མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྗང་བསྒྱུར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།
2017.04.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

ཟླ་བཞི་བའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བང་ཀོ་ཧྲིན་ཟི་ལིང་གྲོང་ཁྱེར་གྱི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་སྒྲུབ་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ས་ཁོངས་ལྗང་བསྒྱུར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། མི་རབས་ནས་མི་རབས་དང་། སྐབས་རེ་ནས་སྐབས་རེར། ལོ་རེ་ནས་ལོ་མཐུད་དེ་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། སྡོང་བོ་འཛུགས་པ་དང་། ལྗང་བསྒྱུར་ལ་དགའ་བ། ལྗང་བསྒྱུར་སྲུང་སྐྱོང་བྱེད་པའི་རིག་གནས་གསོ་སྐྱོང་དེས་རིམ་པ་སོ་སོའི་ལས་བྱེད་པ་དང་རིགས་སོ་སོའི་མི་དམངས་མང་ཚོགས་རྣམས་རང་འགུལ་གྱིས་བྱ་འགུལ་ནང་ཞུགས་སུ་བཅུག་སྟེ། མཚོ་སྔོན་ཞིང་ཆེན་དེ་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་། སྐྱེ་ཁམས་ཀྱིས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ཕྱོགས་སུ་བགྲོད་པར་སྐུལ་འདེད་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ནང་བཞག་སྟེ། གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་གསར་བའི་བསམ་ཕྱོགས་བཏོན་ནས། ཆུ་གཙང་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པར་བསྟན་ཏེ། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པར་ཁ་ཕྱོགས་གསལ་བོར་བསྟན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁོངས་ལྗང་བསྒྱུར་ཅན་གྱི་བྱ་བར་ཚད་མཐོན་པོས་གདེང་འཇོག་བྱས་ནས། ནགས་སྐྲུན་ལྗང་བསྒྱུར་དེ་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་གྱི་གནད་སར་བཟུང་ནས་རང་འགུལ་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་བླངས་ནས། ཧུར་བརྩོན་གྱིས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་ཏེ། ལྗང་བསྒྱུར་བཟོ་སྐྲུན་གལ་ཆེན་ལ་ཡར་སྐུལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་དངོས་ལྗང་བསྒྱུར་དང་། ལྗང་བསྒྱུར་ལ་དགའ་བ། ལྗང་བསྒྱུར་ལ་སྲུང་སྐྱོབ་བྱེད་པའི་སྲོལ་ཞིག་ཆགས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བ་དེ་ད་ལྟའི་དུས་འདིར་སྤེལ་ན། མི་རབས་རྗེས་མར་ཕན་ཐོགས་བླ་ན་མེད་པ་ཞིག་བསྐྲུན་ཐུབ་པས། དེ་ནི་དམངས་ཡོངས་ཀྱིས་མཉམ་དུ་འགན་ཁུར་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ལ་མཚོན་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་ཁུར་ཡང་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་ན་ཡོད། ལྗང་བསྒྱུར་འཛིན་པ་ནི་འཕེལ་རྒྱས་འཛིན་པ་ཡིན་ལ། སྐྱེ་ཁམས་འཛིན་པ་ཡིན་ཞིང་། དམངས་ཀྱི་འཚོ་བ་འཛིན་པ་ཡིན་པ་དང་། སྣང་བརྙན་འཛིན་པ་ཞིག་ཡིན་པས། འཕེལ་རྒྱས་གསར་བའི་བསམ་ཕྱོགས་དང་ནགས་སྐྲུན་ལྗང་བསྒྱུར་གྱི་རང་སྟེང་ཆོས་ཉིད་དང་དངོས་གནས་ཟུང་འབྲེལ་དང་། ཏན་ཏན་ཏིག་ཏིག་བཞིའི་རེ་བ་ཆེན་པོ་དང་ནགས་སྐྲུན་ལྗང་བསྒྱུར་གྱི་བྱེ་བྲག་ལག་ལེན་བྱ་བའི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དང་ནགས་སྐྲུན་ལྗང་བསྒྱུར་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་ཟུང་འབྲེལ་བྱས་ན། ད་གཟོད་མུ་མཐུད་དུ་མཚོ་སྔོན་གྱི་མཚན་སྙན་བཟང་པོ་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་གྱི་སྣང་བརྙན་གསར་བ་དང་། མཚོ་སྔོན་གྱི་ཡིད་འགུགས་ནུས་ཤུགས་ཇེ་དྲག་ཏུ་གཏོང་ཐུབ།

རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་དམ་འཛིན་བྱེད་དགོས་ན། འོས་འགན་སྡོང་འཛུགས་བྱ་བ་ནས་འཛིན་དགོས་པ་དང་། ང་ཚོས་ངེས་པར་དུ་བཅོས་སྒྱུར་དང་གསར་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དེ་སྒུལ་ཤུགས་སུ་བརྩིས་ནས། གནད་འགག་ལས་བརྒལ་བ་དང་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་རྣམ་པས་ཤར་ལྷོ་ནུབ་བྱང་དང་། གྲོང་རྡལ་དང་ཞང་དང་སྡེ་བའི་ལྗང་བསྒྱུར་བྱ་བར་ཁྱོན་ཡོངས་ནས་མཐུན་སྦྱོར་དང་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱས་ཏེ། མུ་མཐུད་དུ་ནགས་ཚལ་གྱི་ཁྱབ་རྒྱ་དང་མིའི་ཆ་སྙོམས་ལྗང་བསྒྱུར་གྱི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་བཏང་སྟེ། ལྗང་མདོག་རྟག་བརྟན་དང་། ཆུ་རྒྱུན་ལ་ཉམས་པ་མེད་པར་བྱེད་དགོས། ང་ཚོས་རང་འགུལ་སྒོས་བསྒྱུར་དགོས་པ་བཞིའི་བསམ་ཕྱོགས་གསར་བ་ལག་བསྟར་བྱས་ཏེ། འབད་བརྩོན་སྒོས་དཔལ་འབྱོར་ཆུང་བའི་ཞིང་ཆེན་ནས་སྐྱེ་ཁམས་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཤིང་། རོང་འབྲོག་མང་ཚོགས་ཀྱིས་ཁེར་རྐྱང་གི་འདེབས་འཛུགས་དང་། གསོ་སྤེལ། སྐྱེ་ཁམས་ལྟ་སྲུང་ནས་སྐྱེ་ཁམས་ཐོན་སྐྱེད་ཀྱི་འཚོ་བ་བཟང་ཕྱོགས་སུ་འཕེལ་བར་བསྒྱུར་བ་དང་། ང་ཚོས་ནགས་སྐྲུན་ལྗང་བསྒྱུར་བྱེད་པ་བརྒྱུད་དེ། འཕེལ་རྒྱས་ཀྱིས་ཁྱད་ཆོས་ལྡན་པའི་ནགས་ལས་ཐོན་ལས་སྟོབས་ལྡན་དུ་གཏོང་བ་དང་། ལྷད་མེད་པའི་ནགས་ཐོན་དངོས་དངོས་རྫས་མང་པོ་མཁོ་སྤྲོད་དང་། མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་འཕེལ་རིམ་གསར་བར་སྣེ་ཁྲིད་བྱས་ནས། ལྗང་བསྒྱུར་ཐོན་ལས་དེ་དཔལ་འབྱོར་འཕར་སྣོན་གྱི་སྲོག་ཤིང་ཡིན་པར་བྱས་པ་དང་། དེ་དམངས་འཚོའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་ནས་ལྗང་མདོག་གིས་དམངས་ལ་ཕན་ཐོགས་བསྐྲུན་པ་དང་། ལྗང་མདོག་གིས་དམངས་ཕྱུག་པོར་གཏོང་བ་མངོན་འགྱུར་བྱེད་དགོས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ནས་ཏང་འཛུགས་བྱས་པ་ནས་ཆེས་ཐོག་མར་ཚད་མཐོ་བའི་ལྗང་བསྒྱུར་ཚོགས་ཆེན་ཚོགས་པའི་རྗེས་སུ། ལྗང་བསྒྱུར་གྱི་དཔྱིད་དཔལ་དེ་མི་སོ་སོའི་སེམས་ནང་དུ་ཤར་བ་དང་བསྟུན་ནས། 2017ལོའི་མཚོ་སྔོན་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་ཡང་མགོ་བརྩམས།

ཟླ་བཞི་བའི་ཚེས་དྲུག་ཉིན། ཞིང་ཆེན་མགོ་ཁྲིད་པ་ཟི་ལིང་ས་ཁུལ་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་དཔོན་དམག་སྟོང་གཅིག་ལྷག་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཟླ་བཞི་བའི་མཐོ་སྒང་གི་བྱ་དངོས་ཡོད་ཚད་ལ་ཚེ་སྲོག་རྒྱས་མགོ་བརྩམས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་ས་ཚིགས་སོ་སོ་རུ་ལྗང་བསྒྱུར་བྱ་བའི་ཚ་རླབས་ཤིག་སློང་བཞིན་ཡོད་ཅིང་། ལུས་ལ་སྡོང་འཛུགས་ནགས་སྐྲུན་གྱི་ལྭ་བ་གྱོན་པའི་ལས་བྱེད་མི་སྣས་ལྕགས་ཁེམ་གྱིས་ས་སྙོམས་པ་དང་སྡོང་བོ་འཛུགས་སའི་ས་དོང་སློག་ནས་ད་ལོའི་སྡོང་འཛུགས་ནགས་སྐྲུན་གྱི་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་བཟང་པོར་སྒྲུབ།

ལས་བྱེད་མི་སྣ་ཞིག་གིས་བཤད་རྒྱུར། འདི་ནི་སྔོན་ཆད་བློ་མཐུན་སྐལ་བཟང་གིས་སྐུ་དངོས་སུ་བཙུགས་པའི་སྡོང་བོ་ཡིན་ལ། སྡོང་བོ་སྐྱེས་བའི་གཞི་ཁྱོན་ལ་ལྟོས་ན་ང་ཚོས་སྐབས་དེའི་ལྗང་བསྒྱུར་མི་སྣའི་དཀའ་སྡུག་རྟོགས་ཐུབ་ཟེར། ད་ལྟ་བྱང་རིའི་ངོས་ཀྱི་ས་ཁོངས་མང་པོར་ལྗང་བསྒྱུར་གྱི་གཞི་ཁྱོན་ཐོག་མར་གྲུབ་པ་དང་། སྡོང་བོ་ཆེན་པོ་རེ་རེའི་སྟེང་དུ་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ལོ་ངོ་ཉེར་བརྒྱད་རིང་གི་ལྗང་བསྒྱུར་བྱ་བའི་དགའ་འོས་པའི་འགྱུར་ལྡོག་མངོན་འདུག མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་ཉེར་བརྒྱད་ཀྱི་རིང་ལ། ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་དོན་ལྔར་སླེབས་པས། གནའ་མཁར་ཟི་ལིང་གི་ག་ས་གང་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་འདུག  ཡིན་ནའང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཆད་ཀྱི་ཧྲིན་ཀྲང་གཞོན་པ་སྐལ་བཟང་གིས་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བཀོད་འདོམས་པུའུ་རུ་བཀོད་འདོམས་པ་གཞོན་པའི་འགན་ཁུར་བའི་སྐབས་སུ་རང་ཉིད་དངོས་སུ་ལས་ཀའི་ནང་ཞུགས་ནས་རྒྱ་ཆེའི་ལས་བྱེད་པའི་སྣེ་ཁྲིད་དེ་རྩྭ་དང་སྡོང་བོ་བཙུགས་པའི་བྱས་རྗེས་ཡིན་པ་སུས་ཀྱང་བརྗེད་མེད། ནུབ་རིའི་ནགས་སྐྲུན་ས་ཚིགས་སུ། སྐར་ལྔའི་དར་དམར་ལྷབ་ལྷུབ་དུ་བསྐྱོད་བཞིན་ཡོད་པ་དང་། ནགས་སྐྲུན་ལས་བྱེད་མི་སྣ་བརྒྱ་ལྷག་སྐར་ལྔའི་དར་དམར་གྱི་འོག་ན་བྲེལ་འཚུབ་ཀྱིས་ཁེངས་འདུག ཟི་ལིང་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བྱ་བ་དེ་ཡང་བློ་མཐུན་སྐལ་བཟང་གི་ཤུལ་རྗེས་བསྙེགས་ནས་མུ་མཐུད་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། ཟི་ལིང་གྲོང་ཁྱེར་ནགས་ལས་ཅུའུ་ཡི་འགན་ཁུར་མི་སྣས་གསར་འགོད་པར་བཤད་རྒྱུར། ད་ལོའི་ལྗང་བསྒྱུར་བྱ་བའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་སློབ་པ་གཉིས་དང་བྱེད་པ་གཅིག་དེ་ནགས་སྐྲུན་ལག་ལེན་ཁྲོད་དངོས་འབེབ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སྔོན་བསྐྱོད་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ནགས་སྐྲུན་རྣམ་པ་གསར་སྐྲུན་བྱས་ནས། ཚད་གཞི་མཐོ་བའི་སྒོ་ནས་ཚོད་ལྟའི་ནགས་སྐྲུན་སྤེལ་བ་དང་། ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་དེ་ཞིང་ཆེན་ཡོངས་ཀྱི་ནགས་སྐྲུན་ཚོད་ལྟ་ས་ཚིགས་སུ་འགྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་དུ་བྱེ་རྡུལ་གྱིས་ཁེངས་པའི་ནམ་ཟླ་ཇེ་ཉུང་དུ་སོང་བ།

གསར་འགོད་པས་བློ་མཐུན་སྐལ་བཟང་གིས་སྔོན་ཆད་བྱ་བ་སྒྲུབ་མྱོང་སའི་ལྷོ་རི་དང་བྱང་རི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་གནས་དེ་ནི་ལྗང་མདོག་གི་ཡུལ་ཞིག་ཡིན་པར་མཐོང་བ་དང་། ད་ལོའི་སྡོང་འཛུགས་ནགས་སྐྲུན་བྱ་བར་བསུ་མ་བྱེད་ཆེད། རྒྱ་ཆེའི་ལས་བྱེད་པས་དུས་ཚོད་དམ་འཛིན་གྱིས་སྡོང་འཛུགས་ནགས་སྐྲུན་གྱི་དུས་རིམ་སྔོན་མའི་བྱ་བར་གྲ་སྒྲིག་བྱེད་བཞིན་ཡོད། ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་རྒྱ་ཆེའི་ལས་བྱེད་པས་བསྟན་དོན། གོ་སྐབས་དམ་འཛིན་དང་། བསམ་ཕྱོགས་གཅིག་ཏུ་བསྡུས་པ། སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ཏེ། བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དེ་ཏན་ཏན་ཏིག་ཏིག་བཞིའི་དགོས་མཁོ་གལ་ཆེན་སྟེང་དངོས་འབེབ་བྱས་ཏེ། འབད་བརྩོན་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་གྱིས་ཞིང་ཆེན་ལ་ཕན་པ་དང་དམངས་ལ་ཕན་པའི་རླབས་ཆེན་ལས་དོན་ལ་ཡར་སྐུལ་བྱེད་བཞིན་འདུག

ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བྱ་བ་ལག་བསྟར་བྱས་པ་ནས་བཟུང་། ཟི་ལིང་གི་རི་ལྗང་ཞིང་། གནམ་སྔོ་ལ། མཁའ་དབུགས་དྭངས་ཤིང་། ནམ་ཟླ་ཇེ་བཟང་དུ་སོང་། འགྱུར་ལྡོག་དེ་དག་གི་རྒྱབ་ཕྱོགས་སུ་མཚོ་སྔོན་མི་དམངས་ཀྱིས་ལོ་མང་པོར་རྒྱུན་འཁྱོངས་དང་། ཁ་རོག་གེར་ཕུལ་བའི་དཀའ་སྤྱད་འདུས་ཡོད་ཅིང་། ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བཀོད་འདོམས་པུའུ་དང་ཁོངས་གཏོགས་ལས་ཁུངས་ཀྱི་དཀའ་སྤྱད་ཀྱི་རྔུལ་ཆུ་འདུས་ཡོད། བཀོད་འདོམས་པུའུ་ཡི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ལྷོ་རི་དང་བྱང་རི་ལྗང་བསྒྱུར་བྱེད་པའི་ཐད་ལ་མ་དངུལ་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་བདུན་ལྷག་བཏང་བ་དང་། དེ་ནི་བཟོ་སྐྲུན་སྤྱིའི་དངུལ་གཏོང་གི་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་ཟིན་ཡོད་ལ། ལོ་རེར་འདོན་སྤྲོད་བྱས་པའི་ནགས་ཚལ་མ་ལག་གི་ཞབས་ཞུའི་སྤྱིའི་རིན་གོང་སྒོར་མོ་དུང་ཕྱུར་གཉིས་ཡན་ལ་སླེབས་ཡོད། བཟོ་སྐྲུན་འདི་ལག་བསྟར་བྱས་པ་དེས། ཟི་ལིང་གྲོང་ཁྱེར་དུ་བྱེ་རྡུལ་འཚུབ་པའི་ཉིན་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་དང་། ལྷོ་རི་དང་བྱང་རིའི་ས་ཆུ་ཉམས་པའི་རྣམ་པ་དེར་ འགོག་བཅོས་ཐོབ་པར་མ་ཟད། སྤང་ཤུན་གྱི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་དེ་ཆུ་ཁུངས་ཀྱི་ས་བཅུད་ཇེ་བཟང་དུ་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱས་པས། ལྗང་མདོག་གིས་ཟི་ལིང་གྲོང་ཁྱེར་བསྐོར་བ་དང་། གྲོང་ཁྱེར་མང་ཚོགས་ཀྱིས་ཀྱང་ལྗང་མདོག་ལ་རེ་བའི་སེམས་པ་མངོན་གསལ་གྱིས་ཇེ་མཐོར་སོང་།

ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་མང་པོས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱི་ནམ་ཟླ་ལོ་རེ་ནས་ལོ་རེར་བརླན་བཤེར་ལྡན་པར་གྱུར་བས། ད་ལྟ་སྔོན་ཆད་ཀྱི་རི་སྐྱ་བོ་དང་ཆུ་རྙོག་མའི་རྣམ་པ་དེ་མཐོང་རྒྱུ་མི་འདུག་པར་བློ་མཐུན་སྐལ་བཟང་གི་བསམ་ཕྱོགས་ལྟར་དུ། དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་མི་རབས་ནས་མི་རབས་བར་དུ་ལྗང་བསྒྱུར་བྱས་ན། ལྷོ་རི་དང་བྱང་རིའི་རྣམ་པ་གསར་བར་བརྗེ་ཐུབ་རྒྱུ་རེད་ཟེར།

དམངས་ཡོངས་སྐུལ་སློང་བྱས་ནས་ལྗང་བསྒྱུར་དཔུང་སྡེ་ནང་ཞུགས་སུ་འཇུག་དགོས།

བློ་མཐུན་སྐལ་བཟང་གི་སྙིང་སྟོབས་ཀྱི་འབོད་སྐུལ་འོག་ཏུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ལས་ཁུངས་དང་སྡེ་ཁག་སོ་སོ་ཡང་ལྗང་བསྒྱུར་དཔུང་སྡེའི་ནང་ཞུགས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་ལྗང་བསྒྱུར་གྱི་ཆེད་དུ་རང་ཉིད་ཀྱི་རྔུལ་ཆུ་གཏོར་བ་དང་། ལོ་རེའི་དཔྱིད་མགོ་མའི་དུས་སྐབས་ནི་འོས་འགན་སྡོང་འཛུགས་དུས་ཆེན་ཡིན་པས། ལས་ཁུངས་སོ་སོའི་རྒྱ་ཆེའི་ལས་བྱེད་པ་རྣམས་རང་འགུལ་སྒོས་སྡོང་འཛུགས་ལྗང་བསྒྱུར་བྱ་བའི་ནང་ཞུགས་བཞིན་ཡོད། ཉེ་ལམ་ཡང་ལས་ཁུངས་མང་པོའི་ལས་བྱེད་པས་དཔྱིད་མགོ་མའི་སྐབས་འདི་དང་བསྟུན་ནས་རི་མགོར་འགོས་ནས་སྡོང་འཛུགས་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། ཟི་ལིང་གྲོང་ཁྱེར་ལྷོ་རི་ཆེན་མོའི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣས་བཤད་རྒྱུར། ང་ཚོས་ཀྱང་ས་ཁོངས་སོ་སོ་ནས་ལྗང་མྱུག་གྲ་སྒྲིག་བྱས་ཡོད་པ་དང་། ཚང་མ་ང་ཚོ་དང་མཉམ་དུ་ལྗང་བསྒྱུར་བྱ་བའི་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ལྗང་མདོག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་བེད་སྤྱོད་དང་ལྗང་མདོག་གིས་དམངས་ཕྱུག་པོར་བསྒྱུར་བའི་ཐོན་ལས་འཕེལ་རྒྱས་སུ་བཏང་ན། ད་གཟོད་སྤྱི་ཚོགས་ལ་ལྗང་མདོག་མང་པོ་བསྩལ་ཐུབ་ཅིང་། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་ཁེ་ཕན་མང་པོ་ཉམས་སུ་མྱོང་ཐུབ། ཟི་ལིང་གྲོང་ཁྱེར་ཤར་སྒོ་ཆེན་མོའི་སྐུ་འབུམ་རིའི་ལྗང་བསྒྱུར་བྱ་བའི་འགན་ཁུར་བའི་ཟི་ལིང་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུའུ་དེ་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྔོན་ཐོན་ལས་ཁུངས་སུ་བདམས་པ་དང་། ལས་ཁུངས་དེའི་འགན་ཁུར་མི་སྣས་བཤད་རྒྱུར། ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོ་བྱ་བ་ངེས་པར་དུ་ཤུགས་ཆེན་པོས་སྤེལ་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཤེས་བྱ་སློབ་གྲྭ་དང་། ལས་ཁུངས། ཞང་སྡེ། འདུས་སྡོད་ཁུལ། ཁེ་ལས་སོགས་སུ་ཁྱབ་གདལ་དུ་བཏང་སྟེ། ཞང་གྲོང་སྡོད་དམངས་ཀྱིས་སྐྱེ་དངོས་འདེབས་འཛུགས་བྱས་ནས་སྐྱེ་ཁམས་ཀྱིས་ནམ་ཟླ་ཆུང་བ་ནས་སྐྱེ་ཁམས་ཀྱི་ནམ་ཟླ་ཆེན་པོར་འགྱུར་རུ་འཇུག་དགོས་ཟེར།

ལོ་ཙཱ་བ། ཚེ་རིང་སྒྲོལ་མ།