོས། ས་ཞིང་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཐོན་ཚད་ཆུང་འབྲིང་གི་ཞིང་ས་ཤུགས་ཆེན་པོས་ལེགས་བཅོས་བྱས་ནས། སྐམ་འདེབས་ལག་རྩལ་ཁྱབ་གདལ་དུ་བཏང་ནས་། ཕན་ནུས་དང་ཆུ་གྲོན་ཆུང་བྱེད་ཐུབ་པའི་ཞིང་སར་ཆུ་འདྲེན་པའི་མུའུ་བྱེ་བ་གཉིས་གསར་སྣོན་བྱེད་རྒྱུ། ཞིང་ས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དང་བཟུང་སྤྱོད་དང་ཁ་གསབ་སྙོམས་སྒྲིག་བྱེད་པར་ལེགས་བཅོས་བྱེད་དགོས། རྣམ་པ་མང་ཞིང་གཞི་ཁྱོན་འོས་འཚམ་ཡིན་པའི་བདག་གཉེར་འཕེལ་རྒྱས་སུ་གཏང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ཅན་དུ་འགྱུར་བའི་བགྲོད་ལམ་ཉག་གཅིག་ཡིན་པས། ཞིང་ལས་ལ་ཉེན་ཚབ་བྱེད་རྒྱུ་ནི་ནུས་ཡོད་ཀྱི་འགན་སྲུང་དང་འབྲལ་ཐབས་མེད།

ད་ལོར་འབྲུ་རིགས་ཐོན་སྐྱེད་གཙོ་བོའི་ཞིང་ཆེན་བཅུ་གསུམ་དུ་རྫོང་དང་གྲོང་ཁྱེར་སྐོར་ཞིག་བདམས་ནས་གཞི་ཁྱོན་འཚམ་པའི་བདག་གཉེར་ཞིང་བ་ཁྱིམ་ཚང་ལ་གོད་ཆགས་ཆེན་པོའི་ཉེན་ཚབ་ལག་བསྟར་བྱེད་རྒྱུ་དང་། ནོར་སྲིད་རྒུད་སྐྱོབ་ལ་མ་དངུལ་སྐོར་ཞིག་གིས་རྒྱབ་སྐྱོར་བྱེད་པར་སྙོམ་སྒྲིག་བྱས་ནས། ཉེན་ཚབ་ཀྱི་ཁེབས་ཚད་གཞི་ཁྱོན་དང་ཉེན་ཚབ་ཕྱིར་འཇལ་གྱི་ཚད་གཞི་ཇེ་མཐོར་གཏོང་དགོས། ཞིང་ལས་ཡང་བསྐྱར་ཉེན་ཚབ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་ལས་ཉེན་ཚབ་བྱེད་པར་རྒྱུན་མཐུན་བརྟན་འཇགས་ཡིན་པའི་ཐབས་ལ་བརྟེན་ནས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེ་བཅོས་བསྒྱུར་གཏིང་ཟབ་སྤེལ་དགོས། ཞིང་སྡེ་ཐུན་མོང་གི་ཐོན་སྐྱེད་བདག་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པར་བརྟན་འཇགས་ངང་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་ས་ཞིང་ལམ་ལུགས་སྒྱུར་བཅོས་བྱེད་པའི་ཚོད་ལྟ་གཏིང་ཟབ་མོ་སྤེལ་ནས། ཞིང་བར་སྔར་ལས་མང་བོའི་རྒྱུ་ནོར་དབང་ཆ་སྤྲོད་དགོས། འབྲུ་རིགས་སོགས་ཞིང་ཐོན་དངོས་རྫས་གལ་ཆེན་གྱི་རིན་གོང་གྲུབ་པའི་ནང་རྐྱེན་དང་གསོག་ཉར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཀྱི་ཆུའི་རིན་གོང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། ཐུན་མོང་གི་ནགས་ཚལ་དབང་ཆ་དང་། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་དང་ནགས་ར། ས་ཞིང་དང་ས་རྒོད། མཁོ་འདོན་ཚོང་ཁང་སོགས་སྒྱུར་བཅོས་གཏིང་ཟབ་སྤེལ་དགོས། ཞིང་སྡེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། ཞིང་སྡེའི་གསར་གཏོད་གཉིས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་གསར་བའི་ལས་རིགས་ཀྱི་ཞིང་བ་མང་པོ་སྐྱེད་སྲིང་བྱས་ཏེ། ཞིང་བ་ཕྱིར་རང་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། སྔར་ལས་བཟང་བོའི་བྱེད་ཐབས་བཏོན་ནས་མཐོ་རིམ་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཚན་རྩལ་མི་སྣ་ཞིང་སྡེ་རུ་སོང་ནས་བློ་ཐབས་འདོན་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་སྤྱི་བོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་དགོས། ཞིང་སྡེའི་གཞུང་ལམ་སྤྱི་ལེ་འབུམ་གཉིས་གསར་སྐྲུན་དང་ལེགས་བཅོས་བྱས། ཞིང་སྡེ་རུ་གློག་འདོན་ཞབས་ཞུ་དང་ཐང་བདེ་མོའི་ས་ཁུལ་དུ་འཕྲུལ་འདོན་གློག་གཏོང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས། སྲིད་འཛིན་སྡེ་བ་ཁྲི་གསུམ་ལ་འོད་སྐུད་ཐོན་པར་བྱེད་དགོས། ཞིང་སྡེ་རུ་འཐུང་ཆུ་བདེ་འཇགས་མཁོ་འདོན་བྱེད་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེ་རུ་ཉེན་ཁ་ཅན་གྱི་ཁང་བ་བཟོ་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེ་རུ་མི་འདུས་སྡོད་བྱས་པའི་ཁོར་ཡུག་ལེགས་བཅོས་གཏིང་ཟབ་བྱེད་པར་སྐུལ་འདེད་བྱས་ནས། དེང་རབས་དཔལ་ཡོན་དང་ཞིང་གྲོང་གི་མཛེས་ལྗོངས་ཀྱང་ལྡན་པའི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་དགོས།

(དྲུག) ཕྱི་ཕྱོགས་སུ་སྒོ་འབྱེད་ཚད་ཧུར་ཐག་གིས་རྒྱ་བསྐྱེད་དུ་གཏོང་དགོས། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གསར་པ་དང་རྒྱལ་ནང་གི་འཕེལ་རྒྱས་ཀྱི་རེ་བ་གསར་བར་དམིགས་ནས། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྒོ་འབྱེད་རྣམ་པའི་དཔལ་འབྱོར་ལམ་སྲོལ་གསར་བ་མགྱོགས་མྱུར་གྱིས་བཙུགས་ནས། རིམ་པ་སྔར་ལས་གཏིང་ཟབ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས།

“རྒྱུད་གཅིག་ལམ་གཅིག”་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བྱེད་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས། སྐམ་སའི་དཔལ་འབྱོར་བར་ཁྱམས་དང་མཚོ་ཐོག་མཉམ་ལས་བྱེད་ས་འཛུགས་སྐྲུན་བྱེད་དགོས། མཚོ་ལམ་འགྲམ་རྒྱུད་ཀྱི་ལས་ཆོད་ཆེ་བའི་མཉམ་ལས་ནང་རྐྱེན་འཛུགས་དགོས། རྒྱལ་སྤྱིའི་ཐོན་ནུས་ནུས་ཁུངས་མཉམ་ལས་གཏིང་ཟབ་བྱས་ནས། རང་རྒྱལ་གྱི་སྒྲིག་ཆས་དང་། ལག་རྩལ། ཚད་གཞི། ཞབས་ཞུ་ཕྱི་ཕྱོགས་སུ་བསྐྱོད་པར་སྐུལ་ཁྲིད་བྱས་ཏེ། བཟང་ཆ་ཁ་གསབ་མངོན་འགྱུར་བྱེད་དགོས། སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན།ཡུལ་སྐོར་སོགས་མི་ཆོས་བརྗེ་རེས་མཉམས་ལ་ཤུགས་སྣོན་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཆུ་ཚད་མཐོན་པོ་སྒྲུབ་ནས། གཉིས་ཕན་མཉམ་ལས གྱི་ལེའུ་གསར་བསྐྲུན་བྱེད་དགོས།

ཕྱི་ཕྱོགས་ཉོ་ཚོང་རྒྱུན་མཐུད་ངང་ཇེ་བཟང་ཇེབ་བརྟན་དུ་འགྱུར་བར་བྱེད་དགོས། ཕྱིར་གཏོང་ནང་འདྲེན་གྱི་སྲིད་ཇུས་ དངོས་འབེབས་དང་འཐུས་ཚང་ བྱས་ནས། བཟང་འདྲེན་བཟང་གཏོང་ཡོང་བར་སྐུལ་འདེད་བྱེད་དགོས། ཕྱིར་གཏོང་ཡིད་རྟོན་ཉེན་ཚབ་ཁེབས་ཚད་རྒྱ་བསྐྱེད་བཏང་ནས། སྒྲིག་ཆས་ཆ་ཚང་ཕྱིར་གཏོང་གི་དངུལ་བསྡུའི་འགན་ལེན་བྱེད་དགོས་པའི་རིགས་འགན་ལེན་བྱེད་དགོས། ཞབས་ཞུའི་ཉོ་ཚོང་གསར་སྐྲུན་འཕེལ་རྒྱས་ལྟེ་གནས་སྐུལ་འདེད་བྱས་ནས། ཞབས་ཞུའི་ཉོ་ཚོང་གསར་སྐྲུན་ལ་ཁྲིད་སྟོན་བྱེད་པའི་ཐེབས་རྩ་འཛུགས་དགོས། ཚོང་རའི་ཉོ་སྒྲུབ་ཀྱི་ཉོ་ཚོང་དང་ཕྱི་ཕྱོགས་ཉོ་ཚོང་ཕྱོགས་བསྡུས་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོབ་བྱེད་དགོས་པ་དང་། ཕྱི་ཕྱོགས་ཉོ་ཚོང་རིགས་སྒྱུར་རིམ་སྤར་གྱི་དཔེ་སྟོན་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། ལས་སྣོན་ཉོ་ཚོང་ཐོན་ལས་སྦྲེལ་ཐག་རིམ་པ་མཐོ་འབྲིང་དུ་མཆེད་པ་དང་དབུས་ནུབ་ས་ཁུལ་དུ་སྐས་རིམ་བཞིན་སྤོ་སྒྱུར་བྱེད་ཐུབ་པར་བྱེད་དགོས། རྒྱལ་སྤྱིའི་ཉོ་ཚོང་གི་“སྒེའུ་ཁུང་གཅིག་པུ”རུ་ཁྱབ་སྤེལ་བྱས་ནས། རྒྱལ་ཡོངས་འགག་སྒོ་ལས་བརྒྱུད་ཚུལ་གཞི་གཅིག་ཅན་དུ་འགྱུར་བར་མངོན་འགྱུར་བྱེད་རྒྱུ། སྔོན་ཐོན་ལག་རྩལ་དང་སྒྲིག་ཆས། ལྷུ་ལག་གཙོ་བོ་ནང་འདྲེན་བྱེད་ཚད་ཆེ་རུ་གཏོང་རྒྱུ་དང་། ཉོ་ཚོང་འདྲ་མཉམ་ངང་གོང་འཕེལ་དང་རྒྱལ་ནང་གི་ཐོན་ལས་མགྱོགས་མྱུར་གྱིས་འཕར་བར་སྐུལ་འདེད་གཏོང་དགོས།

ཕྱི་རྒྱལ་གྱི་ཚོང་བའི་མ་དངུལ་གཏོང་བའི་ཁོར་ཡུག་ཤུགས་ཆེན་པོས་ལེགས་བཅོས་བྱེད་དགོས། ཕྱི་རྒྱལ་གྱི་ཚོང་བའི་མ་དངུལ་གཏོང་བའི་ཐོན་ལས་མཛུབ་སྟོན་དཀར་ཆགས་དག་བཅོས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ཞབས་ཕྱིའི་ལས་རིགས་དང་། གསར་གཏོད་ལས་རིགས། གཏེར་ཁ་ལས་རིགས་བཅས་ལ་ཞབས་ཕྱིའི་མ་དངུལ་ནང་འཇུག་བྱེད་པར་ཇེ་ལྷོད་དུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་བའི་མ་དངུལ་ཁེ་ལས་རྒྱལ་ནང་གི་ཚོང་རར་ཞུགས་པ་དང་། བུན་གཏོང་ལ་རྒྱབ་སྐྱོར་དང་། རྒྱལ་ཁབ་ཚན་རྩལ་འཆར་གཞིའི་རྣམ་གྲངས་ནང་ཞུགས་ཐུབ་པར་བྱེད་དགོས། ཐོབ་ཐང་དཔང་ཡིག་ཚན་ལྡན་ཡིན་ཚེ། ཚད་གཞི་གཏན་འབེབས། སྲིད་གཞུང་ཉོ་སྒྲུབ། 《ཀྲུང་གོས་བསྐྲུན་པའི་2025ལོའི》སྲིད་ཇུས་ལོངས་སྤྱོད་སོགས་ཀྱི་ཐད་ནས། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཚང་མ་འདྲ་མཉམ་ཡིན་དགོས། ཁྲིམས་བཀོད་དབང་ཆའི་ཁྱབ་ཁོངས་ནང་། ས་གནས་སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་གཏན་ལ་འབེབས་དགོས། ཚད་གཞི་དང་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཅུ་གཅིག་འཛུགས་རྒྱུ་དང་། ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱེད་རྒྱུ། ཕྱི་ཕྱོགས་སུ་མ་དངུལ་གཏོང་བ་སྐྱོན་བྲལ་ཚད་ལྡན་ངང་ནས་འཕེལ་རྒྱས་ཡོང་བའི་ཁྲིད་སྟོན་བྱེད་པ་དང་། ཉམས་ཉེན་འགོག་ནུས་ཆེ་རུ་གཏོང་རྒྱུ། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་འབྱེད་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ། མུ་མཐུད་དུ་འགུག་ཤུགས་ཆེ་བའི་ཕྱི་རྒྱལ་གྱི་ཚོང་བའི་མ་དངུལ་འཇོག་ཡུལ་དུ་འགྱུར་ངེས་རེད།

རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན། སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་རྒྱུ། དཔལ་འབྱོར་གོ་ལ་ཧྲིལ་བོ་ཅན་དུ་ཁྱབ་པར་བྱེད་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་རྩ་བའི་ཁེ་ཕན་དང་མཐུན་དགོས། ཀྲུང་གོས་གོ་ལ་ཧྲིལ་བོའི་དཔལ་འབྱོར་མཉམ་ལས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་གཏོང་རྒྱུ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་ཐབས་ལམ་གཙོ་བོའི་གོ་གནས་སྲུང་ནས། ཕྱོགས་མང་ཉོ་ཚོང་གི་གྲོས་མོལ་དུ་ཧུར་ཐག་གིས་ཞུགས་རྒྱུ་ཡིན། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དང་ལྷན་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཉོ་ཚོང་ཁུལ་གྱི་རིམ་པ་ཇེ་མཐོར་གཏོང་བའི་གྲོས་ཆོད་ཡི་གེ་ཕྱོགས་ཡོངས་ནས་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱས་ཏེ། མནའ་འབྲེལ་ཉོ་ཚོང་ས་ཁུལ་ཡོངས་ཀྱི་དཔལ་འབྱོར་རོགས་ལས་འབྲེལ་བའི་གྲོས་མཐུན་གྲོས་མོལ་སྔ་མོ་ནས་མཇུག་སྒྲིལ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཉོ་ཚོང་ས་ཁུལ་འཛུགས་པར་སྐུལ་འདོད་གཏོང་དགོས་པ་དང་། མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་བར་ལ་མ་དངུལ་དང་ཉོ་ཚོང་གྲོས་མཐུན་འཇོག་རྒྱུ་ཡིན་ཞིང་། ཀྲུང་གོ་ནི་འགན་འཁུར་ཕོད་པའི་རྒྱལ་ཁབ་ཅིག་ཆ་ཡིན་པས། ཁས་བླངས་པ་དེ་ད་ལྟའི་བར་ནན་ཏན་སྒོས་ལག་བསྟར་བྱེད་བཞིན་ཡོད་ཅིང་། འཁུར་འོས་པའི་འགན་དབང་ཀྱང་མཐའ་གཅིག་ཏུ་བསྲུང་རྒྱུ་ཡིན། 

(བདུན།)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱེད་པའི་རྒྱ་ཆེ་རུ་བསྐྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཁྱད་པར་དུ་མཁའ་དབུགས་མགྱོགས་མྱུར་ངང་ཇེ་ལེགས་སུ་གཏོང་རྒྱུ་ནི། མི་དམངས་མང་ཚོགས་ལ་ཐུག་པའི་དགོས་ངེས་འདོད་མོས་ཡིན་ལ། རྒྱུན་མཐུད་འཕེལ་རྒྱས་ནང་ཁོག་གི་རེ་བའང་ཡིན་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་བསྟར་དང་། རྩ་ལག་མཉམ་བཅོས། འགྱུར་མེད་ཀྱིས་བཅོས་སྐྱོང་བཅས་བྱས་ཏེ། འབད་བརྩོན་སྒོས་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱེད་རྒྱུ་དེ་ཡིན།

རྦད་ཆོད་སྒོས་མཁའ་དབུགས་བཅོས་སྐྱོང་གི་འཐབ་རྩོད་མཐའ་གཅིག་ཏུ་བཟང་བོ་སྤེལ་རྒྱུ། ད་ལོར་དབྱང་གཉིས་ཟི་རྫས་དང་། ཏཱན་དབྱང་འགྱུར་རྫས་འབུད་ཚད་སོ་སོར་3%མར་ཆག་པར་བྱེད་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་གྱི་ཆག་ཚད་མངོན་གསལ་སྒོས(PM2.5)མར་ཆག་པར་བྱེད་རྒྱུ་དེ་ཡིན་ལ། གཅིག་ནས་གང་མགྱོགས་སྒོས་རྡོ་ཐལ་གྱིས་སྦགས་བཙོག་གནད་དོན་སེལ་རྒྱུ་སྟེ། ཡོངས་ཁྱབ་ཀྱིས་རྡོ་སོལ་སིལ་མ་ཕྱོགས་བསྡུས་ངང་བཅོས་སྐྱོང་བྱས་ཏེ། བྱང་ཕྱོགས་ས་ཁུལ་དུདགུན་དུས་སུ་དྭངས་གཙང་གི་དྲོད་རླངས་གཏོང་བར་ཁྱབ་སྤེལ་བྱས་ནས། རྡོ་སོལ་གྱི་ཚབ་དུ་གློག་དང་སོལ་རླངས་ཀྱིས་ཁྱིམ་ཚང་ས་ཡ་གསུམ་གྱི་ཡན་ལ་ཁྱབ་པར་བྱས་ནས། ཏིས་རིམ་པ་ཡན་གྱི་གྲོང་ཁྱེར་འཛུགས་སྐྲུན་ས་ཁུལ་དུ་ཡོད་པའི་སོལ་སྲེག་ཁྲོ་ཐབ་ཆུང་བ་ཚང་མ་མེད་པར་གཏོང་རྒྱུ་དང་། སོལ་ཐབ་ཀྱིས་གློག་འདོན་པའི་གློག་ཁང་གིས་བཙོག་རྫས་གཏོང་བ་ཇེ་ཉུང་དང་ནུས་ཁུངས་གྲོན་ཆུང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། སོ་སོར་ཤར་དབུས་རྒྱུད་ས་ཁུལ་དུ་ད་ལོ་དང་སང་ལོར་ལེགས་འགྲུབ་ཡོང་བ་བྱ་རྒྱུ་དང་། ནུབ་རྒྱུད་ས་ཁུལ་གྱིས་2020ལོར་ལེགས་འགྲུབ་ཡོང་བར་བྱེད་རྒྱུ་ཡིན། སྒྲིག་གཞི་དང་ལག་རྩལ་ཐད་ཀྱི་གནད་དོན་སེལ་རྒྱུ་དམ་འཛིན་དང་། སྐྱེ་ལྡན་ནུས་རྒྱུའི་གློག་གཏོང་དྲ་སྦྲེལ་སྔོན་ལ་འགན་སྲུང་བྱས་ནས། ཕན་ནུས་ཡོད་པའི་སྒོ་ནས་ཆུ་དང་རླུང་། འོད་གསུམ་གྱིས་ཚབ་བྱེད་རྒྱུ་དང་། བདེ་འཇགས་ཡིན་ལ་ཕན་འབྲས་མཐོ་བའི་ཧི་གློག་འདོན་འཕེལ་རྒྱས་སུ་གཏོང་རྒྱུ་དང་། སོག་མ་ཐོན་ཁུངས་ཅན་དུ་སྤྱོད་ཚད་ཕྱོགས་བསྡུས་སྒོས་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ཡིན་ལ། གཉིས་ནས་སྦགས་བཙོག་གི་འབྱུང་ཁུངས་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་ཏེ། ལས་རིགས་གཙོ་བའི་སྦགས་བཙོག་བཅོས་སྐྱོང་ ཆེད་དམིགས་འགུལ་སྤྱོད་སྤེལ་དགོས། བཟོ་ལས་ཐད་ཀྱི་སྦགས་བཙོག་འབྱུང་གཞི་གཙོ་གནད་དུ་བཟུང་ནས་དུས་ཚོད་24རིང་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱས་ཏེ། བཙོག་རྫས་ཉུང་གཏོང་གི་ཚད་གཞིར་མ་ཐོན་པའི་ཁེ་ལས་ལ་མཐའ་མཇུག་གི་ཚད་གཞིའི་མཚམས་ཚད་བཟོས་ནས། དུས་ཚོད་ལྟར་ཚད་གཞི་ཐོན་མེད་པའི་ཁེ་ལས་ཁྲིམས་མཐུན་ལྟར་སྒོ་རྒྱག་ལས་མཚམས་འཇོག་རྒྱུ། གསུམ་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྟགས་སེར་པོ་ཅན་གྱི་རླངས་འཁོར་ཕལ་ཆེར་རྩ་བ་ནས་མེད་པར་གཏོང་རྒྱུ་དང་འཕྲུལ་སྒུལ་འཁོར་རིགས་རྙིང་བ་མྱུར་དུ་མེད་པར་བཏང་སྟེ། བཙོག་རྫས་ཉུང་གཏོང་གི་ཚད་མཐོ་བའི་འཕྲུལ་འཁོར་གྱི་རིགས་ལ་ཆེད་དམིགས་ཀྱིས་ལེགས་བཅོས་བྱས་ནས། ནུས་ཁུངས་གཙང་མའི་རླངས་འཁོར་བཀོལ་སྤྱོད་བྱེར་པར་ཡར་སྐུལ་དང་། བསེག་བྱའི་སྣུམ་རིགས་ཀྱི་རྒྱུ་སྤུས་ཇེ་མཐོར་བཏང་སྟེ་གནད་སའི་ས་ཁུལ་དུ་རྒྱལ་ཁབ་ཀྱི་ཚད་ལྡན་དྲུག་ཅན་གྱི་སྣུམ་རིགས་མགྱོགས་མྱུར་ངང་ཡོངས་ཁྱབ་ཀྱིས་བེད་སྤྱོད་བྱེད་རྒྱུ་དེ་ཡིན། བཞི་ནས་ཕན་ཡོད་ཀྱིས་སྦགས་བཙོག་ཆེ་བའི་གནམ་གཤིས་ལ་ཁ་གཏད་འཇལ་རྒྱུ་ཡིན། ནམ་ཟླའི་འགྱུར་ལྡོག་གིས་བཙོག་རྗས་འབྱུང་རྐྱེན་དང་ས་སྨུག་འཐིབ་རྐྱེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ལ་ཁ་གཏད་འཇལ་བའི་ཚད་ཇེ་མཐོར་བཏང་སྟེ། གནད་སའི་མངའ་ཁོངས་ཀྱི་མཉམ་འགོག་མཉམ་འཛིན། མཉམ་བཅོས་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་སྔོན་བརྡ་རྒྱག་པ་དང་འཕྲལ་སྒྲུབ་བྱེད་ཐབས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལྔ་ནས་གཟབ་ནན་གྱིས་ཁོར་ཡུག་ཁྲིམས་ལྟར་ལག་བསྟར་དང་ལྟ་བཤེར་འགན་འཁྲི་འདྲི་གཅོད་བྱེད་རྒྱུ། ལྐོག་ནས་བཙོག་རྫས་གཏོང་བ་དང་། རྫུན་བཟོ་མཁན་ལ་ངེས་པར་དུ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་དང་། ཁྲིམས་ལག་བསྟར་བྱེད་པའི་ནུས་པ་ཞན་པ་དང་། རྒྱ་ཡན་དུ་གཏོང་བའི་རིགས་ལ་ངེས་པར་དུ་ཁྲིམས་བསྟར་རྩད་གཅོད་ནན་མོ་བྱེད་རྒྱུ་ཡིན་ལ།མཁའ་དབུགས་ཇེ་ཞན་དུ་འགྲོ་ཚུལ་ལ་དོ་སྣང་མི་བྱེད་པ་ལ་ངེས་པར་དུ་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། ས་སྨུག་བཅོས་སྐྱོང་བྱེད་རྒྱུ་དེ་མི་ཚང་མར་འགན་ཁུར་ཡོད་པས། གནད་ས་ནི་བྱ་སྤྱོད་དངོས་དང་། འགྲུབ་མིན་ནི་མཐའ་འཁྱོངས་ཐུབ་མིན་ལ་ཐུག་ཡོད་པས། སྤྱི་ཚོགས་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ན། སྔོ་ཞིང་དྭངས་བའི་ནམ་མཁའ་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་འགྲོ་ངེས་ཐུབ་ཡིན། 

ཆུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོ་རྫས་འགྱུར་གྱི་དབྱང་མཁོ་ཚད་དང་། ཨན་ཏཱན་ཕྱིར་གཏོང་གི་ཚད་སོ་སོར་2%མར་ཆག་པར་བྱེད་རྒྱུ་དེ་ཡིན་ལ། གནད་སའི་བཞུར་རྒྱུད་དང་ས་ཁོངས། མཚོ་ཁོངས་ཀྱི་བཙོག་ཆུ་དང་ཞིང་ལས་ཐད་ཀྱི་སྦགས་བཙོག་བཅོས་སྐྱོང་དམ་འཛིན་བྱེད་རྒྱུ་དང་། ས་རྒྱུའི་སྦགས་བཙོག་བཟོ་བར་ཞིབ་བཤེར་བྱས་ཏེ་རིགས་དབྱེ་ནས་བཅོས་སྐྱོང་བྱེད་རྒྱུ། ཤུགས་ཆེན་པོས་མཁར་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱས་ཏེ། ལྷད་སྐྱོན་མེད་པའི་འཚོ་བའི་རྣམ་པ་ཅན་གྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ། ཡོངས་ཁྱབ་ཀྱིས་གད་སྙིགས་རིགས་བགར་བའི་ལམ་ལུགས་ཁྱབ་རྡལ་དུ་གཏོང་དགོས་པ་དང་། ཁྱབ་ཆེ་བའི་སྒོ་ནས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་ཇེ་རྒྱས་སུ་གཏོང་བའི་ཐད་ནས་སྐྱེད་སྲིང་བྱས་ཏེ། ལྷད་མེད་ཐོན་རྫས་བསྐྱར་བཟོ་དང་ཐོན་ཁུངས་འཁོར་སྤྱོད་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་མཉམ་རྒྱལ་ཡོང་བར་མངོན་འགྱུར་བྱེད་རྒྱུ་དེ་ཡིན། 

སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་གི་ཚད་གཞི་འགོད་དགོས་པ་མ་ཟད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་ནན་སྲུང་བྱེད་རྒྱུ་དམ་འཛིན་བྱས་ཏེ། ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་མཇལ་རྒྱུ་དེ་ཡིན། ནགས་ཚལ་གྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གནད་སའི་སྐྱེ་ཁམས་སླར་གསོ། སྐོར་ཐེངས་གཉིས་པའི་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་ཚོད་ལྟ་བྱེད་འགོ་བརྩམ་ནས། རྨོ་སྐྱུར་ནགས་སྐྲུན་རྩྭ་འདེབས་ཀྱི་ས་མུའུ་བྱེ་བ་གཅིག་དང་ས་ཡ་གཉིས་ཀྱི་ཡན་ལ་བསླེབ་པར་ཡོངས་འགྲུབ་བྱ་རྒྱུ་དང་། བྱེ་ཐང་དུ་འགྱུར་བ་དང་རྡོ་ཟེགས་སུ་འགྱུར་བ་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། སྐྱེ་ཁམས་ཀྱིས་ཕུན་སུམ་ཚོགས་པ་མང་པོ་སྔར་ལས་གསོག་འཇོག་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྗང་མདོག་ལྕགས་མཁར་བསྐྲུན་རྒྱུ་དེ་ཡིན། 

(བརྒྱད།)དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་གཙོ་གནད་དུ་གྱུར་བའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ནི་སྲིད་དོན་གྱི་གནད་ས་ཡིན་པས། དུས་ནམ་ཡིན་ཡང་ངེས་པར་ཡིད་ལ་འཛིན་པ་དང་འཁུར་དུ་ལེན་དགོས་ལ། དེང་སྐབས་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་འོག་ཏུ། སྔར་ལས་ལྷག་པའི་སྒོ་ནས་སྔོན་ལ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་དགོས་པས། ལས་དགོས་པ་དང་ལས་ཐུབ་པའི་དོན་དག་བཟང་བོར་སྒྲུབ་གང་ཐུབ་བྱས་ཏེ། མ་མཐའི་དམངས་ཚིས་གཞི་ཐིག་མཐའ་གཅིག་ཏུ་བསྲུང་དགོས། 

ལས་ཞུགས་ལས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ། ལས་ཞུགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ཐད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་སྟབས་བསྟུན་དང་ལས་ཀར་ཞུགས་སྟངས་གསར་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། ད་ལོ་སློབ་ཆེན་གྱི་སློབ་མ་ས་ཡ་བདུན་དང་འབུམ་དགུ་ཁྲི་ལྔ་ཡོད་པས་ལོ་རྒྱུས་ཐོག་ཆེས་མཐོ་ཤོས་ཡིན་པས ། ལས་ཞུགས་ལ་སྐུལ་སྤེལ་དང་། ལས་སྐྲུན་སྣེ་ཁྲིད། གཞི་རིམ་དུ་འཚར་ལོངས་འབྱུང་བ་སོགས་ཀྱི་འཆར་གཞི་དོན་འཁྱོལ་ཡག་པོར་བྱས་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་སྐྲུན་ཐད་སྐུལ་འདེད་གཏོང་དགོས་པ་དང་། སྲིད་ཇུས་དངོས་འབེབས་དང་འཐུས་ཚང་དུ་བཏང་སྟེ། ངེས་པ་དོན་གྱིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བ་བཀོད་སྒྲིག་བཟང་བོ་བྱེད་དགོས་པ་དང་། ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཅན་དང་། དབང་པོ་སྐྱོན་ཅན་དག་ལས་ཀར་ཞུགས་པར་རོགས་སྐྱོར་བྱས་ཏེ། ལས་ཀར་ཞུགས་མཁན་མེད་པའི་ཁྱིམ་ཚང་དུ་ཉུང་མཐར་ཡང་ལས་ཞུགས་པ་གཅིག་བརྟན་པོ་ཡོང་བར་འགན་ལེན་བྱེད་རྒྱུ་ཡིན། ང་ཚོས་ངེས་པར་དུ་ལས་ཞུགས་ཀྱི་དམངས་ཚིས་རྩ་བ་འདི་དམ་འཛིན་བྱས་ཏེ། ཚང་མས་ངལ་རྩོལ་གྱི་ཁྲོད་དུ་འབྱོར་ཕྱུག་གསར་གཏོད་དང་། འབད་འཐབ་ཀྱི་ཁྲོད་དུ་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན།

དྲང་བདེན་དང་སྤུས་ལེགས་ཀྱི་སློབ་གསོ་བཟང་པོ་བསྒྲུབ་རྒྱུ། གཅིག་གྱུར་གྱིས་མཁར་གྲོང་གི་འོས་འགན་སློབ་གསོའི་སློབ་མར་“གཉིས་མེད་གཅིག་གསབ”ཀྱི་སྲིད་ཇུས་སྤྱད་དེ། མགྱོགས་མྱུར་སྒོས་མཁར་གྲོང་འོས་འགན་སློབ་གསོའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་མི་གྲངས་སྤྱི་ལ་ཁྱབ་པ་མངོན་འགྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། སློབ་སྒྲུབ་ཆ་རྐྱེན་ཞན་པའི་སློབ་གྲྭར་མུ་མཐུད་ལེགས་བཅོས་བྱས་ཏེ། རྒྱུ་སྤུས་བཟང་བའི་སློབ་གསོའི་ཐོན་ཁུངས་ཚད་ཁྱབ་ཆེ་རུ་བསྐྱེད་དེ། མུ་མཐུད་དུ་མཁར་གྲོང་དང་ས་ཁུལ། སློབ་སྒྲུབ་བར་གྱི་ཁྱད་པར་ཇེ་ཆུང་ལ་གཏོང་རྒྱུ་ཡིན་ཞིང་། མུ་མཐུད་དུ་གནད་སའི་སློབ་ཆེན་དུ་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱ་ཆེ་རུ་བསྐྱེད་རྒྱུ་དང་། འབུམ་རམས་པ་དང་ཞིབ་འཇུག་སློབ་མ་ལ་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་ཁ་གསབ་ཚད་མཐོ་རུ་བཏང་ནས། འཛམ་གླིང་གི་རྩེར་སོན་སློབ་ཆེན་དང་རྩེར་སོན་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། དངོས་གཞིའི་མཐོ་རིམ་སློབ་གྲྭ་ཁ་ཤས་བལྟོས་བཅས་ཀྱིས་བསྒྱུར་པར་མུ་མཐུད་དུ་སྐུལ་འདེད་བྱེད་རྒྱུ་དང་། མཐོ་རིམ་སློབ་ཞུགས་ཀྱི་རྒྱུགས་ལེན་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཚོད་ལྟ་གཏིང་ཟབ་བྱས་ཏེ། གང་མགྱོགས་སྒོས་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ ། མི་རིགས་སློབ་གསོར་ཤུགས་བསྣན་ནས་དམིགས་བསལ་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། སློབ་སྔོན་སློབ་གསོ་དང་རྒན་པོའི་སློབ་གསོ་བཅས་བཟང་བོར་སྒྲུབ་རྒྱུ ། ཚད་ལྡན་གྱི་དམངས་སྒྲུབ་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ ། «ཀྲུང་གོའི་སློབ་གསོའི་དེང་རབས་ཅན་2030»གཏན་འབེབས་དང་ལག་བསྟར་བྱས་ཏེ། ང་ཚོས་མང་ཚོགས་ཀྱི་ཡིད་ཚིམ་པའི་སློབ་གསོ་འཕེལ་རྒྱས་སུ་བཏང་ནས། དེང་རབས་ཅན་གྱི་སློབ་གསོར་བརྟེན་ནས་དེང་རབས་ཅན་གྱི་རྒྱལ་ཁབ་འདེགས་སྐྱོར་བྱས་ཏེ། སྔར་ལས་མང་པོའི་བྱིས་པའི་ཕུགས་བསམ་འགྲུབ་པ་དང་། སྔར་ལས་མང་པོའི་ ཁྱིམ་ཚང་གི་རེ་བ་འགྲུབ་པར་བྱེད་རྒྱུ་དེ་ཡིན། སྐྱོན་བྲལ་ངང་ཀྲུང་གོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བྱེད་རྒྱུ། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་ལོ་རེའི་ནང་མི་རེར་སྒོར་420ནས་450བར་མཐོ་རུ་གཏོང་རྒྱུ་ཡིན་ལ། དེ་དང་མཉམ་དུ་མི་སྒེར་གྱིས་སྤྲོད་པའི་སྨན་བཅོས་གྲོན་དངུལ་ཚད་གཞིའང་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། སྨན་བཅོས་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་དུ་གཏོང་རྒྱུ་ཡིན། རྒྱལ་ཡོངས་སུ་སྨན་བཅོས་འགན་སྲུང་གི་ཆ་འཕྲིན་དྲ་སྦྲེལ་ཁྱབ་སྤེལ་བྱས་ནས། གཞན་ཡུལ་དུ་སྨན་བཅོས་དང་སྨན་ཁང་དུ་ཞག་སྡོད་བྱས་པའི་སྨན་རིན་ཐད་ཀར་དུ་རྩིས་སྤྲོད་བྱ་ཐུབ་པ་མངོན་འགྱུར་བྱེད་དགོས། ནད་གཞི་ཆེ་རིགས་ཀྱི་འགན་སྲུང་ལམ་ལུགས་ཇེ་ཚང་དུ་བཏང་སྟེ། འགན་སྲུང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཁྱོན་ཡོངས་ནས་རྣམ་པ་མང་བའི་སྨན་བཅོས་མཉམ་སྡེབ་སྒྲིག་གཞི་འཛུགས་པའི་ཚོད་ལྟ་བྱེད་འགོ་བརྩམ་རྒྱུ་དང་། གཞུང་བཙུགས་སྨན་ཁང་རིམ་པ་གསུམ་པ་ཚང་མ་ཟབ་ཞུགས་བྱེད་རྒྱུ་མ་ཟད་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ནས། སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་ངང་གོང་འོག་མཐུད་པའི་གདེང་འཇོག་དཔྱད་ཞིབ་དང་བསྔགས་སྐུལ་གྱི་ལམ་སྲོལ་འཛུགས་པར་སྐུལ་སྤེལ་གཏོང་རྒྱུ། གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཐག་ཉེ་སར་སྨན་བཅོས་སྟབས་བདེ་ཡོང་བར་བྱེད་རྒྱུ། རིམ་པ་བགར་ནས་སྨན་བཅོས་ཚོད་ལྟ་དང་ཁྱིམ་ཚང་དང་ཞབས་ཞུའི་གན་རྒྱ་འཇོག་པའི་ཁེབས་ཚུལ་ས་ཁུལ་དང་གྲོང་ཁྱེར་85%ཡན་ལ་རྒྱ་སྐྱེད་རྒྱུ་ཡིན། བདེ་ཐང་གི་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་བྱེད་ཆེད་མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཁ་གསབ་བྱེད་ཚད་མུ་མཐུད་དུ་མཐོ་རུ་གཏོང་རྒྱུ་དང་རིམ་ནད་སྔོན་འགོག་གི་མ་ལག་དང་དལ་བའི་ནད་རིགས་འགོག་སྲུང་གི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་འབྱུང་བར་དུས་ལྟར་མངོན་གསལ་སྒོས་ཡོངས་བསྒྲགས་ཕན་ནུས་ལྡན་པའི་ཐག་གཅོད་བྱེད་དགོས། སྨན་བཅོས་མི་སྣའི་བརྩོན་སེམས་རང་བཞིན་ལ་སྲུང་སྐྱོབ་དང་སྐུལ་སློང་བྱེད་དགོས། སྨན་པ་དང་ནད་པའི་བར་གྱི་འབྲེལ་བ་འཆམ་མཐུན་གྱི་འབྲེལ་བ་འཛུགས་དགོས། ཕྱོགས་ཡོངས་ནས་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་འོས་མཚམས་སྒོས་ལག་ལེན་བྱེད་དགོས་པ་དང་། བུ་སྐྱེའི་སྨན་བཅོས་བདེ་སྲུང་གི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ། ཁྲིམས་ལྟར་ཀྲུང་ལུགས་གསོ་རིག་གི་ལས་དོན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ནི་མི་དམངས་ཀྱི་བདེ་ཐང་ལ་རག་ལས་པས། ངེས་པར་དུ་དོ་དམ་ནན་མོ་དང་། ཡང་དང་བསྐྱར་དུ་གཟབ་གཟབ་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པ་དང་། གཞི་རིམ་གྱི་ལྟ་སྐུལ་དོ་དམ་གྱི་ནུས་ཤུགས་ཇེ་ཚང་དང་། ཕྱོགས་སོ་སོའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། མགོ་ཁོངས་ནས་ཚོད་འཛིན་བྱེད་པ་དང་།ཐོན་སྐྱེད་དང་དོ་དམ་གལ་ཆེན་མཉམ་གནས། ཁྲིམས་ལྟར་ཟིང་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་བསྟེན་བདེ་འཇགས་ཀྱི་འགག་སྒོ་རེ་རེ་རྦད་ཆོས་ཀྱིས་གཏན་སྲུང་བྱེད་དགོས།

དམངས་ཚིས་འགན་སྲུང་གི་དྲ་བ་དམ་པོར་འཛུགས་དགོས། ལས་འཁྱུར་ངལ་གསོ་མི་སྣའི་མ་མཐའི་རྒན་གསོའི་མ་དངུལ་མུ་མཐུད་དུ་ཇེ་མཐོར་བཏང་ནས། དུས་ལྟར་འདང་ངེས་སྤྲོད་པར་འགན་ལེན་བྱེད་རྒྱུ་ཡིན། གཟིགས་སྐྱོང་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཚད་གཞི་བརྟན་པོའི་ངང་ནས་མཐོ་རུ་བཏང་ནས་སྐབས་འཕྲལ་རོགས་སྐྱོར་ལམ་ལུགས་ལག་བསྟར་བཟང་པོ་བྱེད་རྒྱུ། རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་ལམ་སྲོལ་འཐུས་ཚང་ལེགས་སྒྲིག་བྱས་ཏེ། ན་ནིང་ལས་ཆུ་ལོག་གནོད་འཚེའི་ཁྲོད་ཉམས་ཞིག་ཏུ་གྱུར་བའི་དམངས་ཀྱི་སྡོད་ཁང་ཡོད་ཚད་ལ་བསྐྱར་ལས་དང་བསྐྱར་འཛུགས་བྱེད་པར་ལེགས་འགྲུབ་བྱུང་དགོས། ཞིང་སྡེའི་གཞིས་སྲུང་བྱིས་པར་བྱམས་སྐྱོང་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་གནས་སུ་གྱུར་བའི་བྱིས་པར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམག་མི་དཔའ་བོའི་ཁྱིམ་མི་དང་བདག་མེད་ལོ་ལོན་ལ་སེམས་ཁུར་དང་རོགས་རམ་བྱེད་རྒྱུ་ཡིན། དབང་པོ་སྐྱོན་ཅན་ལ“ཁ་གསབ་གཉིས་”ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བྱེད་རྒྱུ། རྫོང་རིམ་པའི་སྲིད་གཞུང་གིས་མ་མཐའི་འཚོ་བའི་འགན་སྲུང་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། འདེགས་སྐྱོར་ལས་དོན་ཏན་ཏིག་ངང་ནས་ལེགས་པོར་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་དང་། འཚོ་བར་རེ་བས་ཁེངས་སུ་འཇུག་རྒྱུ། བཅའ་ཁྲིམས་དང་སྲིད་འཛིན།དཔལ་འབྱོར་སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་སྤྱད་ནས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་གནད་དོན་ཐག་གཅོད་ཡག་པོར་བྱས་ཏེ། ཁོ་ཚོས་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་ཀྱི་ཐོབ་བྱ་གཏན་ནས་མེད་པར་བཏང་མི་ཆོག རིག་གནས་ཀྱི་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ངོས་འཛིན་གཅིག་ཏུ་མཐུན་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཀྱི་རང་རྟོན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག རྩོམ་རིག་སྒྱུ་རྩལ་གསར་རྩོམ་དར་རྒྱས་ཡོང་བ་དང་། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་འཕྲིན། ཡིག་ཚགས་སོགས་པའི་ལས་དོན་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྣམ་པ་གསར་བའི་རིག་མཛོད་འཛུགས་རྒྱུ་བྱེད་རྒྱུ་ཡིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེག་རྒྱས་བཟོ་སྐྲུན་ལག་བསྟར་བྱས་ཏེ། རིག་དངོས་དང་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ཀྱི་ཀློག་འདོན་ཁྱབ་སྤེལ་ཤུགས་ཆེན་དང་། ཚན་རིག་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མ་མཐའི་སྤྱི་པའི་རིག་གནས་ཞབས་ཞུ་འདྲ་མཉམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རིག་གནས་ཐོན་ལས་སྐྱེད་སྲིང་ཇེ་མགྱོགས་དང་། རིག་གནས་ཚོང་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲ་བའི་ཁོར་ཡུག་སྤུས་གཙང་དུ་གཏོང་དགོས། ཀྲུང་ཕྱིའི་མི་ཆོས་རིག་གནས་གཏིང་ཟབ་དུ་སྤེལ་ནས་ཀྲུང་གོའི་རིག་གནས་ཕྱི་རུ་སྐྱོད་པར་སྐུལ་སྤེལ་གཏོང་དགོས། དགུན་དུས་ཀྱི་ཨོ་གླིང་ལུས་རྩལ་འགྲན་ཚོགས་དང་། དབང་པོ་སྐྱོན་ཅན་པའི་དགུན་དུས་ཀྱི་ཨོ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་རྒྱུ། མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་གཅིག་གྱུར་ཐོག་འཕེལ་རྒྱས་གཏོང་རྒྱུ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་རྒྱ་ཆེན་པོར་གཉེར་ནས། སྔར་ལས་ཀྱང་མི་མང་པོར་ལུས་རྩལ་གྱི་དགའ་ཚོར་ཉམས་སུ་མྱོང་བར་བྱས་ནས་བདེ་ཐང་གི་གཟུགས་གཞི་ཡོད་པར་བྱེད་དགོས། མི་དམངས་ཀྱི་ལུས་སེམས་བདེ་ཐང་དང་། སྤྲོ་དགའ་ཉམས་སྐྱིད་བྱུང་ན་རྒྱལ་ཁབ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ངེས་རེད། སྤྱི་ཚོགས་བཅོས་སྐྱོང་དང་གསར་གཏོད་ལ་སྐུལ་སྤེལ་གཏོང་རྒྱུ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཕན་དང་དགེ་བའི་ལས་དོན་ཁྲིམས་མཐུན་ལྟར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་བཏང་ནས་ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་དང་དང་བླངས་ཞབས་ཞུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། བུད་མེད་དང་། བྱིས་པ། རྒན་པ། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་ཤུགས་ཆེ་རུ་གཏོང་རྒྱུ། ཡིག་སྐུར་ངོ་བཅར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་ཚུལ་མཐུན་བདེ་སྡུག་ཞུ་སྦྱོར་དུས་ཐོག་ཏུ་རང་སར་ཁྲིམས་མཐུན་ཐག་གཅོད་བྱེད་རྒྱུ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་གཏིང་ཟབ་དུ་སྤེལ་ནས་དངོས་སྣང་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོར་གཏོང་རྒྱུ་དང་། ནག་ཚོགས་སྟོབས་ཤུགས་ཀྱིས་བྱས་ཉེས་བསགས་པ་དང་། དུག་རྫས་ཀྱི་ཉེས་བསགས་དང་རྐུ་འཁྱེར། འཕྲོག་བཅོམ། གློག་འཕྲིན་དྲ་བའི་ཐོག་ནས་མགོ་སྐོར་གཏོང་བ། མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་བྱས་པ་སོགས་ཁྲིམས་འགལ་གྱི་རིགས་མང་པོ་ལ་ཁྲིམས་མཐུན་གྱིས་ཁྲིམས་ཆད་ནན་མོར་བཅད་དེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་རྒྱུ། སྤྱི་བའི་དཔལ་ཡོན་གྱི་ཁྲིམས་འཛིན་ལག་བསྟར་ལ་དོ་དམ་ཤུགས་སྣོན་བྱས་ནས་སྤྱི་ཚོགས་བདེ་སྲུང་གི་འབུར་ཐོན་གནད་དོན ་ལ་དག་ཐེར་ཆེན་པོ་བྱས་ཏེ། ཕྱོགས་གང་ཐད་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། 

བདེ་འཇགས་ཡོང་བར་བྱེད་རྒྱུ་ནི། སྲོག་ལ་ཐུག་པའི་དོན་ཆེན་ཡིན། ངེས་པར་དུ་བདེ་འཇགས་འཛུགས་སྐྲུན་གྱི་བྱ་བ་བློ་ཐག་རྦད་ཆོད་ཀྱིས་འཛིན་དགོས། བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ས་འགུལ་དང་། གནམ་གཤིས། ཚད་ལེན། ས་གཤིས་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབ་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ནན་མོར་སྲུང་ནས་ཁེ་ལས་ཀྱི་ལས་གཞི་གཙོ་བོའི་འགན་འཁྲི་དང་། ས་གནས་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི། སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེའི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་རྒྱུ། 

(དགུ།) ཕྱོགས་ཡོངས་ནས་སྲིད་གཞུང་རང་སྟེང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། “འདུ་ཤེས་བཞི”བརྟན་པོར་བཅངས་ནས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་རང་འགུལ་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། སྲིད་གཞུང་གི་འགན་ནུས་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་སྲིད་འཛིན་ནུས་པ་ཆེ་རུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་གང་ལེགས་ཞུ་རྒྱུ། 

ཁྲིམས་མཐུན་ལྟར་འགན་འཁྲི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་རྒྱུ། རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་ལ་བརྩི་བཀུར་དང་། བཅའ་ཁྲིམས་ལ་གོང་བཀུར། ཁྲིམས་ལྟར་སྲིད་འཛིན་པ། ཁྲིམས་ལྟར་སྲིད་གཞུང་འཛུགས་པ། སྲིད་དོན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་། དམངས་གཙོས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ ཇུས་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཆེ་བའི་སྒོ་ནས་སྐྱོན་བརྗོད་དང་བསམ་འཆར་འདུས་པའི་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ལ་ཉན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ལྟར་རིམ་པ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། རང་རྟོགས་སྒོས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་ བྱས་ཏེ། དམངས་ཆེན་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། དམངས་གཙོའི་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག་བཅས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཉན་ཏེ། མི་དམངས་ཀྱི་སྲིད་གཞུང་ཞིག་ཡིན་པའི་ཆ་ནས། ལས་དོན་ཐམས་ཅད་ལས་མི་དམངས་ཀྱི་བསམ་འདུན་མཚོན་པ་དང་། མི་དམངས་ཀྱི་ཁེ་ཕན་སྲུང་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱེད་རྒྱུ། 

སྤྱོད་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་རྒྱུ། ཏང་ནན་མོར་སྐྱོང་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས། ཏང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་མཐའ་འཁྱོལ་ཡོང་བར་བྱས་ཏེ། “སྤྱོད་ཚུལ་བཞི་”རེ་རེ་བཞིན་གཅིག་རྒྱུན་གཅིག་ལ་ཡོ་བསྲང་བྱེད་རྒྱུ། སྲིད་འཛིན་གྱི་ལྟ་ཞིབ་བྱེད་ཤུགས་དང་། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་མཐའ་འཁྱོལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་རྩེ་གཅིག་ཏུ་དམིགས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་རྒྱུ། རྒྱ་ཆེའི་གཞུང་ཞབས་པས་སྲིད་གཙང་གཞུང་དྲང་འཛིན་སྐྱོང་བྱེད་པ་དང་། སྤྱོད་གཙང་ཀྱིས་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་རྒྱུ། 

རང་འགན་མ་དོར་བར་ལས་སྒྲུབ་ལས་སྐྲུན་བྱེད་དགོས། ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དངོས་སྒྲུབ་བྱས་ནས་བྱུང་བ་ཡིན་པས། ཡང་བསྐྱར་གྲུབ་འབྲས་གསར་བ་ལེན་རྒྱུའང་དངོས་སྒྲུབ་ལ་བརྟེན་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་དེའི་ལས་བྱེད་མི་སྣས་བྱ་བ་སྒྲུབ་ཕོད་པ་དང་། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་འབད་བརྩོན། དོན་དངོས་དང་ཟུང་འབྲེལ་བཅས་ཀྱི་སྒོ་ནས་གསར་གཏོད་རང་བཞིན་གྱིས་བྱ་བ་སྒྲུབ་པ་ལས། སླ་མོའི་ངང་ཚོགས་འདུས་ཚོགས་འདུ་ལག་བསྟར་བྱེད་པ་དང་ཡིག་ཆས་ཡིག་ཆ་ལག་བསྟར་བྱས་ནས། ཚིག་སྟོང་དོན་མེད་དང་། ཁ་བཤད་ཆུ་ཡི་ལྦུ་བ་ལྟ་བུ་བྱེད་མི་རུང་། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་འདོན་སྤེལ་གང་ལེགས་བྱས་ནས། ས་བབ་དང་བསྟུན་པ་དང་། འཚོལ་ཞིབ་བྱེད་ཕོད་པ། ཕན་ཚུན་འགྲན་རྩོད་ཀྱིས་ཚན་རྩལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་རྒྱུ། བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ལྷག་པར་དུ་ལས་འགན་གཙོ་བོའི་ཐད་རང་རང་གི་འགན་འཁྲི་ནན་མོར་ཁུར་ནས། གནོན་ཤུགས་རིམ་པ་ལྟར་བརྒྱུད་འདྲེན་བྱས་ཏེ། ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་རྒྱུ། ལྟ་ཞིབ་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་ནས། ཐ་ཤལ་དང་སྒྱིད་ལུགས། ཁྲལ་སེལ་བཅས་ཀྱི་སྲིད་སྐྱོང་བྱ་སྤྱོད་བཅོས་སྐྱོང་ནན་མོ་བྱས་ཏེ། སྲིད་འཛིན་གྱི་ཡིད་ཆེས་འཆོར་བ་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་དགོས། ངར་སྐུལ་གྱི་ལམ་སྲོལ་དང་ནོར་འཛོལ་བྱུང་ཡང་ཡོ་བསྲང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། བྱ་བ་བསྒྲུབ་མཁན་ལ་སྐུལ་ལྕག་དང་། འགན་འཁུར་ཕོད་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུ། རྒྱ་ཆེའི་ལས་བྱེད་པས་རང་འགུལ་སྒོས་བྱ་བ་སྒྲུབ་པ་དང་། བཙན་དྲག་ལ་གདོང་ཐུག་བྱེད་ཕོད་པར་བྱས་ཏེ། མི་དམངས་མང་ཚོགས་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་དངོས་སྒྲུབ་བྱེད་པར་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། བྱ་བ་དངོས་སྒྲུབ་བྱེད་པར་བརྟེན་ནས་མ་འོངས་པའི་རྒྱལ་ཁ་ལེན་པར་བྱེད་རྒྱུ། 

འཐུས་མི་རྣམ་པ། རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། ནང་སོག་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར70ལོན་བའི་རྟེན་འབྲེལ་བྱ་འགུལ་རྩ་འཛུགས་བཟང་པོ་བྱེད་དགོས། མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་དར་དམངས་ཕྱུག་ལས་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ། མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འཕེལ་རིམ་ཁྲོད་རིགས་སོ་སོའི་མི་དམངས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས། མི་རིགས་སོ་སོའི་བར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་ཡོང་བ་བཅས་བྱས་ན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་འདི་བདེ་སྐྱིད་ཁམས་བཟང་ཡོང་ངེས་རེད།

ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་ཁྲོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ནུས་པ་ཆེན་པོ་འདོན་སྤེལ་བྱེད་དགོས། 

ང་ཚོས་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་ནང་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཏེ་ཁོང་ཚོའི་དམིགས་བསལ་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ངེས་རེད།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་ནང་། རྒྱལ་སྲུང་དང་དམག་དཔུང་གི་སྒྱུར་བཅོས་ཐད་ནས་ཐོལ་བརྒལ་ཆེན་པོ་བྱུང་སྟེ། དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་གསར་པའི་ནང་། ང་ཚོས་ཏང་གི་དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་དམིགས་འབེན་གྱིས་སྣེ་ཁྲིད་བྱེད་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ། དམག་སྦྱོང་གྲབས་འཁྲུག་ཇེ་དྲག་ཏུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས། རྦད་ཆོས་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་སྤེལ་རྒྱུ། མཚོ་མཁའ་མཐའ་གསུམ་སྲུང་བའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། འཇིགས་རྒོལ་བརྟན་སྲུང་དང་། རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་། རྒྱང་རིང་མཚོ་འགྲུལ་སྲུང་སྐྱེལ་སོགས་ལས་འགུལ་གལ་ཆེན་རྩ་འཛུགས་ཞིབ་ཚགས་བྱེད་རྒྱུ། རྒྱལ་སྲུང་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་དང་དམག་ཆས་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུ། དམངས་ཡོངས་ཀྱི་རྒྱལ་སྲུང་དང་རྒྱལ་སྲུང་སྐུལ་སློང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་པ་ཇེ་དྲག་ཏུ་གཏོང་རྒྱུ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་མཐུན་སྦྱོར་དང་། དོ་སྙོམས་དང་། འཆམ་མཐུན་འཕེལ་རྒྱས། གཏིང་ཟབ་སྒོས་རྒྱལ་སྲུང་ཚན་རྩལ་ལས་ཀའི་སྒྲིག་གཞི་བཅོས་སྒྱུར་བཅས་ལ་སྐུལ་འདེད་བྱས་ཏེ། དམག་དམངས་མཉམ་བསྲེས་གཏིང་ཟབ་འཕེལ་རྒྱས་ཀྱི་ཚད་དང་མཐུན་པར་སྐུལ་འདེད་བྱེད་པ། རིམ་པ་སོ་སོའི་སྲིད་གཞུང་གིས་ནན་ཏན་སྒོས་སྔར་ལས་ལྷག་པའི་བྱེད་ཕྱོགས་ཀྱིས་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྩ་བ་ཚུགས་ཤིང་། རྩེ་མོ་རྒྱས་པར་བྱེད་དགོས། 

འཐུས་མི་རྣམ་པ།
ང་ཚོས་མུ་མཐུད་དུ་ཕྱོགས་ཡོངས་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ”“ཨའོ་མིན་བས་ཨའོ་མིན་སྐྱོང་པ”ཚད་མཐོ་བའི་རང་སྐྱོང་གི་བྱེད་ཕྱོགས་ཡང་དག་པའི་ལག་བསྟར་བྱས་ཏེ། གཟབ་ནན་ལྟར་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབ་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཞེས་པ་ལྟར། ཞང་ཀང་དང་ཨོ་མིན་ནི་གཡོ་འགུལ་མི་གཏོང་བ། ཇི་མ་ཇི་བཞིན་ཡིན་པ། རྣམ་པ་མི་འགྱུར་བར་ཁག་ཐེག་བྱ་དགོས། ཞང་ཀང་དང་ཨོ་མིན་གྱི་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་མགོ་གཙོ་དང་སྲིད་གཞུང་ཁྲིམས་ལྟར་གནས་པ་བཅས་ལ་ནུས་ཤུགས་ཡོད་ཚད་ཀྱིས་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཚིས་ལེགས་བསྒྱུར། དམངས་གཙོ་སྐུལ་འདེད། འཆམ་མཐུན་སྐུལ་འདེད་སོགས་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས། “ཞང་ཀང་རང་བཙན་”ལ་མདུན་ལམ་ཆེན་པོ་མེད། ནང་ལོག་དང་ཞང་ཀང་དང་་ཨའོ་མིན་མཉམ་ལས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཀུང་ཏུང་དང་ཞང་ཀང་། ཨའོ་མིན་བཅས་ཀྱི་གྲོང་ཁྱེར་འཕེལ་རྒྱས་གྱི་འཆར་འགོད་ཞིབ་འཇུག་གཏན་ཕབ་བྱས་ཏེ། ཞང་ཀང་དང་ཨའོ་མིན་གཉིས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཁྲོད་དུ་གོ་གནས་དང་ ནུས་པ་མཐོར་འདེགས་གཏོང་དགོས། ང་ཚོས་ཞང་ཀང་དང་ཨའོ་མིན་དུས་ཡུན་རིང་བོར་དར་རྒྱས་བརྟན་འཇགས་ཡོང་བར་སྲུང་འཛིན་བྱེད་པར་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཡོད།

ང་ཚོས་ཐེ་ཝན་གྱི་བྱ་བའི་བྱེད་ཕྱོགས་སྲིད་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། “དགུ་གཉིས་མཉམ་རྟོགས”དང་སྲིད་ཇུས་ཀྱི་རྨང་གཞི་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་དང་། ཐེ་ཧེ་ཞི་བདེའི་བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་ཐེ་ཝན་རང་བཙན་བྱེད་པའི་ཁ་བྲལ་བྱ་འགུལ་ལ་ངོ་རྒོལ་བྱེད་པ་དང་། མི་གང་རུང་གིས་རྣམ་པ་གང་ཞིག་དང་། མིང་གང་ཞིག་གི་སྟེང་ནས་ཐེ་ཝན་མེས་རྒྱལ་གྱི་མངའ་ཁོངས་ལས་ཁ་བྲལ་དུ་གཏོང་བར་ གཏན་ནས་བྱས་མི་ཆོག མུ་མཐུད་དུ་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐེ་ཝན་སྤུན་ཟླ་དང་ལྷག་པར་དུ་ན་གཞོན་ཚོ་སྐམ་ས་ཆེན་མོར་ཡོང་ནས་སློབ་སྦྱོང་དང་། ལས་ཞུགས། ལས་སྐྲུན ། འཚོ་བ་བཅས་རོལ་བར་སྟབས་བདེ་གང་ལེགས་བསྐྲུན་དགོས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་འགན་འཁྲི་ཁུར་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་ཡོང་བར་མདུན་དུ་བསྐྱོད་དགོས། མཉམ་དུ་ཀྲུང་གོ་བས་བདེ་སྐྱིད་ཀྱི་འཚོ་བ་དང་མཛེས་སྡུག་གི་མ་འོངས་པ་གསར་བསྐྲུན་བྱ་དགོས།

འཐུས་མི་རྣམ་པ།
འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་གྱི་གནས་བབ་གཏིང་ཟབ་པའི་འགྱུར་ལྡོག་ལ་ཁ་གཏད་ནས། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་ཞི་བདེ་བརྟན་འཇགས་ཀྱི་ཕྱོགས་སུ་ལངས་ཡོད་ལ། འདྲ་མཉམ་དྲང་བདེན་གྱི་ཕྱོགས་སུ་ལངས་ཡོད་པས། འཛམ་གླིང་ཞི་བདེ་ཡི་བཟོ་བསྐྲུན་མཁན་དང་། གོ་ལ་ཧྲིལ་བོར་འཕེལ་རྒྱས་ཀྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་མཁན་ཞིག་བྱ་དགོས། ང་ཚོ་བློ་བརྟན་འགྱུར་མེད་སྒོས་འདྲ་མཉམ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། བློ་ཐག་རྦད་གཅོད་ཀྱིས་ཕྱོགས་མང་ལམ་ལུགས་ཀྱི་ཁེ་དབང་རང་བཞིན་དང་ཕན་ནུས་རང་བཞིན་བཅས་ལ་སྲུང་སྐྱོབ་བྱས་ནས། རྣམ་པ་སྣ་ཚོགས་ཀྱི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱ་དགོས། གཏིང་ཟབ་པའི་སྒོ་ནས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཕེལ་རིམ་ཁྲོད་ཞུགས་ཏེ། དཔལ་འབྱོར་འཛམ་གོ་ལ་ཧྲིལ་བོ་ཅན་དུ་ཁྲིད་སྟོན་བྱེད་པའི་ཕྱོགས་སུ་སྔར་ལས་ལྷག་པའི་སྒོ་ནས་བཟོད་སྒོམ་དང་ཕན་ཚུན་གཉིས་ཕན། གཞུང་དྲང་ལུགས་མཐུན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། སྤྱི་ཡོངས་བརྟན་འཇགས་དང་དོ་མཉམ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྤྱི་ཁོག་འཛུགས་པར་སྐུལ་འདེད་བཏང་ནས། ཁྱིམ་མཚེས་བར་མཛའ་མཐུན་ཡོང་བ་དང་ཕན་ཚུན་ལ་ཡིད་ཆེས་པ། མཉམ་དུ་འཕེལ་རྒྱས་ ཡོང་བའི་མཐའ་འཁོར་ཁོར་ཡུག་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་འབྲེལ་བྱས་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།ཧུར་ཐག་སྒོས་གོ་ལ་ཧྲིལ་བོ་རང་བཞིན་དང་ས་ཁུལ་གྱི་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་ཅན་གྱི་ཇུས་གཞི་འདོན་སྤྲོད་བྱ་དགོས། མགྱོགས་མྱུར་སྒོས་ཕྱི་རྒྱལ་གྱི་ཁེ་དབང་སྲུང་སྐྱོབ་ལམ་ལུགས་དང་འཇོན་ཐང་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་མཉམ་རྒྱལ་སྲོག་ཤིང་ཡིན་པའི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་འདོད་ཡོད་ལ། མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་ཆེད་དུ་བྱས་རྗེས་གསར་བ་འཇོག་རྒྱུ།

འཐུས་མི་རྣམ་པ།
འགན་འཁྲི་གལ་ཆེན་དེ་འགན་ཁུར་གྱི་སྟེང་དུ་ཡོད།དོན་དངོས་བསྒྲུབས་ན་འོད་སྟོང་འབར། ང་ཚོའི་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། བློ་གཅིག་སེམས་གཅིག་དང་། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱ་རྒྱུ་དང་། བརྒྱ་ལོ་གཉིས་ཀྱི་རླབས་ཆེ་བའི་དམིགས་འབེན་མངོན་འགྱུར་བྱ་ཆེད།སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།