མཐོ་སྒང་གི་གློག་དྲ་དང་གློག་དྲས་སྦྲེལ་བའི་རྩྭ་ཐང་གི་བརྩེ་བ།
2017.04.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 37

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་སའི་རྒྱ་ཁྱོན་སྟོང་མུས་གྲུ་བཞི་མ་དྲུག་སྟོང་བཞི་བརྒྱ་གོ་བཞིའི་མཐའ་ཡས་པའི་རྩྭ་ཐང་སྟེང་དུ་ནམ་རྒྱུན་དགའ་སྐྱིད་ཀྱིས་འཚོ་བའི་རྒྱལ་ཁབ་ཧྭོང་ཧྭ་དྲ་བའི་རྩེ་ཁོག་རྫོང་གློག་འདོན་ཀུང་ཟིའི་གློག་ལས་པ་སྐོར་ཞིག་ཡོད་དེ། ཁོ་ཚོ་འབྲོག་པ་དུད་ཁྱིམ་རེ་རེར་སོང་ནས་འབྲོག་དམངས་ཀྱི་འཚོ་བ་དང་ཧ་ཅང་གོམ་པར་གྱུར་ཡོད་པར་མ་ཟད། འབྲོག་དམངས་ཀྱིས་ཁོ་ཚོའི་གློག་ཤུགས་ཞབས་ཞུ་ལ་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ཀྱང་འབྲོག་དམངས་ཀྱི་ཡ་རབས་གཞུང་དྲང་བྱ་སྤྱོད་ལ་དགའ་མགུ་ཡི་རང་བྱེད་བཞིན་འདུག

གོ་ཐོས་སུ་རྒྱལ་ཁབ་ཧྭོང་ཧྭ་དྲ་བའི་རྩེ་ཁོག་རྫོང་གློག་འདོན་ཀུང་ཟི་ནི་ལས་བཟོ་བ་སུམ་ཅུས་གྲུབ་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པར་བཤད་ཀྱང་། དཔྱིད་མགོའི་ཉིན་ཞིག་ལ། ང་ཚོ་དངོས་སུ་མི་རིགས་མཐུན་སྒྲིལ་གྱི་ཡོ་ལངས་རྣམ་པར་རྒྱས་པའི་ཀུང་ཟི་དེར་འབྱོར། སྒོ་ཕྱེས་མ་ཐག་དཔེ་ཀློག་གི་དབྱངས་རྟ་ལྷང་ལྷང་ཐོས་ཐུབ་ལ། དེ་ནི་མ་གཞི་དགེ་རྒན་གསང་འགྲུབ་རྒྱལ་གྱིས་བོད་སྐད་སློབ་ཁྲིད་བྱེད་བཞིན་པ་རེད། བོད་སྐད་སློབ་མཁན་དག་གི་ཁྲོད་དུ་ཕོ་ལོ་ཉེར་དྲུག་ལ་སོན་པའི་རྒྱ་རིགས་ན་གཞོན་མོའོ་ཞོ་ཉིན་ནི་ལོ་ན་ཆེས་ཆུང་བ་དེ་རེད། ཁོས་བཤད་རྒྱུར་རྩེ་ཁོག་རྫོང་དུ་བྱ་བ་སྒྲུབ་དུས་ནམ་རྒྱུན་འབྲོག་དམངས་དང་འབྲེལ་འདྲིས་བྱེད་དགོས་པས་བོད་སྐད་ལ་བྱང་བར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་རེད་ཟེར།

ལོ་ན་ང་གཅིག་ལ་སོན་པའི་གསང་འགྲུབ་རྒྱལ་ནི་རྩེ་ཁོག་རྫོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་པ་ཤ་སྟག་ཅིག་རེད་ལ། ལོ་ངོ་ཉེར་བརྒྱད་རིང་གི་བྱ་བའི་ལས་རྐང་ཁྲོད། ཁོས་གློག་འདོན་ཀུང་སིའི་ལས་མི་མང་ཤོས་ཤིག་ལ་བོད་སྐད་ཁྲིད་དེ། རྒྱུན་ལྡན་འཚོ་བའི་ཁྲོད་དུ་འབྲོག་དམངས་དང་འབྲེལ་འདྲིས་བྱེད་པར་དཀའ་ཚེགས་ཅི་ཡང་མེད་པར་བྱས། གསང་འགྲུབ་རྒྱལ་གྱི་སེམས་སུ་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། མཛུབ་མོ་ལྔ་བཅངས་ཁུ་ཚར་གྱིས་མི་འགྲུབ་བྱ་བ་ཅི་ཡང་མེད་པར་འདོད། ད་ལྟ་ཁྱིམ་གཞི་ཆེན་མོ་འདིར་རྒྱ་རིགས་དང་ཧོར་རིགས། བོད་རིགས། ཧུའེ་རིགས། ས་ལར་རིགས། དབྱི་རིགས་བཅས་མི་རིགས་དྲུག་གི་གློག་ལས་པ་ཡོད།

གསང་འགྲུབ་རྒྱལ་གྱིས་བཤད་རྒྱུར། ང་རང་ཐོག་དང་པོར་ལས་ཚོགས་སུ་ཞུགས་པ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་མཁའ་དབུགས་སྟུག་པོར་ཆགས་པའི་ཁྱིམ་གཞི་ཆེན་པོའི་བདེ་སྐྱིད་ཚོར་ཡོད་ཅིང་། ཚོགས་པ་འདིའི་ནང་དུ་མི་ཚང་མར་ཕན་ཚུན་གཅིག་གིས་གཅིག་ལ་རོགས་རམ་བྱེད་པའི་བསམ་པའི་འདུ་ཤེས་ཀྱིས་ཀུན་ནས་ཕྱུག་ཡོད་པས།  འདི་འདྲའི་སྲོལ་བཟང་མུ་མཐུད་དུ་རྒྱུན་འཁྱོངས་བྱ་འོས་སྟེ།  མཐུན་སྒྲིལ་ནི་ཚེ་སྲོག་དང་སྟོབས་ཤུགས་ཡིན་ལ། མཐུན་སྒྲིལ་ནི་རེ་བ་དང་རྒྱལ་ཁ་ཡིན་པས་སོ།

དུས་ཚིགས་ཀྱི་འགྱུར་བག་ཁྲོད་ནས་གློག་ལས་པ་རྣམས་ཀྱིས་ཉིན་ཐོག་ཉིན་བརྩེགས་ཀྱིས་མཚོ་ངོས་ལས་མུས་སུམ་སྟོང་བདུན་བརྒྱ་ཡོད་པའི་རྩེ་ཁོག་རྩྭ་ཐང་དུ་སྟོབས་ཤུགས་འབུལ་བཞིན་ཡོད། གློག་ལམ་བདེ་འཇགས་ལ་སྐོར་བསྐྱོད་ལྟ་ཞིབ་བྱ་རྒྱུ་ནི་ཁོ་ཚོའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དེ་དང་མཉམ་དུ་ཕན་ཚུན་མཐུན་སྒྲིལ་དང་རོགས་རམ་གྱི་གཏམ་རྒྱུད་མི་ཉུང་བ་ཞིག་ཀྱང་བྱུང་དང་འབྱུང་མུས་ཡིན།

ལོ་ན་ལྔ་བཅུར་སོན་པའི་ལེ་ཧྥུ་ནི་ཕ་ཡུལ་སྟོང་སྐོར་རྫོང་ནས་ཡོང་བའི་ཧོར་རིགས་ཤིག་ཡིན། ཁོ་ཚོ་གློག་ལམ་བདེ་འཇགས་ལ་སྐོར་བསྐྱོད་ལྟ་ཞིབ་ཏུ་འགྲོ་ཐེངས་རེར། ཟ་ཁང་མཁོ་སྒྲུབ་དོ་དམ་པ་ཡིན་པའི་ཆ་ནས། ལེ་ཧྥུ་ཡིས་ཁོ་ཚོ་མི་རེ་རེའི་བཟའ་བཏུང་གི་འཚོ་བ་བཀོད་སྒྲིག་ལེགས་པོ་བྱ་རྒྱུ་ནི་ཁོའི་རེ་འདུན་ཆེན་པོ་དེ་ཡིན། ལོ་ཉེར་བརྒྱད་ཅན་གྱི་དབྱི་རིགས་ཀྱི་གསར་བུ་ཨར་ཡུལ་གྱིས་ལེ་ཧྥུ་ལ་གདེངས་འཇོག་གི་ཚུལ་དུ་བཤད་རྒྱུར་ཁྱིམ་གཞི་ཆེན་མོ་འདིའི་ནང་ནམ་ཡང་དྲོད་ཁོལ་གྱིས་བརྟས་ཡོད་ཅིང་། ང་ཚོ་མི་རེ་རེའི་ཟ་འཐུང་ཕྱོགས་ཀྱི་གོམ་གཤིས་ཡོད་ཚད་ཀྱང་ལེ་ཧྥུ་ཡིས་གསལ་བོར་ཤེས་ལ། བཟའ་བཏུང་དང་འཚོ་བའི་ཕྱོགས་གང་ཅིའི་ཐད་དུའང་རང་རང་གི་ཕ་མ་དང་འདྲ་བར་བདག་སྐྱོང་བྱེད་བཞིན་ཡོད་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། སྒོའི་ཕྱིར་གློག་ལམ་བདེ་འཇགས་ལ་སྐོར་བསྐྱོད་ལྟ་ཞིབ་ཏུ་འགྲོ་སྐབས་མ་མཐའ་ཡང་མི་གཉིས་རེ་སྐོར་ཁག་གཅིག་བྱས་ཏེ། ངེས་པར་ཏུ་མི་གཉིས་རེའི་སྐོར་ཁག་གི་མཉམ་ལས་གནས་ཚུལ་ལ་ཉམས་ཚོད་ལེན་དགོས་པ་ཡིན། ལམ་ཐག་སྤྱི་ལེ་བཅུ་ཙམ་གྱི་རིང་དུ་སྐོར་བསྐྱོད་ལྟ་ཞིབ་བྱེད་སྐབས། མཚམས་རེར་རླུང་གཡུགས་པ་དང་སྐབས་རེར་ཆར་འབབ་པ། ཡང་ན་ཁངས་ཆགས་ལྷུང་བ་སོགས་དཀའ་སྡུག་གི་གནས་ཚུལ་གང་མང་ཞིག་དང་འཕྲད་སྲིད་པ་མ་ཟད། ལན་རེར་ད་དུང་འབྲོག་པ་ཁྱིམ་ཚང་དུ་སོང་ནས་ཁྱིམ་གྱི་གློག་འདོན་སྒྲིག་ཆས་ལ་ལྟ་ཞིབ་བྱ་དགོས་པའང་སྲིད་མོད། འོན་ཀྱང་ལས་རོགས་ཕན་ཚུན་བར་དུ་རོགས་འདེགས་བགྱི་བ་མ་ལྷོད་ཚེ་བྱ་བའི་ལས་ཆོད་ཀྱི་ཚད་གཞི་སྔར་བཞིན་མཐོན་པོར་ཆགས་ངེས་ཡིན་ཟེར།

མཛའ་མཐུན་གྱིས་འཚོ་བའི་གློག་ལས་པ་འདི་དག་ལ་གློག་ལམ་སྐོར་བསྐྱོད་ལྟ་ཞིབ་ལས་ད་དུང་ལས་འགན་གལ་ཆེན་གཞན་ཞིག་ཡོད་པ་ནི། གློག་ནུས་ཀྱིས་ཁྱབ་གདལ་ཚོགས་པའི་ཚབ་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དྲིལ་སྒྲོག་བྱ་རྒྱུ་ནི་ཚོགས་པ་འདིའི་ཐུན་མོང་ལྟ་བ་ཡིན།

ས་གནས་མང་ཚོགས་རྣམས་ལ་སྐྱེ་ཁམས་ལྗངས་མདོག་གི་འདུ་ཤེས་བརྒྱུད་སྒྲོག་བྱ་རྒྱུ་དེ་ཡང་ཁོ་ཚོའི་སེམས་འདུན་ཞིག་ཡིན། ཁོ་ཚོས་སྟོབས་ཤུགས་མཉམ་འབུལ་དང་མཐུན་སྒྲིལ་མཉམ་གནས་ཀྱིས་སྡེ་བ་རེ་རེར་སོང་ནས་བརྒྱུད་སྒྲོག་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱས།

མི་རིགས་སྣ་མང་གིས་གྲུབ་པའི་གཞིས་ཁྱིམ་དེ་རུ། ཁོ་ཚོས་ཕན་ཚུན་ལ་རོགས་རམ་དང་བརྩི་འཇོག  ཡིད་ཆེས་དང་བདེ་སྐྱིད་ངང་མཉམ་དུ་གནས་ཤིང་། མཛེས་པའི་རྩྭ་ཐང་ཡོངས་སུ་མཚར་སྡུག་གི་འོད་སྣང་འཕྲོ་བར་བྱ་རྒྱུ་ནི་ཁོ་ཚོ་མི་རེ་རེའི་སེམས་ཀྱི་མཐར་ཐུག་གི་རེ་འདུན་དུ་གྱུར་ཡོད།

 

ལོ་ཙཱ་བ། རྟ་མགྲིན་སྐྱབས།