ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས2017ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་སྐུལ་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། མ་དངུལ་སྒོར་དུང་ཕྱུར་དགུ་བཏང་སྟེ། བྱེ་འགོག་ནགས་སྐྲུན་དང་སྡོང་འཛུགས་ནགས་སྐྲུན། ས་ནག་ཐང་བཅོས་སྐྱོང་། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་སྐྲུན་སྐོར་ཞིག་གནད་སར་བཞག་ནས་ལག་བསྟར་བྱེད་རྒྱུ་རེད།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དེ2014ལོར་ལག་བསྟར་བྱས་པའི་ཚུན་ལ། ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ནས་བཟོ་སྐྲུན་དེར་མ་དངུལ་སྒོར་དུང་ཕྱུར་བཅུ་བདུན་དང་བྱེ་བ་གཉིས་བཏང་བ་དང་། དེས་མ་དངུལ་བཏང་ཚད་ཀྱི་བརྒྱ་ཆའི་གོ་དྲུག་ཟིན་ཡོད། དེའི་ནང2016ལོར་མ་དངུལ་སྒོར་དུང་ཕྱུར་བཅུ་དང་བྱེ་བ་བདུན་བཏང་སྟེ། ས་ནག་ཐང་བཅོས་སྐྱོང་དང་། ནགས་ཚལ་དང་རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྡོང་འཛུགས་ནགས་སྐྲུན། སྐྱེ་ཁམས་ལྟ་སྐུལ་ཚད་ལེན་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལོ་འཁོར་གྱི་དངུལ་གཏོང་འཛུགས་སྐྲུན་ལས་འགན་བཅུ་བཞི་ཡོངས་འགྲུབ་བྱས། ལྟ་སྐུལ་ཚད་ལེན་ཁྲོད་ནས་མངོན་པ་ལྟར་ན། ཉེ་བའི་ལོ་གསུམ་གྱི་རིང་ལ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་སོ་སོ་བརྟན་བརླིང་ངང་སླར་གསོ་འབྱུང་བའི་གནས་བབ་སྲུང་འཛིན་བྱས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་དང་། འདུ་ཤེས་བཞི་སྲ་བརྟན་དང་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་བཙུགས་ཏེ། ཧུར་ཐག་གིས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་བ་མངོན་འགྱུར་བྱས་ནས། གཙང་གསུམ་འབྱུང་ཡུལ་དེ་མཛེས་སྡུག་གི་མཚོ་སྔོན་ལ་ཁྱད་མཚར་བསྐྲུན་པའི་ས་ཁུལ་ཞིག་ཏུ་འགྱུར་བར་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་པའི་དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དུས་དཀྱིལ་གྱི་སྤྱི་སྡོམ་བྱ་བ་སྤེལ་ཏེ། དུས་དཀྱིལ་གྱི་སྤྱི་སྡོམ་བྱ་བར་གྲུབ་འབྲས་བླངས་ནས་སྔོན་དཔག་གི་དམིགས་ཡུལ་དུ་བསླེབས་པར་ཁག་ཐེག་བྱེད་དགོས་ཟེར།
གྲོས་ཚོགས་སྟེང་། 2016ལོའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཕུལ་བྱུང་ལས་ཁུངས་སྟེ་ཡུས་ཧྲུའུ་དང་མགོ་ལོག། རྨ་ལྷོ། མཚོ་ལྷོ་བཅས་ཁུལ་བཞི་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་ནགས་ལས་ཐིན་སོགས་ཕུལ་བྱུང་ལས་ཁུངས་ལ་གཟེངས་བསྟོད་བྱས། ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་གཞུང་སྒྲུབ་ཁང་གིས་ཞིང་ཆེན་སྲིད་གཞུང་གི་མངག་བཅོལ་ལྟར་ལས་གཞི་ས་ཁུལ་གྱི་ཁུལ་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ཐིན་དང་ཅུའུ་སོགས་དང་ལོ་འཁོར་གྱི་ལས་གཞི་ལག་བསྟར་དམིགས་འབེན་འགན་འཁྲི་ཡི་གེ་དང་ཏང་སྲོལ་སྲིད་གཙང་གི་འགན་འཁྲི་ཡི་གེ་བཀོད།
རྨོ་བསྐྱུར་ནགས་བསྐྲུན་དང་ཕྱུགས་བཀག་རྩྭ་གསོ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། རྩྭ་ས་སླར་གསོ་བྱས་པ་དང་། ས་ནག་ཐང་བཅོས་སྐྱོང་དང་མིའི་ཐབས་ཀྱིས་ཆར་འབེབས་པ། བརླན་ས་ཉམས་གསོ་སོགས་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་ཏེ། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ལྟག་ཆུ་བསྐྱིལ་གསོག་གི་ནུས་ཤུགས་ཇེ་དྲག་ཏུ་བཏང་། ལོ་ལྔའི་རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་མ་ལག་ལ་རིམ་བཞིན་འཕེལ་རྒྱས་ལེགས་པོ་བྱུང་ཏེ། གཙང་གསུམ་འབྱུང་ཡུལ་དུ་སླར་ཡང་སྔོ་ལྗང་མཛེས་སྡུག་གི་རྣམ་པ་མངོན།
གསར་འགོད་པ་མཚོ་སྐྱ་རེངས་དུ་བཅར་འདྲིར་བསྐྱོད་སྐབས། མིག་ལམ་དུ་མཐོང་བ་ནི་མཚོ་སྐྱ་རེངས་ཀྱི་འགྲམ་རྒྱུད་དུ་ལམ་གསུམ་ཡོད་ལ། ལམ་གསུམ་པོ་དེ་ཐད་ཀར་རྨ་ཆུའི་མགོ་ཁུངས་སུ་ཐོན་ཡོད། དེའི་ནང་གི་ལམ་གཅིག་ཆུས་བསྣུབས་པ་དང་། ཞིག་གསོ་བྱས་ནས་ཅང་མ་འགོར་བའི་ལམ་གཞན་པ་དེ་ཡང་དབྱར་ཁར་ཆུ་རྒྱས་པའི་སྐབས་དུ་སྣུབ་འགྲོ་བའི་ཉེན་ཁ་ཡོད་པ་རེད། གནས་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན། ཉེ་བའི་ལོ་འདི་འགར་མཚོ་སྐྱ་རེངས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་བསྟུན་ནས། མཚོ་འགྲམ་གྱི་གཞུང་ལམ་ཆུས་བསྣུབས་པས། ཡང་བསྐྱར་ལམ་ཞིག་ལས་ཏེ་ལམ་གསུམ་པོ་འདི་ཆགས་པ་རེད།
འདི་ལྟ་བུའི་འགྱུར་ལྡོག་ཆུང་ཆུང་ནི་གཙང་གསུམ་འབྱུང་ཡུལ་གྱི་ས་ཆུ་སྲུང་འཛིན་འཛུགས་སྐྲུན་བྱ་བའི་ཐད་གྲུབ་འབྲས་ཆེན་པོ་བླངས་བའི་བྱེ་བྲག་གི་མཚོན་བྱེད་ཅིག་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་གྱི་མཚེའུ་དང་བརླན་སའི་གཞི་ཁྱོན་ཇེ་ཆེར་སོང་བ་དང་། སྐྱེ་དངོས་སྣ་མང་ལ་སྲུང་སྐྱོབ་ལེགས་པོ་ཐོབ་པས། ལྟ་སྐུལ་ཚད་ལེན་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་དང་། རྐྱང་དང་དགོ་སོགས་རི་དྭགས་ཀྱི་གྲངས་ཀ་ཡང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་གཞི་ཁྱོན་དེས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་གི་རིགས་འཕར་སྣོན་འབྱུང་བར་ཁོར་ཡུག་ལེགས་པོ་བསྐྲུན། སྡོམ་རྩིས་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱིས་ལོ་རེར་ཆུའི་སྨད་རྒྱུད་ས་ཁུལ་ལ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ཡི་ཆུའི་ཐོན་ཁུངས་ལེགས་པོ་འདོན་སྤྲོད་བྱས་ཏེ། ནུས་ཡོད་སྒོས་རྒྱལ་ཡོངས་ཀྱི་མི་གྲངས་ཆེས་མང་པོའི་ས་ཁུལ་དང་དཔལ་འབྱོར་ཁུལ་གཙོ་བོའི་འཕེལ་རྒྱས་ལ་རམ་འདེགས་བྱས།
ཅང་མ་འགོར་བའི་སྔོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའི་ཉེན་རྟོག་པ་དང་སྐྱེ་ཁམས་ལྟ་སྲུང་པས་གཙང་གསུམ་འབྱུང་ཡུལ་དུ་སྐོར་ཞིབ་བྱེད་སྐབས་ཤྭ་སྐྱ་དང་རྐྱང་། རྣ། སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཁོ་ཚོའི་མིག་ལམ་དུ་མངོན་འོང་། ཁོ་ཚོས་བརྙན་ཕབ་འཕྲུལ་ཆས་ཀྱི་ལམ་ནས་ཤ་སྐྱ་སོགས་རི་སྐྱེས་སྲོག་ཆགས་དེ་དག་གི་འཚོ་སྡོད་ཀྱི་སྣང་བརྙན་ཟིན་བྲིས་སུ་འགོད་ཐུབ་སོང་།
གཙོད་དང་ཤྭ་སྐྱ། རྐྱང་། འབྲོང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་དྭགས་མང་པོ་མཚམས་མི་ཆད་པར་སྐྱེ་ཁམས་ལྟ་སྲུང་པའི་མིག་ལམ་དུ་རྒྱུ་འོང་། ནང་སྒོས་སུ་འབྲི་ཆུའི་མགོ་ཁུངས་ཀྱི་ཆུ་དམར་མཚོའི་འབབ་རྒྱུད་དུ། རྐྱང་ཁྱུ་མང་པོ་ཁྱུ་དང་ཁྱུ་བྱས་ནས་མཚོ་འགྲམ་དུ་བག་ཡངས་སུ་རྒྱུ་བཞིན་པ་རྒྱུན་དུ་མཐོང་ཐུབ་ལ། སྔོན་ཆད་རྩྭ་ཐང་ནས་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ལས། གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་ཡིན་པ་མཚོན་ཐུབ།
ལོ་ལྔའི་རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་རྨོ་སྐྱུར་ནགས་སྐྲུན། རི་བཀག་ནགས་གསོ། བརླན་ས་སྲུང་སྐྱོབ། བྱེ་འགྱུར་རྩྭ་ས་འགོག་བཅོས་སོགས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གཞི་དང་སྲུང་སྐྱོབ་ཁུལ་གྱི་ནུས་ཤུགས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ནགས་ཁོངས་ཀྱི་གཞི་ཁྱོན་རིམ་བཞིན་ཇེ་ཆེ་དང་ནགས་ཚལ་གྱི་སྐྱེ་ཁམས་བྱེད་ནུས་ཇེ་དྲག བརླན་ས་རིམ་བཞིན་སླར་གསོ། མཚེའུ་གཞི་ཁྱོན་ཇེ་ཆེར་སོང་ནས། རི་སྐྱེས་སྲོག་ཆགས་ལ་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་རེད།
2016ལོའི་ཟླ་དྲུག་པར། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་ཞབས་ཞུའི་རིན་ཐང་དང་སྐྱེ་ཁམས་ཐོན་ཁུངས་སྤྱི་སྡོམ་ལས་གཞིའི་ཞིབ་འཇུག་གྲུབ་འབྲས་སྙན་ཞུ་ལས། མཚོ་སྔོན་གྱི་སྐྱེ་ཁམས་མ་རྩའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་འབུམ་གཅིག་ཁྲི་བརྒྱད་ལྷག་ཏུ་བསླེབས་པ་དང་། གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་ཆེན་པོ་གསུམ་གྱི་མ་རྩ་དེ་སྒོར་དུང་ཕྱུར་འབུམ་གཅིག་ཁྲི་ལྔ་ལྷག་ཏུ་བསླེབས་དེ། ཞིང་ཆེན་ཡོངས་ཀྱི་སྤྱིའི་མ་རྩའི་བརྒྱ་ཆའི་གྱ་གཉིས་ལྷག་ཟིན། དེའི་ནང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་རྩའི་རིན་ཐང་དེ་སྒོར་དུང་ཕྱུར་འབུམ་གཅིག་དང་ཁྲི་གཉིས་ལྷག་ཡིན་པས། བརྒྱ་ཆའི་རེ་བརྒྱད་ལྷག་ཟིན་པ་ཁྱབ་བསྒྲགས་བྱས།
ཐེངས་འདིའི་ཞིབ་འཇུག་གིས་ཐོག་མར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེབས་པ་མངོན་འགྱུར་བྱས་ཏེ། ནགས་ཚལ་དང་རྩྭ་ས། བརླན་ས། ཐང་རྒོད། ཞིང་ས་སོགས་སྐྱེ་ཁམས་མ་ལག་གཙོ་བོར་ཁྱོན་ཡོངས་ནས་ཞིབ་འཇུག་དང་དཔྱད་འཇོག་བྱས། ཐེངས་འདིའི་ཞིབ་འཇུག་གྲུབ་འབྲས་ལས། མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱས་པའི་གནད་སའི་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ་བཟོ་སྐྲུན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་ཞབས་ཞུའི་ཐད་བྱས་རྗེས་འཇོག་ཚད་དེ་བརྒྱ་ཆའི་དྲུག་དང་གྲངས་ཆུང་བརྒྱད་ཡིན་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་དང་དེར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས་ཚེ། རྗེས་ཕྱོགས་ཀྱི་སྐྱེ་ཁམས་ཕན་འབྲས་སྔར་ལས་མངོན་གསལ་ཡིན་པ་མཚོན་ཡོད།
ད་སྐབས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་སྤྱིའི་གྲུབ་ཚུལ་ལེགས་བཅོས་བྱུང་བ་དང་། རྩྭ་ས་ཉམས་ཞན་དུ་གྱུར་བ་རིམ་བཞིན་སླར་གསོ་བྱུང་ནས་རྩྭ་ཕྱུགས་བར་གྱི་འགལ་བ་ལྷོད་འཇགས་སུ་སོང་ཞིང་། བརླན་སའི་སྐྱེ་ཁམས་བྱེད་ནུས་རིམ་བཞིན་ཇེ་བཟང་དུ་གྱུར་ཏེ། མཚེའུ་གཞི་ཁྱོན་མངོན་གསལ་དུ་ཇེ་ཆེ་དང་། འབབ་རྒྱུད་ཀྱི་ཆུ་མཁོ་འདོན་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་ནས། རྩྭ་ས་ཉམས་ཞན་དུ་གྱུར་ཚད་ཚབས་ཆེ་བའི་ས་ཁུལ་གྱི་སྤང་ཤུན་གྱི་ཁེབས་ཚད་མངོན་གསལ་དུ་ཇེ་མཐོར་སོང་བ་དང་། གནད་སའི་བཅོས་སྐྱོང་ཁུལ་གྱི་སྐྱེ་ཁམས་གནས་བབ་ཇེ་བཟང་དུ་གྱུར།
2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། ལོ་གཅིག་གི་དུས་ཡུན་ཐུང་ངུའི་ནང་། གྲུབ་འབྲས་རིམ་བཞིན་མངོན། ལོ་ལྔའི་ནང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་དུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས་ཏེ། རྨང་གཞི་བརྟན་པོ་བཏིང་།
ལེགས་བསྡུས་མཉམ་བསྲེས་དང་གཅིག་གྱུར་ཚད་ལྡན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་མི་བྱེད་པ་དང་། སྲིད་འཛིན་ལས་དོན་སྒྲིག་གཞི་གསར་དུ་ཁ་སྣོན་མི་བྱེད་པ། དོ་དམ་སྒྲིག་གཞི་འཛུགས་པ་དང་དོ་དམ་འགན་འཁྲི་གཙོ་བོ་སྤྱོད་པ་བཅས་ཀྱི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་སྒྲིག་གཞི་སུམ་བརྒྱ་དང་ང་བཞི་གཏན་འཁེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་མགོ་ཁུངས་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་གསུམ་བཙུགས། སྲིད་འཛིན་དོ་དམ་གྱི་སྒྲིག་སྲོལ་གསར་བ་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཀྱི་སྤྱོད་ཡུལ་རྩིས་སྤྲོད་དོ་དམ་གྱི་གཅིག་གྱུར་ལག་ལེན་གཉིས་མངོན་འགྱུར་བྱས་ནས། མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་རིམ་བཞིན་བསྒྱུར།
སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་ཐར་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་ནང་རྐྱེན་གསར་སྐྲུན་དང་། དང་ཐོག་གི་ནགས་ཁོངས་དང་བརླན་ས་ཉིས་སྟོང་ལྔ་བརྒྱ་ང་བཞི་ཡི་སྐྱེ་ཁམས་ལྟ་སྲུང་ལས་རྐང་སྣ་གཅིག་གི་རྨང་གཞིའི་སྟེང་། གླིང་ཁུལ་གྱི་ཕྱོགས་བསྡུས་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཀོད་སྒྲིག་གི་ལག་བསྟར་ཇུས་གཞི་གཏན་འཁེལ་དང་། གནད་ཕིགས་དབུལ་སྐྱོར་གྱི་རྩ་དོན་ལྟར། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ལ་སྐྱེ་ཁམས་ལྟ་སྲུང་གི་ལས་རྐང་སྟོང་བདུན་ཉིས་བརྒྱ་དོན་ལྔ་བཙུགས་ཤིང་། ཟླ་ལྟར་གླ་ཕོགས་སྟེར་བ་དང་། ལོ་མཇུག་ཏུ་སྤྱི་སྡོམ་བྱས་ཏེ། འགྱུར་ལྡོག་ལྟར་དོ་དམ་བྱེད་པ་ལག་བསྟར་བྱས་པའི་དུས་མཚུངས་སུ། རྩྭ་སའི་འགན་གཙང་ལེན་བདག་གཉེར་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་བརྟན་འཇགས་སུ་བཏང་བ་དང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་ཐོན་ལས་གསུམ་པ་གོང་དུ་སྤེལ་བ་བརྒྱུད་དེ། རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་རང་རྟོག་སྐུལ་སྤེལ་གང་ལེགས་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བར་རོགས་སྐྱོར་དང་ཁྲིད་སྟོན་བྱེད་པར་སྐུལ་མ་བཏང་ཏེ། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས།
ལོ་ཙཱ་བ།སྒྲོལམ་སྐྱིད།