རེབ་གོང་མི་རིགས་རིག་གནས་ཐང་ཀའི་སྒྱུ་རྩལ་གླིང་།
2017.04.17 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 33

 གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་སངས་རྒྱས་ཀྱི་རེབ་གོང་མི་རིགས་རིག་གནས་ཐང་ཀའི་སྒྱུ་རྩལ་གླིང་དུ་སོང་ནས་ཐང་གའི་འབྲི་བཞེངས་སོགས་ཀྱི་སྐོར་ནས་བཅར་འདྲི་བྱས།

རེབ་གོང་སྒྱུ་རྩལ་གྱི་ཕ་ས་སྟེ་རྨ་ལྷོ་ཁུལ་ཐུན་རིན་རྫོང་ནི་མཛེས་ཤིང་འབྱོར་ཕྱུག་ལྡན་པའི་མཚོ་སྔོན་ཞིང་ཆེན་ཤར་ལྷོའི་ཕྱོགས་ཀྱི་རྨ་ཆུའི་ཁུག་སོ་དང་པོར་ཆགས་ཡོད་པ་དང་།། མཚོ་སྔོན་གྱི་རྫོང་མཁར་གཞན་དག་དང་འདྲ་བར་རེབ་གོང་གི་རྫོང་མཁར་ཡང་དེ་འདྲ་ཆེ་རྒྱུ་མེད་ལ། སྲང་ལམ་དུ་བོད་ལྭ་གྱོན་པའི་མི་རྣམས་སོས་དལ་བག་ཡངས་ངང་རྒྱུ་བ་དང་། ལམ་འགྲམ་གྱི་ཚོང་ཁང་ཆུང་བ་དག་ལས་དེང་དུས་དར་སྲོལ་ཆེ་བའི་བོད་གླུ་དང་རྒྱ་གླུ་སྣ་ཚོགས་བར་མཚམས་མེད་པར་གྲགས་འོངས། རྫོང་མཁར་གྱི་ཉེ་འགྲམ་དུ་སྐད་གྲགས་ཆེ་བའི་རོང་བོ་དགོན་ཆེན་ཐེག་ཆེན་དར་རྒྱས་གླིང་ཡོད་ཅིང་། དེ་དང་སེང་གེ་གཤོང་དགོན་པ་གཉིས་ནི་རེབ་གོང་སྒྱུ་རྩལ་གྱི་འབྱུང་ཁུངས་དང་ཨ་མདོའི་བོད་ཁུལ་གྱི་སྐད་གྲགས་ཆེ་བའི་ལྷ་རིས་སྒྱུ་རྩལ་གྱི་ཕ་སར་གྱུར་ཡོད།

ཐུན་རིན་རྫོང་གི་སེང་གེ་གཤོང་དགོན་པར་དགོན་སྟོད་དགོན་སྨད་གཉིས་ཡོད་ཅིང་ཕན་ཚུན་བར་སྤྱི་ལེ1 གིས་ཆོད་ཡོད་པ་དང་། གཉིས་ཀ་དགེ་ལུགས་པར་གཏོགས། དགོན་པའི་གྲྭ་བཙུན་གྱི་ཁྲོད་དུ་བོད་བརྒྱུད་ནང་བསྟན་གྱི་ཐང་ག་དང་ལྷ་བཟོར་མཁས་པ་མང་དུ་བྱུང་། དེ་གའི་ཐང་ག་དང་། གོས་དྲུབས། ལྡེབས་རིས། ལྷ་སྐུ་བཅས་གང་ཡིན་ཡང་མདོག་ལེགས་ཤིང་གསོན་ཉམས་ལྡན་ལ་དམངས་སྲོལ་གྱི་ཁྱད་ཆོས་མངོན་པར་གསལ་བས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཚོང་ཆེན་པོ་བྲིན།

གསར་འགོད་པ་དགོན་པའི་ནང་དུ་ཐོན་པ་ན། དགོན་པའི་དགེ་སློང་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས་གསར་འགོད་པར་ལྷ་ཁང་རེ་རེའི་ལོ་རྒྱུས་ངོ་སྤྲོད་བྱེད་ཞོར་དུ་གསར་འགོད་པས་བཏོན་པའི་དྲི་བར་ཡང་ལན་བཏབ། གསར་འགོད་པས་དགོན་པའི་ནང་གི་ལྡེབས་རིས་དང་། གོས་དྲུབས། བྲིས་ཐང་། ལྷ་སྐུ་བཅས་ལ་ངོམས་པ་མེད་པར་ཞིབ་ཏུ་བལྟས་ཤིང་། ལྷའི་བཟོ་པའི་སོར་མོའི་འདུ་བྱེད་ལས་འཁྲུངས་པ་དང་གཉིས་སུ་མེད་པའི་བརྩམས་ཆོས་དེ་དག་གིས་ཡིད་དབང་ཡོངས་སུ་བཀུག་ལ། སྒྱུ་རྩལ་མཁན་པོའི་ཟློག་མེད་བརྩོན་འགྲུས་དང་མི་ཕྱེད་དད་པ་ལས་བྱུང་བའི་བརྩམས་ཆོས་དག་རང་གི་མཐོང་ཡུལ་དུ་འགྱུར་བའི་སྐལ་བ་ལྡན་པར་དགའ་བ་ཚད་མེད་སྐྱེས་བྱུང་། དེའི་རྗེས་གསར་འགོད་པས་བཀྲ་ཤིས་ལགས་ཀྱི་ཐང་གའི་བརྩམས་ཆོས་ལ་བལྟ་བའི་རེ་བ་བཏོན་པ་ན། ཁོས་དེ་འཕྲལ་ཁས་བླངས་ཤིང་གསར་འགོད་པ་ཁོས་གྭ་ཤག་ཏུ་ཁྲིད། དཀོན་མཆོག་བཀྲ་ཤིས་ལགས་ནི་མཚོ་སྔོནོ་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སེང་གེ་གཤོང་ཞོལ་མའི་དགོན་པའི་གྲྭ་པ་རེད། ཁོ་ནི་ནང་བསྟན་གྱི་གཞུང་ལ་མཁྱེན་དཔྱོད་ཡངས་པ་ཞིག་ཡིན་པར་མ་ཟད། ལྷ་རིས་པ་ཕུལ་དུ་བྱུང་བ་ཞིག་ཀྱང་རེད། ཁོ་རང་ལོ 12 ཐོག་ནས་དགེ་བའི་བཤེས་གཉེན་བསྟེན་ནས་ལྷ་རིས་སྒྱུ་རྩལ་སྦྱོང་འགོ་ཚུགས་ཤིང་། ལོ་ངོ་ 13 ལ་སྦྱངས་པ་མི་དམན་པ་མཛད་དེ་ལོ་ 25 ཐོག་རང་རྐྱ་ཕེར་བའི་ངང་ནས་ཐང་ག་བྲིས་ཏེ། རེབ་གོང་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྲགས་ཅན་ཞིག་ཏུ་གྱུར། ཁོའི་གྭ་ཤག་ལ་ལྷས་ར་ཆེན་པོ་མེད་ཅིང་ཤིང་གི་ཁང་པའི་ནང་དུ་ཉེར་མཁོའི་ཅ་ལག་བབ་ཆགས་འགའ་ལས་ཅི་ཡང་མེད། ཁོས་སྒམ་ཞིག་ལས་ཐང་ག་ཕྱིར་བཏོན་ཅིང་། རང་གི་བརྩམས་ཆོས་ཀྱི་སྐོར་ང་ཚོར་ངོ་སྤྲོད་བྱེད་སྐབས་གདོང་ལ་མོས་གུས་དང་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་ཡོད། ཁོས་བཤད་པ་ལྟར་ན། ཐང་ག་འབྲི་བའི་སྔོན་ལ་གསུང་རབ་དང་བསྟན་བཅོས་མང་པོ་ཀློག་གི་ཡོད། བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་གསལ་པོ་ཡོད་ཚེ་ད་གཟོད་ནང་བསྟན་གྱི་དགོངས་པ་བརྩམས་ཆོས་རེ་རེའི་ཁྲོད་ནས་མངོན་པར་བྱེད་ཐུབ། ཐང་གའི་བརྗོད་བྱ་ཕལ་ཆེ་བ་ཆོས་ལུགས་མི་སྣ་དང་ཆོས་ལུགས་ཀྱི་གཏམ་རྒྱུད་ཡིན་པས། མདོ་དང་བསྟན་བཅོས་ལ་སྦྱངས་པ་ཡག་པོ་བྱས་ཚེ་མི་སྣ་དང་གཏམ་རྒྱུད་དེ་དག་ལ་གོ་བ་ཟབ་མོ་ལོན་ཐུབ་པ་རེད། ཁོས་བྲིས་པའི་སྟོན་པ་ཤཱཀྱ་མུ་ནེ་དང་། སྒྲོལ་མ་དཀར་སྔོན་བཅས་ལ་མཛེས་པ་ཕུན་སུམ་ཚོགས་པ་མངའ་ཞིང་། ཁོང་གི་ཐོག་ནས་གསར་འགོད་པས་ཁོས་བོད་བརྒྱུད་ནང་བསྟན་དང་ཐང་གའི་སྒྱུ་རྩལ་ལ་བཅངས་པའི་དུང་ཞེན་ཟབ་མོ་མངོན་གསལ་དུ་ཚོར་ཐུབ།

བོད་ཀྱི་ལོ་རྒྱུས་ཁག་ལས། རྒྱལ་བོ་སྲོང་བཙན་གྱི་དུས་སུ་རྒྱ་བཟའ་བོད་དུ་སྤྱན་འདྲེན་པ་དང་ལྷན་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་སོགས་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མངགས་པར་གསུངས། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་པ་ལས་བོད་ལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གོང་དུ་ཐང་ག་བཞེངས་སྲོལ་དར་བ་ཤིན་ཏུ་གསལ། བོད་ཀྱི་ཐང་གའི་བྲིས་ལུགས་ལ་སྨན་ཐང་ལུགས་དང་ཀརྨ་སྒར་ལུགས། བལ་བོའི་ལུགས། བྱིའུ་སྒང་ལུགས། མཁྱེན་བརྩེ་ལུགས་བཅས་ལྔ་ཡོད་པ་དང་། ཐང་ག་ལ་རིགས་དགར་ན་སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ཀ ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།