ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་གནས་སྐོར་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ཅུ་གཏོང་རྒྱུ་རེད། མཚོ་སྔོན་གྱི་རིག་གནས་གནས་སྐོར་ལྟེ་གནས་དང་ཚྭ་ཁའི་འོད་འཁྱུག་གྲོང་རྡལ་གྱི་ལས་གཞི་ལོ་སྟོད་དུ་ལས་མགོ་རྩོམ་པ་བརྩོན་ལེན་བྱེད་རྒྱུ་རེད། ཧུའུ་ཀྲུའུ་བྱང་རིའི་རླངས་འཁོར་རང་གིས་བསྐོར་བའི་གནས་སྐོར་ཡུལ་གནས་སྟེ་ཡུན་ཡོན་མགྲོན་ཁང་གི་རིམ་སྤར་བསྒྱུར་བཅོས་དང་མཛེས་ལྗོངས་ལས་གཞིའི་འཛུགས་སྐྲུན་དེ་ཟླ་དྲུག་པའི་ཟླ་མཇུག་ཏུ་བེད་སྤྱོད་བྱ་རྒྱུ་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། ཞུན་ཧྭ་ཟ་ལར་རྨ་འགྲམ་གྲོང་རྡལ་དང་། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར། ཆི་ལེན་སོགས་ས་ཁོངས་ཡོངས་ཀྱི་གནས་སྐོར་ཕྱོགས་བསྡུས་གསར་སྤེལ་ལས་གཞི་ཡིས་སྟ་གོན་འཆར་འགོད་དང་ཇུས་འགོད་ཀྱི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད། དེ་མིན་རླངས་འཁོར་རང་གིས་བསྐོར་བའི་གནས་སྐོར་ཡུལ་གནས་གསར་སྤེལ་ཚན་ཁག་གི་སྤྱིའི་འཆར་འགོད་སྒྲིག་བཟོ་བྱེད་མགོ་བརྩམས་ནས།“གནས་སྐོར་དང་འགྲིམ་འགྲུལ”གཞི་གཅིག་ཅན་གྱི་འཁོར་སྐྱོད་ཚོང་གཉེར་ལ་སྐུལ་འདེད་བྱེད་པ་དང་། དྲ་བའི་གནས་སྐོར་གློག་རྡུལ་ཚོང་དོན་སྟེགས་བུ་བསྐྲུན་པར་སྐུལ་འདེད་བྱེད་རྒྱུ་རེད།
དེ་དག་ནི་གསར་དུ་བཙུགས་ནས་ལོ་གཅིག་ཀྱང་མ་འགོར་བའི་མཚོ་སྔོན་གནས་སྐོར་དངུལ་གཏོང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིའི2017ལོའི་ལས་འགན་རེད།
འདས་པའི་ལོ་གཅིག་གི་རིང་ལ། མཚོ་སྔོན་གནས་སྐོར་དངུལ་གཏོང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིས་དེང་རབས་ཁེ་ལས་ཀྱི་དོ་དམ་ལམ་ལུགས་བཙུགས་ཏེ། «མཚོ་སྔོན་གནས་སྐོར་དངུལ་གཏོང་སྡེ་ཚོགས་དོ་དམ་ལམ་ལུགས་ཕྱོགས་བསྒྲིགས»གཏན་འབེབས་བྱས་པ་དང་། «མཚོ་སྔོན་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཚད་བརྒལ་འཐབ་ཇུས»དང«མཚོ་སྔོན་གནས་སྐོར་དངུལ་གཏོང་དང་མ་དངུལ་སྡུད་པའི་འཆར་འགོད»བཟོས། མཚོ་སྔོན་གྱི་རིག་གནས་གནས་སྐོར་གྲོང་ཁྱེར་དང་ཚྭ་ཁའི་འོད་འཁྱུག་གྲོང་རྡལ། གསེར་དངུལ་ཐང་ནས་རྡུལ་ཕྲན་མཁར་བར་གྱི་དུས་རབས་གྲོང་རྡལ། ལྷ་ཡུལ་ལྟ་བུའི་ཆི་ལེན། ཞུན་ཧྭ་ཟ་ལར་རྨ་འགྲམ་གྲོང་རྡལ། མཚོ་སྔོན་ཞིང་ཆེན་རླངས་འཁོར་ཡུལ་གནས་མ་ལག ཁམས་རའི་མཛེས་ཁུལ་སོགས་སྣེ་ཁྲིད་ལས་གཞི་བདུན་གྱི་སྔོན་འགྲོའི་བྱ་བ་སྤེལ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི“གནས་སྐོར་དང་འགྲིམ་འགྲུལ”ཐོན་ལས་མ་ལག་གཞི་གཅིག་ཅན་གྱི་འཁོར་སྐྱོད་ཚོང་གཉེར་ཞབས་ཞུའི་ཐབས་ཇུས་གཏན་འབེབས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ཐོན་ལས་ལ་ཡར་སྐུལ་བྱེད་པའི་ཐེབས་རྩ་བཙུགས།
2017ལོ་ནི་མཚོ་སྔོན་གནས་སྐོར་དངུལ་གཏོང་སྡེ་ཚོགས་ཀྱིས་གནས་སྐོར་ཐད་མ་དངུལ་གཏོང་བ་དང་མ་དངུལ་སྡུད་པའི་བྱ་བ་ཇེ་མགྱོགས་སུ་གཏོང་བ། ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་རེད། མཚོ་སྔོན་གནས་སྐོར་དངུལ་གཏོང་སྡེ་ཚོགས་ཀྱིས“ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ལོ་ངོ་གསུམ་ལ་ཇེ་མཐོར་གཏོང་བའི་འགུལ་སྐྱོད”ལ་ཞབས་ཞུ་བྱེད་པ་དང་། མཚོ་སྔོན་གནས་སྐོར་དངུལ་གཏོང་གིས“145”ཡི་བྱ་འགུལ་འཆར་གཞི་སྟེ། “ལྟེ་གནས་གཅིག”ནི་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། “ལས་འགན་ཆེན་པོ་བཞི”ནི་གནས་སྐོར་འཁྲབ་སྟོན་དང་སྐྱེ་ཁམས་ལམ་སྐོར། དྲ་བའི་གནས་སྐོར། མ་རྩ་འཁོར་སྐྱོད་བཅས་ཀྱི་ལས་སྒོ་ཆེན་པོ་བཞི། “སྤར་བ་ལྔ”ནི་ཕྱོགས་ཡོངས་ནས“ལས་སྒོ་དང་ལས་ཆོད། དོ་དམ། སྤྱོད་ཚུལ། ཕྱི་ཚུལ”བཅས་ཀྱི་དོན་ཚན་ལྔ་ཁྱོན་ཡོངས་ནས་ཡར་སྤར་བ་བཅས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་རིམ་པའི་ཆེད་ལས་ཅན་གྱི་གནས་སྐོར་དངུལ་གཏོང་དང་མ་དངུལ་སྡུད་པའི་སྟེགས་བུ་བསྐྲུན་རྒྱུ་རེད།
སྡེ་ཚོགས་ཀྱིས་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་གཙོ་གནད་དུ་བཟུང་སྟེ། དོ་དམ་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ལས་གཞི་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གནས་སྐོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་བ་བསྐྲུན་པ་དང་། ཐེབས་རྩ་དང་མ་རྩའི་འཁོར་སྐྱོད་ཇེ་དྲག་ཏུ་བཏང་སྟེ། དངུལ་སྡུད་གཞི་ཁྱོན་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་བ་དང་། ཁེ་ལས་ཀྱི་གནས་སྐོར་ཕྱིར་འཚོང་ཇེ་དྲག་ཏུ་བཏང་སྟེ་དངུལ་གཏོང་གི་སྙན་གྲགས་རྒྱས་སུ་འཇུག་པ་བཅས་གཙོ་བོར་བཟུང་ཡོད། ནོར་སྲིད་ཀྱི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་རྩ་གཉིས་ཀྱིས་ཕན་ཚུན་ལ་གཞོགས་འདེགས་བྱེད་པའི་ཕན་འབྲས་ཇེ་ཆེར་གཏོང་བའི་ཆེད་དུ། ད་དུང་ཐོན་ལས་དངུལ་གཏོང་ཐེབས་རྩ་དངPPPལས་གཞི་ཐེབས་རྩ། མ་དངུལ་སྡུད་པ་དང་བོགས་མར་གཏོང་ལེན་ཐེབས་རྩ་བཅས་ཡན་ལག་ཐེབས་རྩ་བཞི་བཙུགས་ཏེ། མ་དངུལ་སྡུད་པའི་གཞི་ཁྱོན་སྒོར་དུང་ཕྱུར་ལྔ་བཅུ་རུ་བསླེབ་པ་བརྩོན་ལེན་བྱེད་རྒྱུ་རེད། དངུལ་གཏོང་ལས་གཞི་བཟོ་བར་ཞིབ་འཇུག་དང་གདམ་གསེས་བྱས་ཏེ། ལས་གཞི་ལེགས་པོ་གསོག་ཉར་དང་ལས་གཞིའི་མཛོད་སྒྲིག་འཛུགས་བྱས། གནས་སྐོར་དང་འགྲིམ་འགྲུལ། ཞབས་ཞུའི་སྒྲིག་བཀོད་བཅས་ཀྱི་མ་དངུལ་གཏོང་འཇོག་གི་འཆར་གཞི་བཀོད་དེ། སྔར་ལས་ལྷག་པར་གནས་སྐོར་དང་འགྲིམ་འགྲུལ་མཉམ་བསྲེས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་རེད། ལས་གཞིའི་དངུལ་སྡུད་འཆར་གཞི་འགོད་མགོ་བརྩམས་ཏེ། སྡེ་ཚོགས་ཀྱི་དངུལ་སྡུད་ཁག་ཐེག་ལས་སྒོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་གཞི་གཙོ་བོ་རྣམས་ལ་དངུལ་སྡུད་འགན་སྲུང་གི་རམ་འདེགས་འདོན་སྤྲོད་བྱས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།