གོམ་པ་བརྟན་པོས་འབྱོར་འབྲིང་ལམ་དུ་བསྐྱོད་བཞིན་པའི་རྨ་ལྷོ།
2017.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

 འདས་པའི་ལོ་ལྔའི་ནང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་འབེན་ཡོངས་འགྲུབ་ལེགས་པོ་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བདེ་བླག་ངང་ལག་བསྟར་བྱས་ཤིང་། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་ཀྱི་གྲུབ་འབྲས་ཀྱིས་དམངས་སེམས་གཅིག་ཏུ་སྒྲིལ་བ་དང་། ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། འབྱོར་འབྲིང་ལམ་དུ་གོམ་པ་བརྟན་པོའི་ངང་བསྐྱོད།

ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་གྱི་ཕྱོགས་བསྡུས་དངོས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་དང་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ། གཏོང་སྒོ། བརྟན་འཇགས་རྒྱུ་ནོར་མ་དངུལ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྤྱིའི་དངུལ་གྲངས། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སོགས་ཆེས་ཆེར་ཇེ་མཐོར་སོང་ཞིང་། ལོ་རེའི་ཆ་སྙོམས་འཕར་ཚད་སོ་སོར་བརྒྱ་ཆའི་བཅུ་གཉིས་ལྷག་དང་བརྒྱ་ཆའི་ཉེར་གསུམ་ལྷག བརྒྱ་ཆའི་ཉེར་གཉིས་ལྷག བརྒྱ་ཆའི་ཉེར་བདུན་ལྷག བརྒྱ་ཆའི་བཅུ་བཞི་ལྷག བརྒྱ་ཆའི་བཅུ་ལྷག་བཅས་ཟིན།

ཁུལ་ཡོངས་ཀྱི་གཞུང་ལམ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས་ཚད་སྤྱི་ལེ་སྟོང་བཞི་ལྔ་བརྒྱ་བརྒྱད་ཅུར་བསླེབས་པ་དང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་རྨ་ལྷོ་བརྒྱུད་པའི་ལམ་ཐིག་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ། ཞིང་སྡེའི་དྲ་རྒྱའི་རིམ་སྤར་ལེགས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གློག་དྲ་ཆེན་པོ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། འཇའ་མོ་ཆུ་མཛོད་དང་སྔོ་རྒྱ་འགག་ལྷོ་ཕྱོགས་ཀྱི་མ་ཡུར། རྨ་ཆུ་འགྲམ་རྒྱུད་ཀྱི་གྲོང་རྡལ་གསུམ་གྱི་མི་ཕྱུགས་གཉིས་ཀའི་འཐུང་ཆུའི་བཟོ་སྐྲུན་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ཞིང་། ཆུ་འདྲེན་གཞི་ཁྱོན་སྤྱི་ཆིང་སྟོང་གཉིས་དགུ་བརྒྱ་གོ་གསུམ་ལྷག་ལེགས་བཅོས་བྱས་པ་དང་། རྩྭ་སའི་ཆུ་གྲོན་ཆུང་གི་ཆུ་འདྲེན་གཞི་ཁྱོན་སྤྱི་ཆིང་སྟོང་བཞི་ཆིག་བརྒྱ་ཉི་ཤུ་གསར་དུ་འཕར་སྣོན་བྱས། སྐུད་ཡོད་དྲ་རྒྱ་ཞིང་སྡེར་ཁྱོན་ཡོངས་ནས་སྤེལ་བ་དང་། སྲིད་དོན་དང་སྤྱི་ཚོགས་ཅན་གྱི་འཕྲིན་གསར་ཞབས་ཞུའི་དྲ་རྒྱ་ཕལ་ཆེར་བཙུགས། མཉམ་འབྲེལ་དྲ་རྒྱའི་ལས་སྒོའི་བདག་གཉེར་ལ་འཕེལ་རྒྱས་མགྱོགས་པོ་བྱུང་། རྫོང་བཞིའི་རྫོང་མཁར་གྱི་སྤྱིའི་འཆར་འགོད་དང་། ཞིང་སྡེ་གསར་བ་ཉིས་བརྒྱ་ང་དྲུག་འཛུགས་སྐྲུན་གྱི་འཆར་འགོད་བཟོ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཏེ། མཁར་གྲོང་གི་སྲང་ལམ་དང་། ཆུ་མཁོ་འདོན་དང་ཕྱིར་གཏོང་། གད་སྙིགས་ཐག་གཅོད། གཅིག་བསྡུས་ཀྱིས་དྲོད་རླངས་མཁོ་འདོན། ལྗང་བསྒྱུར་བཅས་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས་པར་མ་ཟད། མཁར་རྙིང་བཅུ་གཅིག་བསྒྱུར་བཀོད་བྱས་པ་དང་། མདོ་བ་དང་ཧོར། ཉིན་མཐའ་བཅས་ཞང་དེ་དག་གྲོང་རྡལ་དུ་འཛུགས་སྐྲུན་བྱས་ནས། མཁར་གྲོང་ཅན་གྱི་ཆུ་ཚད་བརྒྱ་ཆའི་སོ་གཅིག་ཏུ་བསླེབས།

ལོ་ལྔའི་རིང་ལ། རིམ་བསགས་ཀྱིས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཉིས་བརྒྱ་རེ་དགུ་ཡོངས་འགྲུབ་བྱས་ཏེ། ལས་གཞི་སྣ་ཚོགས་སྟོང་གཉིས་དྲུག་བརྒྱ་གོ་དྲུག་ལག་བསྟར་བྱས། མང་ཚོགས་ཀྱི་འཚོ་བར་འབྲེལ་བ་དམ་པོ་ཡོད་པའི་ཆུ་བེད་དང་འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་། གྲོང་ཁྱེར་དོ་དམ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སྐོར་ཞིག་ལག་བསྟར་བྱས་ཏེ། མཁར་གྲོང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་དང་། བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་གི་མི་ཁྲི་དགུ་ཉིས་བརྒྱ་ནས་མི་ཁྲི་གསུམ་སྟོང་བཞི་ལྔ་བརྒྱར་ཇེ་ཉུང་དུ་སོང་བ་དང་། རིམ་བསགས་ཀྱིས་དབུལ་ཕོངས་མི་གྲངས་ཁྲི་ལྔ་སྟོང་ལྔ་བདུན་བརྒྱ་ཇེ་ཉུང་དུ་སོང་། དབུལ་ཕོངས་ཀྱི་ཚད་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་སྐབས་ཀྱི་བརྒྱ་ཆའི་ཞེ་ལྔ་ལྷག་ནས་བརྒྱ་ཆའི་བཅུ་དྲུག་ལྷག་ཏུ་མར་བབས། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་དེ་སྒོར་སྟོང་གསུམ་ལྷག་ནས་སྒོར་སྟོང་དྲུག་ལྷག་ཏུ་འཕར།

2016ལོར། ཧི་ནན་རྫོང་གི་སྡེ་བ་བཅུ་དྲུག་གི་མི་སྟོང་ལྔ་བཞི་བརྒྱ་དབུལ་ཕོངས་ལས་ཐར་ཏེ། 2016ལོའི་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་དང་པོ་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་དབུལ་ཕོངས་ལས་ཐར་བའི་རྫོང་དང་པོར་གྱུར།

གཞི་ཁྱོན་ལ་སྤྱི་ཆིང་རེ་དྲུག་ལྷག་ཡོད་པའི་རྩེ་ཁོག་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ར་བར་བསྐྱོད་པ་ན། གྲལ་བསྒྲིགས་པའི་ཁང་ཤར་རེ་རེ་དང་། ཆུ་གློག་ལམ་གསུམ་གྱི་རྨང་གཞི་སྒྲིག་ཆས་ཆ་ཚང་བ། ར་བའི་ནང་ཞིང་ཆེན་རིམ་པའི་གནད་ཕིགས་དབུལ་སྐྱོར་ཐོན་ལས་གླིང་སོགས་ཀྱི་འཛུགས་སྐྲུན་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད་པ་མཐོང་།
ཐོན་ལས་ར་བས་ཕྱུགས་ཟོག་བཤའ་བ་དང་ཤ་རིགས་ལས་སྣོན་བྱེད་ས་དང་། འོ་མའི་ཐོན་རྫས་ལས་སྣོན་བྱེད་ས། སྨན་རྩྭ་རགས་ལས་བྱེད་ས། སྐམ་ལུག་གི་ཤ་ལས་སྣོན་ཞིབ་མོ་བྱེད་ས། ཤ་མོ་དང་གྲོ་མ། ཤ་སྐམ་སོགས་ཁྱད་ལྡན་ཐོན་རྫས་ལས་སྣོན་བྱེད་ས། ཆུའི་ཐོན་ཁུངས་ལས་སྣོན་བྱེད་ས། སྐྱེ་ལྡན་སྐྱེ་དངོས་ཐོན་རྫས་དང་ཚན་རྩལ་གསར་སྤེལ། གློག་རྡུལ་ཚོང་དོན་རྟེན་གཞི་དང་ཕྱོགས་བསྡུས་ཞབས་ཞུ་སོགས་ལས་གཞི་སྐོར་ཞིག་གནད་སར་བཞག་ནས་འཛུགས་སྐྲུན་བྱས། ར་བའི་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ལིས་ཆིས་ཕེན་གྱིས་དགོད་བཞིན་དུ་ང་ཚོའི་ར་བར་ལས་གཞི་ཚང་མ་འཛོམས་ཡོད་ཅེས་བཤད་བྱུང་།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གཙོ་བོ་ཡིན་པར་མ་ཟད། སྐྱེ་ལྡན་ཕྱུགས་ལས་དཔེ་སྟོན་ཁུལ་གཙོ་བོ་ཡིན་པའི་ཆ་ནས། རྩེ་ཁོག་རྫོང་གིས་ཁྱད་སྟོབས་ཆེན་པོ་འདི་གཉིས་ལ་བརྟེན་ནས། སྐྱེ་ལྡན་ཕྱུགས་ལས་གོང་དུ་སྤེལ་བ་དེ་རྫོང་ཡོངས་ཀྱི་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་ཐོན་ལས་ཤིག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་གསར་སྤེལ་དང་དབུལ་སྐྱོར་ལས་བསྐྲུན། ཚན་རྩལ་ཐོན་ལས། རིག་གནས་ཡུལ་སྐོར་ཐོན་ལས་སོགས་རྨང་གཞིར་བརྩིས་ཏེ། ཐོན་ལས་ཀྱི་འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་བ་དང་ཚན་རྩལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། སྐྱེ་ལྡན་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་སྟེ། ཐོན་རྫས་ཀྱི་སྤུས་ཀ་ལེགས་ཤིང་རིན་གོང་བཟང་བ་མངོན་འགྱུར་བྱས།

རྩེ་ཁོག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཧེ་པོ་ཡིས་གསར་འགོད་པར་བཤད་རྒྱུར། མིག་སྔར། ཐོན་ལས་ར་བས་ཁེ་ལས་གསུམ་ནང་འདྲེན་བྱས་ཡོད་ལ། འཆར་འགོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ཡིན་པ་དང་། ཞིང་ཆེན་རིམ་པའི་གནད་ཕིགས་དབུལ་སྐྱོར་ཐོན་ལས་ར་བ་དང་ཐེན་ཅིན་ཅིན་པེན་ལས་སྐྲུན་ར་བས་སྐྱེ་ལྡན་ཐོན་ལས་ལས་གཞིར་དམིགས་ཏེ། དབུལ་ཕོངས་ཁྱིམ་ཚང་དང་འབྲེལ་མཐུད་བྱས་ནས་གནད་ཕིགས་དབུལ་སྐྱོར་མངོན་འགྱུར་བྱེད་རྒྱུ་རེད་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐུན་རིན་རྫོང་གིས་ཚོང་འགུག་དངུལ་འདྲེན་བརྒྱུད་དེ། ཐོ་རྒྱ་གྲོང་རྡལ་གྱི་འོད་ནུས་དྲོད་ཁང་གི་ལས་གཞི་ཆེན་པོ་གཉིས་ནང་འདྲེན་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་བཏང་སྟེ། ས་རྒོད་སྤྱི་ཆིང་གྱ་བདུན་ལྷག་འཁོར་རྒྱུག་བྱས་ཏེ། འོད་ནུས་གློག་འདོན་དང་འོད་ནུས་དྲོད་ཁང་སོགས་གཞི་གཅིག་ཡིན་པའི་འོད་ནུས་ཞིང་ལས་ཚན་རྩལ་དཔེ་སྟོན་ར་བ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ར་བ་འཛུགས་སྐྲུན་བྱས་རྗེས་ལོ་རེར་ས་ཞིང་གི་ཡོང་འབབ་སྒོར་འབུམ་དྲུག་ཁྲི་དྲུག་ལྷག་མངོན་འགྱུར་བྱེད་ཐུབ་པ་དང་། དབུལ་ཕོངས་སྡེ་བས་མ་རྐང་དུ་ཞུགས་པའི་བྱེད་སྟངས་བརྒྱུད་དེ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་ལས་མི་དམའ་བའི་ཡོང་སྒོ་བསྐྲུན་ཆོག

ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས་ཚོང་ར་ཡིས་ཁེ་ལས་གཙོ་བོར་སྣེ་ཁྲིད་དང་། ཁེ་ལས་གཙོ་བོས་རྟེན་གཞིར་སྣེ་ཁྲིད། རྟེན་གཞིས་དབུལ་ཕོངས་རོང་འབྲོག་ཁྱིམ་ཚང་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་དང་། ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་པའི་བྱེད་ཐབས་གཙོ་བོར་དམིགས་ཏེ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་དྲོད་ཁང་དུ་སྔོ་ཚོད་འདེབས་པ། གཟན་རྩྭ་འདེབས་པ། དབུལ་སྐྱོར་ཐོན་ལས་ར་བ། རེབ་གོང་སྒྱུ་རྩལ་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞི་སྐོར་ཞིག་ལག་བསྟར་བྱས།
རྫོང་སོ་སོའི་སྐྱེ་ལྡན་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ། ཧི་ནན་དང་རྩེ་ཁོག་རྫོང་གཉིས་ཀྱི་རྩྭ་ས་དང་ཕྱུགས་ཟོག་ལ་སྐྱེ་ལྡན་ཁས་ལེན་དཔང་ཡིག་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། གཅན་ཚ་རྫོང་ཞིང་ཆེན་ཡོངས་ཀྱི་ཉ་རིགས་གསོ་སྤེལ་རྟེན་གཞི་ཆེན་པོ་གཉིས་པར་གྱུར། ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་། རོང་འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལྔ་བརྒྱ་དང་རེ་ལྔར་བསླེབས། ཁུལ་ཡོངས་ཀྱི་རིག་གནས་བདག་གཉེར་གྲུབ་ཆ་གཙོ་བོ་སྟོང་ལྔ་ལྷག་ཏུ་བསླེབས་པ་དང་། ལས་ཞུགས་མི་སྣ་ཁྲི་གཉིས་སྟོང་དགུར་བསླེབས། རིག་གནས་ཐོན་རིན་རིམ་བསགས་ཀྱིས་སྒོར་དུང་ཕྱུར་བཅོ་བརྒྱད་དང་བྱེ་བ་གཉིས་དང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར་སོ་དྲུག་དང་བྱེ་བ་གསུམ་ལ་བསླེབས། བཟོ་ལས་དང་ཚོང་ལས་ཉོ་ཚོང་གི་འཁོར་རྒྱུགས་ལས་རིགས་ལའང་འཕེལ་རྒྱས་མགྱོགས་པོ་བྱུང་དང་འབྱུང་བཞིན་ཡོད།

འཕེལ་རྒྱས་ཀྱི་མྱུར་ཚད་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མིག་མཐོང་ལག་ཟིན་དུ་གྱུར། ཁྱད་ལྡན་ཐོན་ལས་ཀྱིས་ཁྱིམ་ཚང་ཁྲི་གཅིག་སྟོང་བརྒྱད་དང་དབུལ་ཕོངས་མང་ཚོགས་ཁྲི་བརྒྱད་ཀྱི་ཡོང་སྒོ་འཕར་སྣོན་དང་དབུལ་ཕོངས་ལས་ཐར་བར་རོགས་སྐྱོར་བྱས་པར་མ་ཟད། རོགས་སྐྱོར་སྐུལ་ཁྲིད་ཀྱི་ནུས་པ་དེ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད།

གཅན་ཚ་རྫོང་སྣང་ར་ཞང་རྟ་ར་ཁའི་གནས་སྤོར་བཀོད་སྒྲིག་བྱེད་སར་བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་བ་རེ་རེ་ཕྲེང་ལྟར་བསྒྲིགས་ཡོད། སྡོད་ཁང་གི་གནས་གཞིའི་ཁ་གཏད་དུ། དྭངས་ཤིང་གསལ་བའི་རྨ་ཆུ་སྔོན་མོ་དལ་གྱིས་ཤར་ཕྱོགས་སུ་བཞུར་གྱིན་ཡོད་ལ། འཛུགས་སྐྲུན་བྱས་མ་ཐག་པའི་སྡེ་བ་ཆུང་ཆུང་དེ་མཛེས་སྡུག་ལྡན་པའི་རྨ་ཆུའི་འགྲམ་ངོགས་སུ་ཀྲོང་ངེར་འགྱིང་ཡོད་པས་དངོས་གནས་རང་བྱུང་བཀོད་པའི་རི་མོ་ཤིག་ངང་གིས་གྲུབ་པ་དང་མཚུངས།

སྔོན་ཆད་ང་ཚོ་མཚོ་ངོས་ལས་མཐོ་ཚད་མུས་སུམ་སྟོང་ཡན་གྱི་རི་མགོར་བསྡད་ཡོད། རི་མགོར་རྩྭ་ཉག་གཅིག་ཀྱང་མི་སྐྱེ་བས་སྐྱ་ཕུད་སེ་ཡོད། གཞན་ད་རུང་རྫོང་མཁར་དུ་ཐེངས་གཅིག་འགྲོ་དགོས་ཚེ། དུས་ཚོད་གསུམ་བཞི་ཙམ་དགོས་ལ། བྱིས་པ་སློབ་གྲྭར་འགྲོ་བར་ཡང་སྟབས་མི་བདེ་བ་རེད། ད་ལྟ་འདི་ལྟ་བུའི་སྡོད་ཁང་བཟང་བོའི་ནང་འདུག་ཐུབ་པ་བྱུང་བས། རྫོང་མཁར་དུ་སོང་ན་དུས་ཚོད་སྐར་མ་འགའ་ལས་མི་དགོས་ལ། བྱིས་པ་སློབ་གྲྭར་འགྲོ་བ་དང་། ང་རང་ཞོར་ལས་ལ་འགྲོ་ནའང་སྟབས་ཧ་ཅང་བདེ་བས། རྗེས་ཕྱོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་ཤེས་ཐུབ་ཅེས་རང་ཁྱིམ་གྱི་ལྷས་རར་གཙང་དག་བྱེད་བཞིན་པའི་སྡེ་མི་བཙུན་པ་རྒྱལ་གྱིས་དགའ་སྤྲོས་ངང་དེ་ལྟར་བཤད་བྱུང་།
གནས་སྤོར་དབུལ་སྐྱོར་ནི་དབུལ་ཕོངས་སྡེ་བ་དབུལ་ཕོངས་ལས་ཐར་བར་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན། གནས་སྤོར་དང་དབུལ་ཐར་གཉིས་དུས་མཉམ་དུ་འཛིན་པ་དང་བདེ་སྡོད་དང་ལས་སྐྲུན་གཉིས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ན། ད་གཟོད་དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་ཐར་ཏེ་རིམ་བཞིན་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱེད་ཐུབ།

སྡེ་བའི་ཧྲུའུ་ཅི་དང་པོ་ཐེན་ཁི་ཧྲོང་གིས་གསར་འགོད་པར་བཤད་རྒྱུར། གཏེར་ལུང་སྡེ་བ་ནི་ཧི་ནན་རྫོང་གི་མཉམ་འབྲེལ་དྲ་རྒྱ་ཡོད་པའི་རྣམ་པ་གསར་བའི་སྡེ་བ་ཞིག་ཡིན་ཞིང་། ད་སྐབས་སྡེ་བ་དེའི་ཁྱིམ་ཚང་རེ་རེར་སྐུད་ཡོད་དྲ་དང་བརྙན་འཕྲིན། ལག་འཁྱེར་ཁ་པར་སོགས་དེང་རབས་ཀྱི་ཡོ་བྱད་ཚང་མ་འཛོམས་ཡོད་ལ། སྡེ་མི་ཚོས་ཀྱང་སྐད་འཕྲིན་ཚོགས་པ་བརྒྱུད་ནས་ཕྱི་རོལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ་ཟེར། དེ་ནི་འཕྲིན་གསར་དབུལ་སྐྱོར་གྱིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་དཔེ་མཚོན་ཞིག་རེད།
དུས་ཡུན་རིང་བོར་རྩྭ་ཐང་དུ་འཚོ་བ་རོལ་གྱིན་པའི་དབུལ་ཕོངས་འབྲོག་པ་མང་ཚོགས་ལ་མཚོན་ན། བསམ་བློའི་འདུ་ཤེས་བསྒྱུར་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་རེད་ཅེས་ཧི་ནན་རྫོང་གི་རྫོང་དཔོན་ཨ་ཁྱུང་གིས་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་འདི་དགར། རྨ་ལྷོ་ཁུལ་གྱིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་གསོ་སྦྱོང་བྱེད་པ་དེ་དབུལ་ཕོངས་མང་ཚོགས་ཀྱི་ནུས་རྩལ་མཐོར་འདེགས་དང་ངལ་རྩོལ་ཡོང་སྒོ་འཕར་སྣོན། མང་ཚོགས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། རོང་འབྲོག་ཁུལ་གྱི་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་བསྣན།
རིམ་བསགས་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ས་ཡ་བརྒྱད་འབུམ་གསུམ་ཁྲི་བདུན་བཏང་ཏེ། རོང་འབྲོག་མང་ཚོགས་སྟོང་བརྒྱད་དང་བདུན་བརྒྱ་ཉེར་གཉིས་ལ་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་བྱས་པ་དང་། སྦྲང་ཆར་འཆར་གཞིའི་ངལ་རྩོལ་ནུས་ཤུགས་མི་སྟོང་གཉིས་དང་གོ་གཅིག་ལ་སྤོ་བསྒྱུར་གསོ་སྦྱོང་བྱས། དབུལ་ཕོངས་ཁྱིམ་ཚང་གི་དམའ་འབྲིང་དང་མཐོ་འབྲིང་གི་ངལ་རྩོལ་ནུས་ཤུགས་སྟོང་གཉིས་ལྷག་ལ་དུས་ཡུན་རིང་བའི་ལས་རིགས་སློབ་གསོ་དང་དུས་ཡུན་ཐུང་ངུའི་ནུས་རྩལ་གསོ་སྦྱོང་བྱས། གསོ་སྦྱོང་བྱས་པ་བརྒྱུད། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་ལས་ཞུགས་ཀྱི་བསམ་བློར་མངོན་གསལ་དུ་འགྱུར་ལྡོག་བྱུང་བ་དང་། ཚན་རྩལ་བྱང་ཚད་དང་ངལ་རྩོལ་ནུས་རྩལ་མངོན་གསལ་དུ་ཇེ་མཐོར་སོང་སྟེ། མི་གཅིག་གསོ་སྦྱོང་དང་མི་གཅིག་ལས་ཞུགས། ཁྱིམ་ཚང་གཅིག་དབུལ་ཐར་ཡོང་བའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།