བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་པར་རིག་གནས་པུའུ་ཡི་ཆོག་མཆན་ཐོབ་པ།
2017.04.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

 
ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ལ་རྒྱལ་ས་པེ་ཅིན་ནས་གཏམ་བཟང་ཞིག་འབྱོར། དེ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་པར་རིག་གནས་པུའུ་འཐད་པ་བྱུང་བ་དེ་རེད། དེ་ནི་བསྒྱུར་བ་བཞི་ཡི་རིགས་ལམ་གསར་པ་ལག་ལེན་དུ་འདེབས་ཐེངས་ཤིག་ཡིན་ངེས། དེ་ནི་རྒྱལ་ཁབ་ཀྱིས་མཚོ་སྔོན་ནས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་ཨང་གསུམ་པ་རེད། རྒྱལ་ཡོངས་ཀྱི་ཞིང་ལྗོངས་གང་དུ་ཡང་དེ་འདྲ་ཞིག་བཙལ་དུ་མེད་པས་གོ་སྐབས་ལེགས་ལ། བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ངེས་པས་དགའ་འོས་པ་ཞིག་རེད། ད་དུང་ཡུས་ཧྲུའུ་ཡིས་མཚོ་སྔོན་ལ་རྒྱལ་ཁབ་རིམ་པའི་རིག་གནས་ཀྱི་མཚན་བྱང་ཞིག་ཁ་སྣོན་བྱས་པ་མཚོན། 

སྣ་མང་ཅན་གྱིས་ཡུས་ཧྲུའུ་ཡི་མཚར་སྡུག་ལྡན་པའི་རིག་གནས་སྐྱེ་ཁམས་བསྐྲུན་པ།

ས་བབ་ཀྱི་ཆ་ནས་ཡུས་ཧྲུའུ་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། མཚོ་བོད་མཐོ་སྒང་གི་ལྟེ་བ་རུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རང་བྱུང་གི་ཡུལ་ཁམས་ཤིག་གྲུབ་ཡོད་པས། རི་རབ་ཀྱི་རྒྱལ་བོ་དང་གཙང་ཆུའི་འབྱུང་ཡུལ་སོགས་སུ་གྲགས། ཡུས་ཧྲུའུ་རུ་ད་དུང་ཡང་གདོད་མའི་སྐྱེ་ཁམས་ཀྱི་རྣམ་པ་མ་ཡལ་བར་ཡོད་ཅིང་། འཛམ་གླིང་གི་མཐོ་སྒང་བརླན་སའི་འདུ་ཚད་ཆེས་མོད་པའི་ས་ཁུལ་རེད། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གཉིས་ཀྱི་ས་ཁྱོན་གྱིས་ཁུལ་ཡོངས་སུ་ཁེབས་ཡོད།

རིག་གནས་སྐྱེ་ཁམས་ཀྱི་ཐད་ནས་ཀྱང་། ཡུས་ཧྲུའུ་ས་ཁུལ་ནི་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཡུལ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་དང་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། ཁམས་ཡུལ་དུ་གཏོགས། གནས་དེའི་གླུ་གར་དང་དམངས་ཁྲོད་བཟོ་རྩལ། དམངས་སྲོལ་དུས་ཆེན། སྒྲུབ་རབས་རིག་གནས། དད་མོས་བྱེད་སྟངས་སོགས་རིག་གནས་སྣ་མང་གིས་ཡུས་ཧྲུའུ་ཡི་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་སྐྱེ་ཁམས་བསྐྲུན་ཡོད། དུས་མཚུངས་སུ་ཡུས་ཧྲུའུ་ནི་མཚོ་སྔོན་གྱི་ས་རྒྱ་ཆེས་ཆེ་ལ་བོད་རིགས་མི་གྲངས་ཆེས་མང་པའི་མི་རིགས་རང་སྐྱོང་ཁུལ་ཞིག་ཀྱང་རེད། མཚོ་སྔོན་དང་བོད་ལྗོངས་དང་སི་ཁྲོན་གསུམ་གྱི་ལམ་མདོར་གནས་པས། མཐོ་སྒང་གི་འགག་མདོ་དང་མཐོ་སྒང་གི་གྲོང་རྡལ་གལ་ཆེན། ཐང་བོད་གནའ་ལམ་གྱི་ཟམ་ཁའི་བཙན་རྫོང་སོགས་ཀྱི་འབོད་སྲོལ་ཡང་ཡོད། ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་ནི་བོད་ཀྱི་རིག་གནས་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། དེའི་ནང་དོན་ཕུན་སུམ་ཚོགས་ལ་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ། མ་ཉམས་སོར་གནས་ཀྱི་ངང་ཚུལ་བཟང་བས་ས་ཁུལ་དེ་གའི་མང་ཚོགས་ཀྱིས་བརྩི་མཐོང་རྒྱ་ཁྱབ་ཏུ་བྱེད་པས། སྲུང་སྐྱོབ་ཀྱི་རིན་ཐང་ཆེན་པོ་ལྡན།

ཡུས་ཧྲུའུ་ནས་རིག་གནས་སྐྱེ་ཁམས་ཚོད་ལྟ་ཁུལ་འཛུགས་པའི་དགོས་གལ་ཤིན་ཏུ་ཆེ།

2005ལོ་ནས་མགོ་བརྩམས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡོངས་ཁྱབ་ཞིབ་བཤེར་བྱ་བ་དང་། 2012ལོར་རྩ་འཛུགས་བྱས་པའི་ཁུངས་འཚོལ་བྱ་འགུལ་ཞེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བསྐྱར་ཞིབ་བྱ་བ་སོགས། དུས་ཡུན་རིང་བོ་ཞིག་ལ་ཡུས་ཧྲུའུ་ཡིས་ཧུར་ཐག་གིས་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས་སྔོན་འདོན་དང་འཚོལ་སྡུད། དག་སྒྲིག། ཞུ་འབུལ། སྲུང་སྐྱོབ་བཅས་བྱས་ཏེ། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ལས་གཞི་མང་པོ་ཞིག་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་བཅས་རིམ་པ་བཞིའི་དཀར་ཆག་ཏུ་ཚུད། སྲུང་སྐྱོབ་བྱ་བས་ཞིང་ཆེན་ཡོངས་དང་ཐ་ན་བོད་ཁུལ་དུ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས།

2010ལོར། “4•14”ཡུས་ཧྲུའུ་ས་འགུལ་གྱིས་རྨང་གཞིའི་སྒྲིག་བཀོད་མང་པོར་གཏོར་བརླག་དང་མི་ལ་གནོད་འཚེ་ཆེན་པོ་བཏང་། ཡུས་ཧྲུའུ་མི་དམངས་ཀྱིས་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་བརྟན་པོའི་འོག དུས་ཡུན་ཤིན་ཏུ་ཐུང་ངུའི་ནང་ཡུས་ཧྲུའུ་གསར་བ་བསྐྲུན་པའི་ངོ་མཚར་ལོ་རྒྱུས་ཤིག་མངོན་འགྱུར་བྱས་ཏེ། མེས་རྒྱལ་གྱི་གཙང་གསུམ་འབྱུང་ཡུལ་ནས་ཉམས་རྒྱུ་མེད་པའི་སྙིང་སྟོབས་ཀྱི་རྡོ་རིང་ཞིག་བསླངས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱས་པ་དང་བསྟུན་ནས། ཡུས་ཧྲུའུ་མི་དམངས་ཀྱིས་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་འདུན་པ་ཆེས་ཆེར་གྱུར་པ་ལ། ཡུས་ཧྲུའུ་ཁུལ་སྲིད་གཞུང་གིས་ཀྱང་གནས་བབ་དེ་ལ་བསྟུན་ནས་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་པའི་རེ་ཞུ་ཧུར་ཐག་གིས་ཞུས་ཤིང་། རྒྱལ་ཁབ་རིམ་པ་ནས་གཙིགས་མཐོང་བྱས་ཏེ། ཡུས་ཧྲུའུ་མི་དམངས་ཀྱི་ཤ་རུས་སུ་འཐིམ་པའི་ལོ་ངོ་སྟོང་ཕྲག་རིང་གི་ས་གནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། ཡུས་ཧྲུའུ་ལ་ཐུན་མིན་དུ་མངའ་བའི་རང་བྱུང་སྐྱེ་ཁམས་དང་མི་ཚུལ་སྐྱེ་ཁམས་ལེགས་པར་སྲུང་ཞིང་ལེགས་པར་སྤེལ་བར་རེ་བ་བྱས། དེར་མ་ཟད་སྔ་ཕྱིར་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་བརྟག་དཔྱད་ཞིབ་འཇུག་བྱེད་པར་གདན་ཞུ་བྱས་ཤིང་བྱ་བ་སྣ་མང་བསྒྲུབས་པ་ལ་བརྟེན་ནས་ཐུན་མོང་གི་ངོས་ཟིན་མང་པོ་ཆགས། ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་དེ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞིའི་གྲས་སུ་ཚུད་པ་ནི་དོན་གྱིས་ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་ཀྱི་རྩ་བ་དང་རྩ་བ་དེ་ཚུགས་སའི་གཤིན་ས་ལ་ཕྱོགས་བསྡུས་སྲུང་སྐྱོབ་ཐོབ་པ་ཡིན་ལ། བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པ་ནི་ད་ལྟ་དང་མ་འོངས་པའི་དུས་གང་ལ་མཚོན་ན་ཡང་། ཡུས་ཧྲུའུ་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་ལོ་རྒྱུས་རིག་གནས་རྒྱུན་འཛིན། མཉམ་སྐྲུན་མཉམ་སྤྱོད་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བཅས་བྱེད་པའི་སྔོན་སྐྱོད་ཁུལ་ཞིག་ཏུ་གྱུར་པ་ཡིན་ལ། མཚོ་བོད་མཐོ་སྒང་གི་རང་བྱུང་ཁམས་ཆེན་མོའི་སྲུང་སྐྱོབ་ཀྱི་འགྲེམ་སྟོན་ཞིག་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་གྱི་བྱེད་ཐབས་དང་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།

ཡུས་ཧྲུའུ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་པར་གསལ།

སྐྱེ་ཁམས་རིན་ཐང་གི་ཆ་ནས་ཡུས་ཧྲུའུ་ཁུལ་དེ་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་གནས་ཁུལ་ཡིན་ལ། ཁུ་ནུ་རི་རྒྱུད་ཀྱི་བ་ཡན་ཧ་རི་དང་ཨ་ཆེན་གངས་རྒྱབ། ཨ་མྱེས་རྨ་ཆེན་དང་གདང་ལ་རི་རྒྱུད་སོགས་གཙང་གསུམ་འབྱུང་ཡུལ་དུ་གནས། རི་རྒྱུད་དེ་དག་ནི་མཚོ་ངོས་ལས་མཐོ་ཚད་སྨི5000ནས6000བར་དུ་ཡོད་ལ། དབྱར་དགུན་མེད་པར་རི་མགོ་གངས་ཀྱིས་གཡོགས་ཡོད་པས། ཀྲུང་གོའི་འཁྱགས་ཀླུང་རྒྱ་ཆེར་འདུ་བའི་ས་ཁུལ་ཞིག་རེད། དེ་མིན་ཆུ་བོ་མང་ལ་མཚེའུ་དང་རྫིང་བུ་མང་བས། འཛམ་གླིང་གི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་ཞིང་རྒྱ་ཁྱོན་ཆེས་ཆེ་བ། བརླན་སའི་རིགས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཀྱང་ཡིན་པས། གཙང་པོའི་འབྱུང་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད། ཡ་གླིང་གི་ཆུ་མཛོད་སོགས་སུ་འབོད།

ཡུས་ཧྲུའུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་རིང་ལ། རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས། རིག་གནས་ཀྱི་སྣ་ཤིན་ཏུ་མང་བར་མ་ཟད་ཁྱད་ཆོས་མངོན་པར་གསལ། ད་ཡོད་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་མང་ལ་དུས་ཡུན་རིང་། ས་ཁོངས་ཀྱི་ཁྱད་ཆོས་གསལ་བ་དང་ཉར་ཚགས་བྱས་པ་ཤིན་ཏུ་ལེགས། ད་སྔ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་བདུན་དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཉེར་དགུ། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྡེ་བ་གསུམ། ཀྲུང་གོའི་ལོ་རྒྱུས་རིག་གནས་སྡེ་བ་གྲགས་ཅན་གཉིས་བཅས་ཡོད། ཡུས་ཧྲུའུ་ཡི་གླུ་གར་དང་གྱོན་ཆས་བཟོ་རྩལ། སྡོད་ཁང་བཟོ་རྩལ། རྫ་སྲེག་བཟོ་རྩལ་དང་མགར་བཟོ་སོགས་སྲོལ་རྒྱུན་རིག་གནས་ཀྱི་རྣམ་གྲངས་ཤིན་ཏུ་མང་ལ། དེ་དག་ཀྱང་ཁུལ་རིམ་པ་དང་ཞིང་ཆེན་རིམ་པ། རྒྱལ་ཁབ་རིམ་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་ཏུ་བཀོད་ཡོད།

དེ་ལས་ཀྱང་ཆེས་འཐུས་ཚབ་རང་བཞིན་ལྡན་པ་ནི་ཡུས་ཧྲུའུ་ཡི་མིང་དུ་གྲགས་པ་གསུམ་སྟེ་གླུ་གར་དང་གྱོན་ཆས། སྦྲ་གུར་བཅས་ཡིན་ལ། དེའི་ནང་གི་སྣ1མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་ངག་ཐོག་དང་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་དཀར་ཆག་ཏུ་ཚུད་ཡོད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཐུས་ཚབ་དཀར་ཆག་ཏུ་སྣ11དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་འཐུས་ཚབ་རྒྱུན་འཛིན་པར་མི24ཚུད་ཡོད། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་དཀར་ཆག་ཏུ་སྣ10དང་། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞིའི་འཐུབ་ཚབ་རྒྱུན་འཛིན་པར་མི16ཚུད་ཡོད། ཁུལ་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་དཀར་ཆག་ཏུ་སྣ180ཚུད་ཡོད་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་མང་པོར་སྲུང་སྐྱོབ་དང་རྒྱུན་འཛིན་གང་ལེགས་ཐོབ་དང་ཐོབ་བཞིན་ཡོད།

བོད་ཁུལ་གཞན་དག་ལ་རིག་གནས་སྲུང་སྐྱོབ་ཀྱི་དཔེ་སྟོན་བྱས་ཡོད།

བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ནི་ཡུལ་གྱི་ཆ་ནས་ཡུས་ཧྲུའུ་གྲོང་ཁྱེར་ལྟེ་གནས་སུ་བྱས་ཤིང་། མཐའ་འཁོར་གྱི་བོད་རིགས་འདུས་སྡོད་བྱེད་སའི་ས་ཁུལ་ཆེན་པོ་ཞིག་ལ་གོ་བ་ཡིན་ལ། རིམ་པ་སོ་སོའི་འཐུས་ཚབ་དེ་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཞི་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པ་ཡིན། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མ་ལག་བཙུགས་པས། འབྲེལ་ཡོད་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཞི་ལ་སྲུང་སྐྱོབ་བཟང་པོ་ཐོབ་པ་དང་། རྒྱུན་འཛིན་པའི་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་། མི་དང་མི། མི་དང་སྤྱི་ཚོགས། མི་དང་རང་བྱུང་ཁམས་བཅས་བར་གྱི་འབྲེལ་བ་སྔར་ལས་འཆམ་མཐུན་དང་། མི་ཚུལ་ཁོར་ཡུག་དང་རང་བྱུང་ཁོར་ཡུག་སྔར་ལས་འཆམ་མཐུན་བྱུང་སྟེ། རིག་གནས་སྐྱེ་ཁམས་དང་རང་བྱུང་སྐྱེ་ཁམས་སྤྱི་ཡོངས་ནས་དོ་མཉམ་ཡོང་ཐབས་བྱས་པས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འབྱུང་བར་རིག་གནས་ཀྱི་རྒྱབ་རྟེན་བརྟན་པོ་ཞིག་འདོན་སྤྲོད་བྱས་པ་དང་། རྒྱལ་ཡོངས་ཀྱི་རིག་གནས་སྲུང་སྐྱོབ་ལ་ཕན་པའི་དཔེ་སྟོན་ལེགས་པོ་འདོན་སྤྲོད་བྱས་ཡོད།

ཏང་དང་སྲིད་གཞུང་གིས་ཡུས་ཧྲུའུ་ཡི་བོད་ཀྱི་རིག་གནས་ཀྱི་རྩ་བ་དང་རྩ་བ་དེ་ཚུགས་སའི་གཤིན་ས་ལ་ཕྱོགས་བསྡུས་སྲུང་སྐྱོབ་བྱས་པར་བརྟེན། བོད་རིགས་མང་ཚོགས་ཀྱིས་རིག་གནས་རང་རྟོག་དང་རིག་གནས་རང་རློམ། རིག་གནས་རང་སྟོབས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བྱས། དུས་མཚུངས་སུ་རྒྱལ་ཁབ་ཀྱིས་ངོས་ལེན་བྱས་པའི་རྨང་གཞིའི་སྟེང་ནས་བདག་གཞིའི་བསམ་བློ་ཧུར་ཐག་གིས་སློང་བར་བྱས་ཏེ། ཡུས་ཧྲུའུ་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་རིང་བསྐྱངས་པའི་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། ཡུས་ཧྲུའུ་ལ་ཐུན་མིན་དུ་མངའ་བའི་རང་བྱུང་སྐྱེ་ཁམས་དང་མི་ཚུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་གཙང་པོའི་བར་སྨད་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་འཕེལ་རྒྱས་འབྱུང་བར་བྱས་རྗེས་སྔར་ལས་ཆེ་བ་བཞག་ཡོད།

ཚོད་ལྟ་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི། ས་ཁོངས་ཀྱི་ཁྱད་ཆོས་གསལ་བའི་མཐོ་སྒང་གི་འབྲོག་པའི་རིག་གནས་དང་ཞིང་ཕྱུགས་གཉིས་ཀ་འདྲེས་པའི་རིག་གནས། ཞིང་ལས་རིག་གནས་བཅས་དང་། འབྲི་ཆུའི་འབབ་རྒྱུད་དང་སྐྱེ་རྒུ་ཆུ་བོའི་འབབ་རྒྱུད། བྱ་ཆུ་འབབ་རྒྱུད་བཅས་སུ་གནས་པའི་གནའ་སྡེའི་བཟོ་སྐྲུན་རིག་གནས་དང་ཆོས་ལུགས་བཟོ་སྐྲུན་རིག་གནས། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ། མགར་ལས་བཟོ་རྩལ། རྫ་སྲེག་བཟོ་རྩལ། དམངས་ཁྲོད་གླུ་གར། དམངས་ཁྲོད་སྲོལ་རྒྱུན་དུས་སྟོན་རིག་གནས། གུས་ལུགས་རིག་གནས། བཟའ་བཏུང་རིག་གནས། རྒྱན་གོས་རིག་གནས་སོགས་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས། ལེབ་ཁོག་དང་རྒྱ་ནག་མ་ཎི་གཙོ་བྱས་པའི་ཡུས་ཧྲུའུ་ཡི་རྡོ་བརྐོས་ཚོགས་དང་། ལྡོང་ཚང་བཀའ་བསྟན། གེ་སར་སྒྲུང་དཔེ་ལག་བྲིས་མ་བཅས་གཙོ་བྱས་པའི་ཡིག་རྙིང་བསྟན་བཅོས། སྐྱེ་རྒུ་དགོན་པ་དང་རྟ་རྣ་དགོན་པ། མཆོད་རྟེན་དཀར་པོ་དང་འཛོམ་ཉག་མཆོད་རྟེན་གཙོ་བྱས་པའི་ཆོས་ལུགས་བཟོ་སྐྲུན། བྲག་བརྐོས་རི་མོ་དང་གནའ་བོའི་དུར་ཁྲོད་གཙོ་བྱས་པའི་རིག་དངོས་ཤུལ་བཞག་སོགས་མངོན་སྣང་རིག་གནས་ཤུལ་བཞག་བཅས་ཡིན།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།