མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་བྱེད་ཐབས་དྲུག་སྤྱད་དེ་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐས་རིམ་གསར་བར་བསྙེག་པར་སྐུལ་འདེད་བཏང་བ།
2017.03.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

2016ལོའི་ཚུན་དུ་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་དམིགས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དང་ཞིང་ལས་ཀྱི་གནས་ཚུལ་གཞིར་བཟུང་ཞིང་། ཚོང་རའི་དགོས་མཁོ་ལྟར་ཁྲིད་སྟོན་བྱེད་པ་དང་སྤུས་ཀ་ཇེ་མཐོ་དང་ཕན་འབྲས་ཇེ་མཐོར་གཏོང་བ་གཞི་རྩར་བཟུང་སྟེ། “གྲུབ་ཚུལ་ལེགས་སྒྲིག་དང་སྤུས་ཀ་ཇེ་མཐོ། མཉམ་བསྲེས་ཡོང་བར་སྐུལ་འདེད། མ་རྩ་ཇེ་དམའ། མི་འདང་ས་ཁ་གསབ་བྱེད་པ”བཅས་ཀྱི་བྱེད་ཐབས་དྲུག་ལག་བསྟར་ཅི་ཐུབ་བྱས་པ་སྟེ།

གཅིག་ནས་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག གཟན་རྩྭ་སོགས་གཅིག་གྱུར་བྱས་ཏེ་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་། གྲོའི་འདེབས་རྒྱ་སྤྱི་ཆིང་འབུམ་གཅིག་དང་ཁྲི་བཞི་སྟོང་གཅིག་ལྷག་ལེགས་སྒྲིག་བྱས་ཏེ་སྤྱི་ཆིང་སྟོང་གཉིས་དང་བདུན་བརྒྱ་ཇེ་མང་དུ་བཏང་བ་དང་། ནས་ཀྱི་འདེབས་རྒྱ་སྤྱི་ཆིང་ཁྲི་ལྔ་དང་སྟོང་དགུ་སུམ་བརྒྱ་ལེགས་སྒྲིག་བྱས་ཏེ་སྤྱི་ཆིང་སྟོང་གཅིག་དང་ཉིས་བརྒྱ་ཇེ་མང་དུ་བཏང་། མ་རྨོས་ལོ་ཏོག་གི་འདེབས་རྒྱ་སྤྱི་ཆིང་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་ལེགས་སྒྲིག་བྱས་ཏེ་སྤྱི་ཆིང་སྟོང་གསུམ་དང་ཉིས་བརྒྱ་ཇེ་མང་དུ་བཏང་། གཟན་རྩྭའི་འདེབས་རྒྱ་སྤྱི་ཆིང་ཁྲི་གཉིས་དང་སྟོང་དགུ་རུ་ལེགས་སྒྲིག་བྱས་ཏེ་སྤྱི་ཆིང་སྟོང་ལྔ་དང་བརྒྱད་བརྒྱ་ཇེ་མང་དུ་བཏང་། སྔོ་ཚོད་ཀྱི་འདེབས་རྒྱ་སྤྱི་ཆིང་ཁྲི་བཞི་དང་སྟོང་བརྒྱད་དགུ་བརྒྱ་རུ་ལེགས་སྒྲིག་བྱས་ཏེ་སྤྱི་ཆིང་སྟོང་གཉིས་ཇེ་མང་དུ་བཏང་།

གཉིས་ནས་མིང་གྲགས་ཐོན་རྫས་སྐྲུན་ཞོར་སྤུས་ཀ་ཇེ་མཐོར་བཏང་བ། ཚོང་རར་སྤུས་ཀ་བཟང་བའི་ཐོན་རྫས་མཁོ་བ་ལྟར“མཐོ་སྒང་དང་ལྗང་མདོག ལྷད་མེད། སྐྱེ་ལྡན་བཅས་ཀྱི་མིང་གྲགས་ཐོན་རྫས”སྐྲུན་གང་ཐུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞོག་ཁོག་དང་སྔོ་ཚོད་ཐོན་སྐྱེད་རྟེན་གཞི་བརྒྱད་ཀྱི་ས་ཞིང་སྤྱི་ཆིང་ཁྲི་བདུན་དང་སྟོང་ལྔ་ལྷག་ལ་རྒྱལ་ཁབ་ཀྱིས་ལྷད་མེད་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆའི་ཚད་གཞི་ལྟར་ཐོན་སྐྱེད་བྱེད་པའི་རྟེན་གཞི་རུ་གཏན་འཁེལ་བྱས་ཤིང་། ཆི་ལེན་རྫོང་གི་རྩྭ་ས་སྤྱི་ཆིང་ས་ཡ་གཅིག་དང་ཁྲི་གསུམ་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ནོར་གནག་དང་འབྲོག་ལུག་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་རུ་གཏན་འཁེལ་བྱས། ཞིང་ཆེན་ཡོངས་སུ“ཐོན་རྫས་གསུམ་དང་དཔང་ཡིག་གཅིག”གི་ཚོང་རྟགས་ཡོད་པའི་མཚོན་རྟགས་ཐོན་རྫས་བཞི་བརྒྱ་བདུན་ཅུ་རུ་སླེབས་ཡོད།

ལོ་ཧྲིལ་བོར་རྫོང་རིམ་པའི་ཐོན་སྐྱེད་རྟེན་གཞི་གྱ་དྲུག་དང་ཞིང་ལས་སྡེབ་འཚོང་ཚོང་ར་དང་ཚོང་ཁང་བཅོ་བརྒྱད་ཀྱི་སྔོ་ཚོད་དང་སིལ་ཏོག བཟའ་བྱའི་ཤ་མོ་རིགས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་ཐེངས་ལྔ་བརྒྱ་ཉེར་ལྔ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་བཤའ་ར་དྲུག་ཅུ་ལ་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་བྱས། ནོར་ལུག་བཤའ་ར་བཅུ་བདུན་དཔེར་འཐེན་ཞིབ་བཤེར་བྱས་པས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་ལ་ནུས་ལྡན་སྒོས་འགན་སྲུང་བྱས།

གསུམ་ནས་ཐོན་ལས་མུ་འབྲེལ་བྱས་ཏེ་མཉམ་བསྲེས་ཡོང་བར་སྐུལ་འདེད་བཏང་བ། ཚོད་ལྟ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏ་ཐུང་དང་མེན་ཧོ། ཧེ་ཡན། ཐེམ་ཆེན། ཧི་ནན་བཅས་རྫོང་ལྔ་ནས་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཡོང་བ་དེ་རོང་འབྲོག་པའི་ཁེ་ཕན་དང་ཟུང་དུ་འབྲེལ་བའི་ཚོད་ལྟ་བྱས་པ་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རྒྱལ་ཁབ་ཀྱི་ཆེད་སྤྱོད་འཛུགས་སྐྲུན་ཐེབས་རྩ་ལས་སྒོར་དུང་ཕྱུར་བཞི་ལྷག་བརྩོན་ལེན་བྱས་ནས། ཞིང་སྡེའི་ཐོན་ལས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལས་གཞི་བཅུ་བཞི་ལ་རོགས་སྐྱོར་བྱས་ཤིང་། དམངས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་ང་དགུ་དང་བྱེ་བ་བཞི་ས་ཡ་དྲུག་གཏོང་བར་སྐུལ་ཁྲིད་བྱས། དུས་མཚུངས་སུ་ཐོན་ལས་མུ་རྒྱུད་བསྲིངས་པས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་བཞི་བརྒྱ་ང་གཅིག་ཏུ་འཕར་བ་དང་། 2016ལོའི་དཔལ་འབྱོར་འཕེལ་ཚད་མར་ཆག་པའི་གནས་ཚུལ་འོག རང་ཞིང་གི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དག་སྔར་བཞིན་བརྟན་བརླིང་ངང་གོང་དུ་འཕེལ་བཞིན་ཡོད། སྔོན་དཔག་བྱས་ན2016ལོའི་ལོ་ཧྲིལ་པོར་ཞིང་ཆེན་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་གྱ་བརྒྱད་ལྷག་མངོན་འགྱུར་འབྱུང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་བྱས་ཚད་བརྒྱ་ཆའི་ང་གཉིས་ཡས་མས་སུ་སླེབས་ཏེ་རོང་འབྲོག་པ་ཁྱིམ་ཚང་འབུམ་ལྔ་དང་ཁྲི་གཅིག་སྟོང་བདུན་ལྷག་སྐུལ་ཁྲིད་བྱེད་ཐུབ་རྒྱུ་རེད།

བཞི་ནས་ནུས་ཁུངས་གྲོན་ཆུང་དང་ཕན་ནུས་ཇེ་མཐོར་བཏང་སྟེ་མ་རྩ་ཇེ་ཉུང་དུ་བཏང་བ། ལུད་རྫས་དང་ཞིང་སྨན་བཀོལ་ཚད་མི་འཕར་བ་བྱས་ཏེ། 2016ལོར་ཞིང་ཆེན་ཡོངས་ཀྱི་ལུད་རྫས་བཀོལ་ཚད་ཏུན་འབུམ་གཉིས་དང་ཁྲི་བདུན་ནང་ཚོད་འཛིན་བྱས་པ་དེ2015ལོ་དང་ཕལ་ཆེར་འདྲ་བ་དང་། ལུད་རྫས་བེད་སྤྱོད་བྱས་ཚད་བརྒྱ་ཆའི་སོ་གཉིས་སུ་སླེབས་པ་དེ2015ལོ་ལས་བརྒྱ་ཆའི་གྲངས་ཐིག་གཉིས་འཕར་ཡོད། ཞིང་སྨན་བཀོལ་ཚད་ཏུན་སྟོང་གཅིག་བཞི་བརྒྱ་ལ་སླེབས་པ་དེ2015ལོ་ལས་ཏུན་གྱ་གཉིས་ཇེ་ཉུང་དུ་སོང་བ་དང་། ཞིང་སྨན་བེད་སྤྱོད་པའི་ཚད་བརྒྱ་ཆའི་སོ་བདུན་ལ་སླེབས་པ་དེ2015ལོ་ལས་བརྒྱ་ཆའི་་གྲངས་ཐིག་གཅིག་འཕར་ཡོད། སྐྱེ་ལྡན་ལུད་རྫས་བཀོལ་ཚད2016ལོ་ལས་བརྒྱ་ཆའི་དྲུག་འཕར། ལུད་རྫས་བཀོལ་ཚད་ཚོད་འཛིན་བྱས་ཤིང་ཚན་རིག་ལྟར་ལུད་རྫས་བཞག་ཅིང་ཞིང་སྨན་བཀོལ་ཚད་ཉུང་འཕྲི་བྱས། འགྱིག་ཤོག་སྙིགས་རོ་ཕྱིར་བསྡུས་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་དུ་སླེབས་པ་དང་ཞིང་ལས་ཐོན་སྐྱེད་ཐད་བཏང་བའི་མ་དངུལ་ཇེ་ཉུང་དུ་བཏང་ཞིང་སྦགས་བཙོག་ཐེབས་ཚད་སྔར་ལས་ཇེ་ཉུང་དུ་སོང་།

ཐོག་དང་པོར་རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཐོན་རའི་ཐོག་མའི་ལས་སྣོན་བྱ་དགའ་དང་ཁ་གསབ་བྱེད་པའི་ཁྱབ་ཁོངས་ནང་བཞག་ནས། ཏ་ཐུང་དང་ཧུའུ་ཀྲུའུ། གཏེར་ལེན་ཁ་སོགས་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཁུལ་གཙོ་བོ་བདུན་ལ་རོགས་སྐྱོར་བྱས་ཏེ། ཞོག་ཁོག་ཉར་བའི་ས་དོང་དང་སྔོ་ཚོད་ཉར་མཛོད། འཕང་འབྲས་སྐམ་བྱེད་སྒྲིག་ཆས་བཅས་བརྒྱད་བརྒྱ་གོ་གཉིས་ལས་ཏེ། ཞོག་ཁོག་ཉར་ནུས་ཏུན་ཁྲི་གཉིས་དང་སྟོང་དགུ་ལྷག་དང་སྔོ་ཚོད་ཉར་ནུས་ཏུན་ཁྲི་གཅིག་སྟོང་གཉིས་ལྷག འཕང་འབྲས་སྐམ་པའི་ནུས་པ་ཉིན་རེར་ཏུན་ལྔ་བརྒྱ་སོ་ལྔ་རུ་སླེབས་པས། ཞོག་ཁོག་དང་སྔོ་ཚོད་དང་འཕང་འབྲས་ཐོན་སྐྱེད་རྗེས་ཀྱི་གྱོང་གུན་སོ་སོར་བརྒྱ་ཆའི་བཅུ་བཞི་དང་བརྒྱ་ཆའི་བཅུ། བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་བཏང་། གློག་རྡུལ་ཚོང་དོན་སོགས་བརྒྱུད་དེ་ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་ཐབས་ལམ་རྒྱ་བསྐྱེད་ཅིང་འཁོར་རྒྱུག་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་།

ལྔ་ནས་སྦས་ཤུགས་ཇེ་དྲག་ཏུ་གཏོང་ཞོར་མི་འདང་ས་ཁ་གསབ་བྱས་པ། 2016ལོའི་ཟླ9པའི་ཟླ་མཇུག་བར་བསྡོམས་པས་ཀྲུང་དབྱང་གི་ཞིང་ཕྱུགས་ལས་གཞི་རྩའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་བཅུ་དང་བྱེ་བ་བདུན་ས་ཡ་བརྒྱད་ཁྲི་དགུ་དངོས་འབེབས་བྱས་པ་དང་། 2015ལོ་ལས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་བརྒྱད་འབུམ་གསུམ་ཁྲི་བརྒྱད་འཕར་སྣོན་བྱུང་ཞིང་བརྒྱ་ཆའི་སོ་བརྒྱད་འཕར་ཡོད། གཙང་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པ་དང་ཕྱུགས་བསྐྱུར་རྩྭ་སྐྱོང་། ཕྱུགས་ཟོག་དང་ཁྱིམ་བྱ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱིས་གསོ་སྤེལ་བྱེད་པའི་ར་བ། བོད་ཁུལ་ལ་དམིགས་པའི“ཚོད་སླེ”བཟོ་འགོད་སོགས་ལས་གཞི་བཅུ་ལག་བསྟར་བྱས་པས། རྨང་གཞིའི་སྒྲིག་བཀོད་ལ་ལེགས་བཅོས་ཆེན་པོ་ཐོབ།

དྲུག་ནས་ལས་ཁུངས་ཁུལ་བསྡུ་དང་དབང་ཆ་གཞི་རིམ་ལ་སྤྲོད་པ། ནོར་སྲིད་ཀྱིས་ཞིང་ལས་ལ་ཧུར་ཐག་དང་བརྟན་བརླིང་ངང་རོགས་སྐྱོར་བྱེད་པའི་མ་དངུལ་བཀོད་སྒྲིག་དབང་ཆ་དང་ལས་གཞིར་ཆོག་མཆན་འགོད་པའི་དབང་ཆ་གཞི་རིམ་ལ་སྤྲད་དེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་རྫོང་སུམ་ཅུ་བདམས་ནས་ཞིང་ལས་དང་འབྲེལ་བའི་ནོར་སྲིད་མ་དངུལ་གཅིག་གྱུར་གྱིས་ཧྲིལ་བསྡུས་བྱེད་པའི་ཚོད་ལྟ་བྱས་ཏེ། ཞིང་ལས་དང་འབྲེལ་བའི་ནོར་སྲིད་མ་དངུལ་གཅིག་གྱུར་གྱིས་ཧྲིལ་བསྡུས་དང་བེད་སྤྱོད་བྱེད་པའི་ནང་རྐྱེན་ཆགས་སུ་བཅུག

2016ལོར་ཞིང་ཆེན་ཡོངས་སུ་བཏང་བའི་མ་དངུལ་བརྒྱ་ཆའི་གྱ་དྲུག་ཡན་དུ་སླེབས་པ་དང་། དེའི་ནང་རྨོ་ཞིང་ལ་ཁ་གསབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ཁྲི་བདུན་སྟོང་དྲུག་ལྷག་ཡོད་པ་ཚང་མ་རྫོང་སོ་སོར་བྱིན་ནས། རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་འདེབས་པའི་གཞི་ཁྱོན་འོས་འཚམ་གྱིས་བདག་གཉེར་བྱེད་པར་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།