ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་རིགས་སོ་སོ་མཐུན་སྒྲིལ་ཡོང་བའི་དར་ཆ་མཐོན་པོར་བསྒྲེངས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་ཚད་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། རང་གི་མིག་ཟུང་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་། རང་གི་ཚེ་སྲོག་ནང་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། སེ་འབྲུའི་ཚི་གུ་བཞིན་དམ་པོར་གཅིག་ཏུ་སྦྲེལ་དགོས། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ནང་དུ་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུ་ཡང་བསྐྱར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕེན་དང་།ལི་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པར་བགྲོ་གླེང་ཡང་ཡང་བྱས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་རིགས་མཐུན་སྒྲིལ་སྐོར་ནས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ཡིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ནང་ཞུགས་པའི་རང་ཞིང་གི་འཐུས་མི་དང་ཨུ་ཡོན་ཚོར་མི་རིགས་ང་དྲུག་པོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བའི་མཛེས་སྡུག་གི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་སུ་བཅུག ཚང་མས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ཡིན་ཕྱིར། ངེས་པར་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་འབྱུང་བའི་བརྗོད་གཞི་གཙོ་བོ་ཡིད་ལ་དམ་པོར་བཟུང་ནས། ཁྲིམས་ལྟར་བཅོས་སྐྱོང་དང་། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་པ་འབུར་དུ་གདོད་པ། སེམས་གཅིག་ཏུ་སྒྲིལ་བ། མི་རིགས་མཐུན་སྒྲིལ་དང་། ཡར་ཐོན་ལས་དོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐུན་གཉིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་བཅས་ཀྱིས་རྒྱུན་ཆད་མེད་པར་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བའི་ཁྱོན་ཡོངས་སྲ་བརྟན་དུ་གཏོང་དགོས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ང་ཚོ་གྲངས་ཉུང་མི་རིགས་ལ་བྱམས་བརྩེ་ལྡན་པའི་ཐུགས་ཁུར་དང་མི་རིགས་ཀྱི་བྱ་བར་གཙིགས་མཐོང་གནང་བཞིན་པ་ང་ཚོས་དངོས་གནས་ཚོར་ཐུབ། ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོ་ནས་ཕྱིར་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་པའི་འདུག་སར་ལོག་པའི་འཐུས་མི་ཧོ་ཧྥེང་དང་ཧན་དབྱིན་ཏུང་གཉིས་ཀྱིས་སེམས་སུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲངས་ཉུང་མི་རིགས་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུའི་ནང་ཞུགས་པའི་བདེ་སྐྱིད་ཀྱིས་ཁེངས་འདུག
རང་ཞིང་གི་འཐུས་མི་དང་ཨུ་ཡོན་ཚོས་བསྟན་དོན། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དེ་ནི་མི་རིགས་ཁག་གི་ཆེས་ཆེ་བའི་ཁེ་ཕན་དུ་བརྩིས་ནས། ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་པོའི་ནང་སྤུན་ཟླའི་བརྩེ་དུང་ཡོད་ལ། ཕན་ཚུན་རོགས་རམ་དང་།མཐུན་སྒྲིལ་འཆམ་མཐུན་ཡོང་བ། མཉམ་དུ་གོང་འཕེལ་བཅས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་དུ་བཅུག་སྟེ། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཁྲི་ལྔ་བརྒྱ་གྱ་བརྒྱད་ཀྱིས་རྒྱལ་ཡོངས་ཀྱི་མི་དམངས་དུང་ཕྱུར་བཅུ་གསུམ་དང་མཉམ་དུ་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་འདུན་མ་མངོན་འགྱུར་ཅི་ཐུབ་བྱ་རྒྱུ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཅངས་པའི་རེ་བ་ཆེན་པོ་རེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་འཐུས་མི་ཉི་མ་སྒྲོལ་མས་ན་ནིང་གི་ཚོགས་ཆེན་གཉིས་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་པའི་གནས་ཚུལ་ད་དུང་ཡིད་ལ་གསལ་བོར་དྲན་གྱིན་འདུག ཁོ་མོས་བཤད་རྒྱུར། མཚོ་བྱང་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་དཔེ་སྟོན་ཁུལ་ཡིན་པས། མི་རིགས་མཐུན་སྒྲིལ་ནི་ཁུལ་ཡོངས་ཀྱི་ལས་དོན་སྣ་ཚོགས་གོང་དུ་འཕེལ་བའི་རྨང་རྡོ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་ཡིད་ལ་དམ་འཛིན་དང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གསར་སྐྲུན་བྱ་འགུལ་དེ་གནས་ལྔ་གཞི་གཅིག་འཛུགས་སྐྲུན་བྱེད་པའི་ཕྱོགས་གང་སར་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། མཚོ་བྱང་གི་བསམ་པའི་སྙེག་ས་མཐོན་པོ་ཞིག་བསྐྲུན་ནས། རིགས་སོ་སོའི་མི་དམངས་ཚང་མར་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས ། ཨུ་ཡོན་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་བསྟན་དོན། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ངེས་པར་རྒྱུན་འཁྱོངས་བྱེད་ཅིང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་པར་ཁྲིད་སྟོན་ཅི་ཐུབ་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་ཆོས་ལུགས་སོ་སོ་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།