སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ལེགས་འདེམ་བྱེད་དགོས།
2017.04.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

“ང་ཚོ་རྐང་ཚ་ཞང་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཞང་ཞིག་ཡིན་ལ། འབྲོག་པ་ཏང་ཡོན་དང་མང་ཚོགས་རྣམས་ཀྱིས་རྩྭ་ཆུ་བསྙེགས་ནས་ཕྱུགས་འཚོ་བའི་འཚོ་བར་བརྟེན་ཡོད། སྡོད་གནས་ངེས་གཏན་མེད་པས། ཞང་ཡོངས་ཀྱི་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རྗེས་གྲབས་འཇོན་མིའི་སློབ་གསོ་གསོ་སྐྱོང་ལས་དོན་ལ་དཀའ་ཁག་ཆེན་པོ་བྱུང་། གནད་དོན་དེར་དམིགས་ནས། ཞང་ཏང་ཨུས་དངོས་ཡོད་གནས་ཚུལ་དང་སྦྲེལ་ནས་སྐོར་སྐྱོད་སློབ་ཐུན་བཙུགས་ཤིང་། དུས་བཅད་ལྟར་འབྲོག་པའི་གཅིག་བསྡུས་ཕྱུགས་འཚོ་ཁུལ་ལ་སོང་ནས་སློབ་ཁྲིད་བྱས། ད་ལོར་བསྡོམས་པས་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རྗེས་གྲབས་འཇོན་མིར‘སློབ་ཁྲིད་བསྐྱལ་བའི་རིགས’ཀྱི་གསོ་སྦྱོང་ཐེངས་དྲུག་སྤེལ་ནས་མི་ཐེངས་ཞེ་བརྒྱད་ལ་གསོ་སྦྱོང་བྱས”ཞེས་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྐང་ཚ་ཞང་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།

“ཞིང་སྡེར་འབྱོར་ཕྱུག་ལྡན་མིན་གཙོ་བོ་ཀྲི་པུའུ་ལ་ལྟ་བ་དང་། གྲོང་སྡེར་སྟོབས་ཤུགས་རྒྱས་མིན་སྣེ་ཁྲིད་པ་ལ་བལྟ་དགོས།”ཉེ་བའི་ལོ་ཤས་རིང་ལ། ཞིང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་པའི་ཆེད་དུ། ཞུན་ཧྭ་རྫོང་གིས་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་དང་རྗེས་གྲབས་བཟོ་འགོད་ལག་བསྟར་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ།“རྗེས་གྲབས་འཇོན་མི་གདམ་གསེས་གསོ་སྐྱོང་དང་གསོག་འཇོག་མི་སྣར་ངོས་འཛིན་དཔྱད་ཞིབ་བྱེད་པའི”བྱེད་ཐབས་སྤྱད་ནས། ཞིང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་ནུས་པ་ཞན་པ་དང་ཤུལ་འཛིན་མཁན་ཉུང་བའི་གནད་དོན་ཅི་ནུས་ཀྱིས་སེལ་ཐབས་བྱས་ཏེ། སྡེ་བ་རིམ་པའི་སྐབས་བརྗེ་དང་དབུལ་ཐར་འགག་སྒྲོལ་སོགས་ལས་དོན་གཙོ་བོར་སྟོབས་དང་ལྡན་པའི་རྩ་འཛུགས་འགན་ལེན་དང་འཇོན་མིར་འདེགས་སྐྱོར་བྱས་ཡོད།

ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུས་ཚད་གཞི་རྒྱུན་འཁྱོངས་དང་གོ་རིམ་ནན་འཛིན། ཁོངས་གཏོགས་གྲོང་སྡེ་སོ་སོའི་ཏང་ཀྲི་པུའུ་ལ་མཛུབ་སྟོན་ཞིབ་མོ་བཅས་བྱས་ཏེ། ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རྗེས་གྲབས་འཇོན་མིའི་ངོས་འཛིན་གདམ་གསེས་ལས་དོན་དམ་འཛིན་བྱས་པར་མ་ཟད། ད་དུང་རྗེས་གྲབས་འཇོན་མི་སུམ་བརྒྱ་བཞི་བདམས་པ་ལ་གཞི་རྩའི་ཆ་འཕྲིན་བཙུགས་ཤིང་འཐུས་ཚང་དུ་བཏང་བ་དང་། བྱ་བ་བསྒྲུབས་པའི་གྲུབ་འབྲས་ཡིག་ཚགས་སུ་ཞིབ་མོར་བཀོད་ཅིང་ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་བྱས། རྨང་གཞི་དེའི་སྟེང་འཇོན་མི་ངོས་འཛིན་དང་གདམ་གསེས་བྱེད་ཚད་སྔར་ལས་གསར་གཏོད་བྱས་པ་དང་། “སློབ་པ་གཉིས་དང་བྱེད་པ་གཅིག”དང་གནད་ཕིགས་དབུལ་སྐྱོར། གནད་སའི་ལས་གཞིར་སྐུལ་འདེད་བྱེད་པ་ལ་སོགས་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། འཆར་གཞི་ཡོད་པའི་སྒོ་ནས་ཞིང་སྡེའི་ན་གཞོན་ཏང་ཡོན་ཚོ་གཏན་འཁེལ་བྱས་ཡོད་པའི་ཏང་ཉིན་ལ་ཞུགས་པ་དང་། དུས་ཐོག་ཏུ་གཞུང་ལས་སྒྲུབ་པ། སྡེ་དོན་ཚབ་སྒྲུབ་སོགས་ལག་ལེན་ཞབས་ཞུ་སྤེལ་བར་བཀོད་སྒྲིག་བྱས་ཤིང་། ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་གནད་ཁེལ་དབྱེ་འབྱེད་བྱས་ཏེ་རྗེས་གྲབས་འཇོན་མིའི་སྤུས་ཀ་འགན་ལེན་བྱས།

ཞུན་ཧྭ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “བྱེད་ཐབས་བསྩལ་བ་དང་ལས་འགན་སྤྲད་པ། ཁུར་པོ་གནོན་པ། ནུས་པ་རྒྱས་པ”བཅས་ཀྱི་རིགས་ལམ་ལྟར་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རྗེས་གྲབས་འཇོན་མི་གསོ་སྐྱོང་བྱ་བ་ནན་འཛིན་བྱས། མིག་སྔའི་བར་བསྡོམས་པས་གསོ་སྦྱོང་སློབ་ཐུན་མི་ཐེངས་བརྒྱད་བརྒྱ་སོ་བདུན་དང་། ལག་ལེན་གསོ་སྐྱོང་མི་ཐེངས་ལྔ་བརྒྱ་ང་བརྒྱད། འགན་དཀྲིས་སྦྱོང་བརྡར་མི་ཐེངས་བཞི་བརྒྱ་སུམ་ཅུ། མཉམ་ཞུགས་སློབ་སྦྱོང་མི་ཐེངས་སུམ་བརྒྱ་གྱ་དགུ། གནད་དོན་ཐག་གཅོད་པའི་སྦྱོང་བརྡར་མི་ཐེངས་སུམ་བརྒྱ་སོ་གཅིག་བཅས་བྱས་པས། རྗེས་གྲབས་འཇོན་མིའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་།

རྫོང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་སྒྲིག་བཤེར་དང་། ཏང་གི་སློབ་གྲྭ་དང་སྲིད་ཁྲིམས་སོགས་སྡེ་ཁག་གི་རྐང་འཛིན་པ་རྩ་འཛུགས་བྱས་ཏེ། རྗེས་གྲབས་འཇོན་མིར“སྐོར་སྐྱོད་ཚུལ”གྱི་རེས་སྐོར་སྦྱོང་བརྡར་ཐེངས་དགུ་སྤེལ།

རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པའི་སྐབས་སུ། ཁྲ་ཧན་ཏུའུ་སི་ཞང་ཏང་ཨུས་ཞང་ཡོངས་ཀྱི་རྗེས་གྲབས་འཇོན་མི་སོ་བཞི་རྩ་འཛུགས་བྱས་ཏེ་ནུབ་ལམ་དམར་དམག་གི་སློབ་གསོའི་ལག་ལེན་རྟེན་གཞིའི་ཡུལ་དངོས་སུ་སོང་ནས་རྒྱང་སྐྱོད་སྙིང་སྟོབས་མྱོང་རོལ་དང་ཏང་གཤིས་སློབ་གསོ་དང་ལེན་བྱས།

བིས་མདོ་ཞང་ཏང་ཨུས་ཟླ་རེར་རྗེས་གྲབས་འཇོན་མི་གཉིས་ཞང་གི་ལས་སྒྲུབ་ཚོམས་ཆེན་དུ་དམངས་ཕན་ལས་དོན་སྒྲུབ་པའི་བརྒྱུད་རིམ་སློབ་པར་མངགས་པར་མ་ཟད། ད་དུང་ལས་དོན་སླ་མོ་སྒྲུབ་པའི་ནང་ཞུགས་སུ་བཅུག

རྡོ་སྦིས་བོད་རིགས་ཞང་གཤོང་བ་སྡེ་བའི་རྗེས་གྲབས་འཇོན་མི་ཀླུ་རྒྱལ་ཚེ་བརྟན་གྱིས་དགའ་སྤྲོའི་ངང་ཁོའི་ཕ་མར“ད་སོ་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་ང་ལ་དམངས་གཙོ་ཚད་ལེན་དང་དམིགས་འབེན་དཔྱད་ཞིབ་བྱས་ནས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་གསོག་འཇོག་བྱ་ཡུལ་དུ་ངོས་འཛིན་བྱས་ཡོད”ཟེར།
“ལེགས་པའི་ནང་ནས་ཕུལ་བྱུང་འདེམ་པ་དང་ཕུལ་བྱུང་ནང་ནས་ངར་བ་འདེམ་པ”ཡི་རིགས་ལམ་ལྟར། ཞུན་ཧྭ་རྫོང་གི་ཞིང་སྡེའི་ཏང་རྩ་འཛུགས་ཀྱིས་རྗེས་གྲབས་འཇོན་མིའི་གཞི་རྩའི་གནས་ཚུལ་ལ་བསྟུན་ནས་ལུགས་མཐུན་ངང་ལས་གནས་དམིགས་འབེན་གཏན་འཁེལ་བྱས་པ་དང་། རྗེས་གྲབས་འཇོན་མི་དང«ལོ་འཁོར་དམིགས་འབེན་དོ་དམ་འགན་ཡིག»བཞག དུས་མཚུངས་སུ་རྗེས་གྲབས་འཇོན་མིར་དུས་བཅད་ནང་དཔྱད་ཞིབ་དང་། འགུལ་རྣམ་དོ་དམ། གླེང་མོལ་ཁྲིད་རོགས། དམངས་གཙོ་དཔྱད་བསྡུར་སོགས་ཕྱོགས་བསྡུས་དཔྱད་མོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྗེས་གྲབས་འཇོན་མིར་དཔྱད་ཞིབ་ངོས་འཛིན་དང་གསོ་སྐྱོང་གྲབས་གསོག་ལས་དོན་དེ་ཚད་ལྡན་དང་ཚན་རིག་དང་མཐུན་པ། གཞི་འཛིན་ས་ཡོད་པར་ཁག་ཐེག་བྱས།

ཀ་རིང་ཞང་ཏང་ཨུས་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ཡི་གནས་ཚུལ་ངོ་མ་དང་ཏང་ཡོན་གྱི་བྱེ་བྲག་གི་ཁྱད་པར་ལ་དམིགས་ནས། དམིགས་འབེན་འགན་ཡིག་གི་ནང་དོན་ལ་སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་ཡོད། སྤྱིའི་ལས་འགན་གཏན་འཁེལ་གསལ་བོ་བྱས་པའི་རྨང་གཞིའི་ཐོག་ཏུ་བྱེ་བྲག་གི་དམིགས་འབེན་འགན་འཁྲི་གཏན་འབེབས་བྱས་ཏེ། རྗེས་གྲབས་འཇོན་མི་ཚང་མས་རང་འགན་གཙང་སྒྲུབ་དང་ཁྱད་ཆོས་འདོན་སྤེལ། ལས་རྐང་དང་འཚམ་པ། ནུས་པ་གང་ཡོད་འདོན་ཐུབ་པར་ཁག་ཐེག་ཅི་ཐུབ་བྱས།

2016ལོར། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཀྱིས་མཉམ་དུ་འགུལ་སྐྱོད་བསླངས་ཏེ་སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རྗེས་གྲབས་འཇོན་མི་རྩ་འཛུགས་བྱས་ནས། སྔ་གཞུག་ཏུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་མི་ཐེངས་དྲུག་བརྒྱ་དོན་བརྒྱད་ལ་གླེང་མོལ་བྱས་པ་དང་། གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་ཚན་ཁག་གི་ཁོངས་མི་མི་ཐེངས་སུམ་བརྒྱ་གོ་བརྒྱད། ད་དུང་ཕྱོགས་བསྡུས་མངོན་ཚུལ་འབུར་ཐོན་དང་ལས་ཀའི་དགོས་མཁོ་དང་མཐུན་པའི་ཕུལ་བྱུང་རྗེས་གྲབས་འཇོན་མི་ཉིས་བརྒྱ་བཅུ་གསུམ་ལ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་གསོག་འཇོག་བྱ་ཡུལ་གཙོ་བོ་ཡིན་པ་ངོས་འཛིན་བྱས། མི་རེ་གསུམ་རྗེས་གྲབས་འཇོན་མི་བྱས་ནས་མུ་མཐུད་དུ་གསོ་སྐྱོང་བྱས། རང་འགན་གཙང་སྒྲུབ་མི་བྱེད་པ་དང་དཔྱད་ཞིབ་ཁྲོད་ལས་འགན་སྒྲུབ་ཚུལ་མི་བཟང་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པགཉེར་བརྒྱད་ཀྱི་རྗེས་གྲབས་འཇོན་མིའི་ཐོབ་ཐང་མེད་པར་བཟོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།