མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་རང་བཞིན་ལ་ཤུགས་བསྣན་པ།
2017.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

 འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་ལ། རྨ་ཆེན་རྫོང་གིས་གོ་སྐབས་དམ་འཛིན་བྱས་ཏེ། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་ཡོང་བའི་ཞན་ཆ་དང་མི་འདང་ས་ཐག་གཅོད་བྱེད་པའི་གོ་སྐབས་བཟང་བོའང་རེད། རྨ་ཆེན་རྫོང་ནི་མི་གྲངས་ཁྲི6ལས་མེད་པའི་ཕྱུགས་ལས་རྐྱང་བ་གཉེར་བའི་རྫོང་ཞིག་ཡིན། 2013ལོ་ནས་བཟུང་། རྫོང་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགན་འཁྲི་དོན་འཁྱོལ་དང་མ་དངུལ་འཇོག་པ། དགེ་རྒན་བཀོད་སྒྲིག་སོགས་ཀྱི་ཐད་ལ་ཤུགས་བསྣན་པ་དང་། ཞིང་ཆེན་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ཀྱི་དཔྱད་འཇོག་ཞིབ་བཤེར་ལ་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱས།

འོས་འགན་སློབ་གསོ་ཐོན་ཁུངས་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་གནད་འགག་ནི་སྲིད་གཞུང་ཡིན་ལ། ཚད་བཀག་ཡོད་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དོ་མཉམ་བྱེད་པའི་འགག་རྩ་ནི་སྲིད་གཞུང་ཡིན་པ་མངོན་འགྱུར་དང་། རྫོང་རིམ་པའི་སྲིད་གཞུང་ལ་རྫོང་ཁོངས་སུ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཡོད་ཚད་ཀྱི་ལས་དོན་ལེགས་པོར་བསྒྲུབ་པའི་འགན་འཁྲི་དང་འོས་འགན་ཡོད། རྒྱལ་ཁབ་ཀྱིས་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་བྱེད་ཐབས་བཏོན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འདྲ་མཉམ་གྱི་སློབ་གསོ་དང་སྤུས་ལེགས་སློབ་གསོའི་ཐད་བཅངས་བའི་རེ་འདུན་གྱི་ཆེད། རྫོང་ཡོངས་ཀྱི་སློབ་གསོའི་སྤྱི་ཡོངས་ཀྱི་ཆུ་ཚད་དང་དམིགས་ཚད་གཙོ་བོ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པར་བྱས་ཏེ། རིམ་བཞིན་སྤྱི་པའི་སློབ་གསོའི་ཞབས་ཞུ་ཆ་སྙོམས་ཅན་གྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ནི། རྫོང་ཏང་ཨུའི་སྲིད་གཞུང་གི་ལས་འགན་གལ་ཆེན་ཡིན་པ་རེད།

གཅིག འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་ལྟ་བ་བཙུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱ་དགོས།

རྫོང་གཙོ་བོར་འཛིན་པའི་འོས་འགན་གྱི་སློབ་གསོའི་དོ་དམ་སྒྲིག་སྲོལ་བརྒྱུད་དེ། རྫོང་རིམ་པའི་སྲིད་གཞུང་གི་སྤྱི་ཁོག་སྙོམས་སྒྲིག་དང་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་བགོ་བཤའ་དང་གྲོང་ཁྱེར་གྱི་སློབ་གསོ་དང་གྲོང་གསེབ་བར་ཕྱོགས་ལྷུང་ཡོད་པའི་སྣང་ཚུལ་ལེགས་བསྒྱུར། ཚད་ཡོད་སློབ་གསོའི་ཐོན་ཁུངས་ཚད་བརྒལ་གྱིས་རྫོང་ཁོངས་གཏོགས་སློབ་གྲྭ་རུ་གཏོང་བའི་གནས་ཚུལ་ངོ་མར་བསྒྱུར་བཀོད། རྫོང་གྲོང་བརྡལ་གྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་སློབ་གྲྭ དཔེ་སྟོན་སློབ་གྲྭ སློབ་གྲྭ་དཀྱུས་མ་བཅས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡོང་བར་བྱེད་པ་དང་། འདྲ་མཉམ་དྲང་གཞག་གིས་འོས་འགན་སློབ་གསོའི་ཐོན་ཁུངས་སྒྲིག་བཀོད་བྱེད་པ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་རེ་རེའི་གཞི་རྩའི་སློབ་གཉེར་བྱེད་པའི་དགོས་མཁོ་བསྐང་བར་འགན་ལེན་བྱེད་པ། དེར་བརྟེན། རྨ་ཆེན་རྫོང་སྲིད་གཞུང་གིས་བསམ་བློའི་མཛུབ་སྟོན་ཐད་ཕྱོགས་ཡོངས་ནས་འཆར་འགོད་བཟང་བོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཇུས་གཞི་བཟོ་བ་དང་། ས་ཁོངས་མི་འདྲ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་བཅས་བར་གྱི་སློབ་གཉེར་ཆ་རྐྱེན་མི་བཟང་བ་དང་། མཐོ་དམན་མི་མཉམ་པའི་བར་ཁྱད་ཅུང་ཆེ་བའི་དོན་དངོས་ལ་གཞིགས་ཏེ། གཅིག་གྱུར་སྐུལ་འདེད་དང་། བྱ་བའི་གནད་ཆེ་ས་ནས་བཟུང་སྟེ། གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཉམ་དུ་དམ་འཛིན་བྱེད་པ་དང་། བྱེ་བྲག་གི་ཐབས་ཇུས་སྟེང་ཡུལ་བབ་དང་བསྟུན་པ་དང་། ས་ཁོངས་མི་འདྲ་བ་དང་སློབ་གྲྭའི་གནས་ཚུལ་དངོས་སོགས་ལ་དམིགས་ནས་རིགས་དབྱེའི་ཁྲིད་སྟོན་བྱས། དུས་མཚུངས་སུ་སློབ་གྲྭ་སོ་སོའི་རང་ངོས་ཀྱི་ཁྱད་ཆོས་དང་སློབ་ཁྲིད་བྱེད་སྟངས་ཀྱི་གསར་གཏོད་རྣམ་པ་སྐུལ་སྤེལ་བྱས། སློབ་དཔྱོད་གྲུབ་ཆ་གཞི་གཅིག་ཅན་དང་སློབ་ཁྲིད་དོ་དམ་གཟབ་ནན་ཅན། སློབ་གཉེར་ཁྱད་ཆོས་ཅན་སོགས་ཀྱི་སློབ་ཁྲིད་བྱེད་སྒོ་སྤེལ་ཏེ། འོས་འགན་སློབ་གསོའི་ཐོན་ཁུངས་ལ་ཁྱད་ཆོས་ལྡན་པའི་སྣ་མང་ཅན་གྱི་འཕེལ་རྒྱས་རྣམ་པ་བྱུང་།

གཉིས། སྲིད་གཞུང་གི་འགན་འཁྲི་གསལ་བོ་བྱས་ཏེ། འོས་འགན་སློབ་གསོའི་ནོར་སྲིད་གཏོང་སྟངས་འདྲ་མཉམ་ཡོང་བར་བྱེད་པ།

འོས་འགན་སློབ་གསོའི་ནོར་སྲིད་གཏོང་སྟངས་འདྲ་མཉམ་ཡོང་བ་སོགས་ལ་དམིགས་ཏེ། སློབ་གྲྭ་སྣ་ཚོགས་དང་གྲོང་གསེབ་དང་གྲོང་ཁྱེར་བར་གྱི་འགྲོ་གྲོན་ལ་བར་ཁྱད་མེད་པར་བྱེད་པ་དང་། སློབ་མ་ཡོངས་ཀྱིས་འདྲ་མཉམ་ངང་འོས་འགན་སློབ་གསོ་ལོངས་སྤྱོད་བྱེད་ཐུབ་པར་འགན་ལེན་བྱེད་པ། ཆ་རྐྱེན་ཞན་པའི་སློབ་གྲྭ་དང་དཀའ་ཁག་ཆེ་བའི་མི་ཚོགས། དབུལ་ཕོངས་སློབ་མ་བཅས་ལ་དམིགས་བསལ་ཀྱིས་ནོར་སྲིད་ཀྱི་ཁ་གསབ་དང་ལྟ་སྐྱོང་བྱ་རྒྱུ་རེད། དེར་བརྟེན། རྫོང་རིམ་པའི་སྲིད་གཞུང་གི་ནོར་སྲིད་གཏོང་སྟངས་ཀྱི་འགན་འཁྲི་གསལ་བོ་བཟོས་རྗེས། རྨ་ཆེན་རྫོང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སློབ་གཉེར་ཚད་གཞིའི་གཏན་འབེབས་ལྟར་དུ། སློབ་གྲྭའི་མལ་ཁང་འཛུགས་སྐྲུན་དང་ཉམས་གསོ། སློབ་ཁྲིད་སྒྲིག་ཆས་དང་དཔྱད་ཆས་ཉོ་སྒྲུབ་སོགས་རྨང་གཞིའི་འཛུགས་སྐྲུན་གྱི་འགྲོ་གྲོན་གྱི་རྒྱབ་སྐྱོར་ལ་ཤུགས་བསྣན། དུས་མཚུངས་སུ། རྫོང་རིམ་པའི་སློབ་གསོའི་མཇུག་རྩིས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། སློབ་གསོའི་སྤོ་བསྒྱུར་གཏོང་སྤྲོད་མ་དངུལ་གྱི་ལྟ་སྐུལ་ནུས་པར་ཤུགས་བསྣན། ཞང་དང་གྲོང་བརྡལ་སྲིད་གཞུང་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་སློབ་གྲྭ་གསར་སྐྲུན་དང་རྒྱས་སྐྲུན། ལེགས་བསྒྱུར་བྱེད་པ་སོགས་ཀྱི་ཐད་ལ་མཁོ་བའི་ས་ཆར་འགན་འཁུར་བ། སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཞིང་སྡེའི་སློབ་ཆུང་གི་འགྲོ་གྲོན་ཡོད་ཚད་རྫོང་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་ཕྱོགས་བསྡོམས་བྱས་རྗེས། གཅིག་གྱུར་གྱིས་ནོར་སྲིད་སྤྱིའི་སྔོན་རྩིས་སྒྲིག་ཁུངས་སུ་འཇོག་རྒྱུ། 2013ལོ་ནས་བཟུང་། འོས་འགན་སློབ་གསོའི་ཐོན་ཁུངས་སྒྲིག་བཀོད་ཁྲོད། རྨ་ཆེན་རྫོང་གིས་ནོར་སྲིད་ཐད་ཀྱི་རོགས་སྐྱོར་བྱེད་པ་དེ་གཙོ་བོ་འཕེལ་རྒྱས་ཅུང་དལ་བའི་ཞང་དང་གྲོང་བརྡལ་དང་ཆ་རྐྱེན་ཞན་པའི་སློབ་གྲྭའི་ཕྱོགས་ཀྱི་འཚོ་བའི་ཁ་གསབ་དང་གཟིགས་སྐྱོང་སྲིད་ཇུས་ཐད་ལ་སྤྱད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།