འབྲོག་པ་མང་ཚོགས་ཀྱི་གྲོགས་པོ་བཟང་བོ།
2017.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 159

10.jpg

སྒྲོག་ཆེན་སུམ་མདོ་གྲོང་རྡལ་སྒོས་བརྒྱང་སྡེ་བའི་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་སྟག་བསམ་གྱིས་སྐོར་སྐྱོད་གནས་ཚུལ་སྙན་ཞུ་བྱེད་བཞིན་པ།

གཅིག་སྒྲིལ་རྩྭ་ཐང་དུ་ལྟ་སྐྱོང་མཁན་མི་སྐོར་ཞིག་ཡོད་ལ། རོང་འབྲོག་མང་ཚོགས་ཀྱིས་དེ་དག་ལ་བློས་ཐུབ་གྲོགས་པོ་ཞེས་འབོད་བཞིན་ཡོད། ཁོ་ཚོ་ནི་སྲིད་གཞུང་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་ལྟ་བུ་ཡིན་ལ། གཞི་རིམ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པར་འབྲེལ་བ་བྱེད་མཁན་གྱི་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་རེད།

ད་ལྟའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ནམ་ཟླ་ཅུང་འཁྱག་ལ། སྔ་མོ་ནས་སྟག་བསམ་གྱིས་འཕྲུལ་རྟ་བསྐོར་ནས་སྒོས་བརྒྱང་སྡེ་བར་ཐོན་ཡོད་པ་དང་། ཁོའི་ངོ་གདོང་ནག་པོའི་སྟེང་འཛུམ་ཞིག་ལངས་ནས་མང་ཚོགས་རྣམས་ལ་འཚམ་འདྲི་བྱེད་ཞོར་ཁོས་ཉིན་གཅིག་གི་བྱ་བ་མགོ་རྩོམ་བཞིན་ཡོད།

གསར་འགོད་པས་སྟག་བསམ་ལ་བཅར་འདྲི་བྱེད་སྐབས། ཁོས་ཁ་པར་ལག་ཏུ་བླངས་ནས་དུས་རྒྱུན་གྱི་བྱ་བའི་ཁྲོད་བླངས་བའི་འདྲ་པར་དག་བསྟན། ཞིང་སྡེའི་བགྲོད་ལམ་ཞིག་གསོ་དང་ཁྱིམ་མཚེས་བར་གྱི་འགལ་བ་འདུམ་འགྲིག་སོགས་ཀྱི་པར་མང་པོ་ཡོད་ལ། ཁྱིམ་བདག་ཚེ་ཚང་ལ་ཕྱེ་བྱིན་པ་སོགས་རོང་འབྲོག་པའི་གཞི་རྩའི་འཚོ་བའི་གནས་ཚུལ་རེ་རེ་ཚང་མ་ཡོད་པ་དང་། ཁོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་རོང་འབྲོག་པ་མང་ཚོགས་ཀྱི་སེམས་སུ་དྲོད་འཁོལ་སྦྱིན་བཞིན་ཡོད།

སྐབས་དེར་འདྲ་པར་གཅིག་མཐོང་རྗེས། ཁོའི་གདོང་ལ་འཛུམ་ཞིག་ལངས་ཞོར་འདྲ་པར་ནང་གི་མི་སྣ་དེ་བསྟན་ནས་བཤད་རྒྱུར། “བཟའ་ཟླ་འདི་གཉིས་དགོད་བྲོ་བ་ཞིག་ཡིན། ཉིན་རྒྱུན་ཁ་རྩོད་བྱེད་བཞིན་ཡོད་ལ། ཕལ་ཆེར་བཟའ་ཚང་ཐོར་ལ་ཉེ་ཡོད། ང་ཚོ་འབྲེལ་གཏུག་མི་སྣ་སོང་ནས་གནད་དོན་གྱི་གཞི་རྩ་བཙལ་བ་དང་། ཁོ་ཚོའི་དཀའ་ཁག་ཐག་གཅོད་བྱས་ཏེ་འགལ་བ་འདུམ་འགྲིག་བྱས་པས། ད་ལྟ་ཁོ་ཚང་བདེ་འཇགས་སུ་གནས་ཡོད། ཁོ་ཚང་གི་བཟའ་ཚང་འཆམ་མཐུན་ཏུ་གནས་ན། ང་ཚོའི་སེམས་ནས་ཧ་ཅང་དགའ་བོ་ཡོད”ཟེར།

གློ་བུར་དུ་ཁོའི་ཁ་པར་གྲགས་པ་དང་། འབྲོག་པ་ཞིག་གིས་ཁ་པར་ལས་ཁོ་ཚང་གི་ཁྱི་ཡི་ནད་ལ་བལྟ་རོགས་ཞེས་བཤད། ཁོས་བཤད་རྒྱུར། “ཟླ་རེའི་ཚེས་བཅུ་ཡས་མས་སུ། ཁོས་རང་གི་ལྟ་སྐྱོང་བྱེད་པའི་མངའ་ཁོངས་ཀྱི་ཁྱི་ལ་སྨན་ལྡུད་བཞིན་ཡོད་པ་དང་། ཐུམ་འབུའི་ནད་ལ་སྔོན་འགོག་བྱེད་བཞིན་ཡོད། ཐུམ་འབུའི་ནད་ལ་སྣང་ཆུང་བྱེད་མི་རུང་ལ། དེ་སྔོན་འབྲོག་པ་རྣམས་ལ་སྔོན་འགོག་གི་འདུ་ཤེས་མེད་པ་དང་། དུས་རྒྱུན་ཁྱི་ལ་འབྲེལ་འདྲིས་བྱེད་བཞིན་ཡོད་པས། ནད་དེ་བྱུང་བ་རེད། མི་ལ་ལ་ཞིག་ནད་དེ་བྱུང་ནས་ཚེ་ལས་འདས་ཡོད། ད་ལྟ་ང་ཚོས་བྱ་བ་དེ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་བཞིན་ཡོད་ལ། ཟླ་རེར་གཞི་རིམ་དུ་སོང་ནས་ཁྱི་ལ་སྨན་ལྡུད་པ་དང་། འབྲོག་པ་རྣམས་ལ་སྔོན་འགོག་གི་རྒྱུན་ཤེས་ཤེས་བྱ་དྲིལ་སྒྲོག་བྱེད་ཀྱིན་ཡོད”ཟེར།

ན་ནིང་གི་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། སྒྲོག་ཆེན་སུམ་མདོ་གྲོང་རྡལ་སྒོས་བརྒྱང་སྡེ་བའི་རུ་ཁག་དང་པོའི་བསྟན་སྒྲོལ་གྱིས་ཁྱིམ་དུ་བརྙན་འཕྲིན་ལ་བལྟས་ནས་བསྡད་ཡོད་པའི་སྐབས་སུ། གློ་བུར་དུ་རླུབ་འཚུབ་ཆེན་པོ་གཡུག་ནས་ཁོ་ཚང་གི་པང་ལེབ་ཁང་ཀླད་འཁུར་སོང་བ་རེད། སྐབས་དེར་ཁྱིམ་དུ་ཁོ་དང་ཁོའི་ཨ་མ་གཉིས་མ་གཏོགས་མེད་པ་དང་། གནད་འགག་གི་སྐབས་དེར་ཁོས་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་སྟག་བསམ་ལ་ཁ་པར་བཏང་། སྟག་བསམ་གྱིས་འཕྲུལ་རྟ་ཞོན་ཏེ་བསྟན་སྒྲོལ་ཚང་གི་ཁྱིམ་དུ་ཐོན་ནས་གནས་ཚུལ་རྒྱུས་ལོན་བྱས་རྗེས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་མཉམ་དུ་སྒྲོག་ཆེན་སུམ་མདོ་གྲོང་རྡལ་དུ་སོང་ནས་གནས་ཚུལ་སྙན་ཞུ་བྱས། གྲོས་མོལ་བྱས་པ་བརྒྱུད་སྲིད་གཞུང་གིས་ཁ་གསབ་མ་དངུལ་སྒོར་སྟོང་གཉིས་དང་ལྔ་བརྒྱ་བྱིན་ཏེ་བསྟན་སྒྲོལ་ཚང་གི་ཁང་ཀླད་ལས་པ་རེད།

དོན་དེ་གླེང་སྐབས། འབྲོག་པ་བསྟན་སྒྲོལ་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ང་རང་ཉིད་སྐད་ཆ་བཤད་རྒྱུར་དགའ་བ་ཞིག་མིན། འོན་ཀྱང་། ཏང་ཡོན་འདི་དག་གིས་ང་ལ་རོགས་སྐྱོར་མང་པོ་བྱས་པ་དང་། གནད་འགག་གི་སྐབས་སུ་ཁོ་ཚོས་དུས་ལྟར་ང་ཚོར་ཕན་ཁེ་ཡོད་པའི་བྱ་བ་སྣ་ཚོགས་སྒྲུབ་བཞིན་ཡོད་ཟེར།

དབང་རྡོ་སོག་རུ་མ་ཞང་འབྲིང་མདའ་སྡེ་བའི་རུ་ཁག་དང་པོའི་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་བྱས་པའི་ཚུན་ལ། ཁོའི་དུས་རྒྱུན་གྱི་བྱ་བའི་ཁྲོད་རང་ཉིད་ལ་རེ་བ་གཟབ་ནན་འདོན་བཞིན་ཡོད་པ་དང་། ལྟ་སྐྱོང་གི་མངའ་ཁོངས་སུ་རང་ཉིད་ཀྱིས་མང་ཚོགས་ལ་འབྲེལ་འདྲིས་བཟང་བོ་བྱེད་པ་དང་ཆ་འཕྲིན་སྟབས་བདེ་བ་སོགས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། རྩ་འཛུགས་ཀྱི་ལས་སྒྲུབ་མི་སྣ་བཟང་བོ་དང་སྲིད་ཇུས་སྒྲོག་སྤེལ་མཁན། མང་ཚོགས་ཀྱི་དཀའ་ཁག་སེལ་མཁན་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་ཏེ། རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་འབྲོག་པ་མང་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།

དབང་རྡོ་ཡིས་བཤད་རྒྱུར། ལོ་འདི་འགའི་རིང་ལ་ང་ཚོས་སྣེ་ཁྲིད་དེ་བཅའ་ཁྲིམས་ཀྱི་ཤེས་བྱ་བསླབ་པ་དང་། ཁྲིམས་བརྩི་སྲུང་བྱས་ཏེ། རང་འགུལ་གྱིས་བཅའ་ཁྲིམས་ཀྱི་བདག་དབང་སྲུང་སྐྱོང་བྱས་པ་ཡིན། རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མཉམ་དུ་འབད་པ་བྱས་ན། ད་གཟོད་དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཐུབ།

ཁོ་རང་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་བྱས་རྗེས། ཕལ་ཆེར་ཉིན་རྒྱུན་མང་ཚོགས་ཀྱི་ཁྱིམ་དུ་འགྲོ་བཞིན་ཡོད་པ་དང་། མང་ཚོགས་ཀྱི་བདེ་སྡུག་དང་རོང་འབྲོག་པའི་བཤད་པའི་གནད་དོན་ལ་ཉན་བཞིན་ཡོད་ལ། དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཟིན་བྲིས་སྟེང་དུ་འགོད་བཞིན་ཡོད།

ཁོ་རང་ཆེས་བྲེལ་འཚུབ་ཆེ་དུས་ནས་ཟླ་གསུམ་པ་ནས་བཞི་བའི་བར་ཡིན་ལ། དུས་ཚིགས་དེར་ཐོན་དུས། ཁོས་རྫོང་དང་ཞང་། སྡེ་བ་རིམ་པའི་འབྲེལ་ཡོད་སྲིད་ཇུས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ཀྱི་བྱ་བ་དེ་གཙོ་གནད་དུ་བཟུང་ནས། ལྟ་སྐྱོང་བྱེད་བཞིན་པའི་ཁྱིམ་ཚང་བཅུ་ལ་དངོས་སུ་སྒྲོག་སྤེལ་བྱེད་པ་དང་། རང་ཉིད་ཀྱིས་སྲིད་ཇུས་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་ནས་སྣེ་ཁྲིད་བྱས་པ་མ་ཟད། གོ་སྐབས་དམ་འཛིན་བྱས་ཏེ་ཁྱིམ་ཚང་རྣམས་ལ་བརྟན་འཇགས་སྲུང་སྐྱོབ་དང་། བཅའ་ཁྲིམས་བརྩི་སྲུང་ཐད་ཀྱི་སློབ་གསོའི་བྱ་འགུལ་དྲིལ་སྒྲོག་བྱས། སོག་རུ་མ་ཞང་དང་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ལ་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་འདོན་བཞིན་ཡོད།

རྩ་འཛུགས་ཀྱི་དོ་དམ་བྱེད་པའི་ཁྱིམ་ཚང་ལ་མཐུན་སྦྱོར་བྱེད་པ་དང་། བདེ་འཇགས་སྔོན་འགོག་བྱ་བ། བདེ་འཇགས་ཀྱི་འབྲེལ་གཏུག་མི་སྣ་བཟང་བོ་ཞིག་བྱེད་རྒྱུ་ནི་བར་བཞི་ཞང་རྟ་སྒ་སྡེ་བའི་རུ་ཁག་དང་པོའི་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་ཅཱང་དིས་ཡིས་རང་ཉིད་ལ་གཏན་འཁེལ་བྱས་པའི་དཔྱད་ཞིབ་དམིགས་འབེན་འགན་འཁྲི་ཞིག་རེད། རང་ཉིད་ཀྱིས་བདག་སྐྱོང་བྱེད་ཁུལ་གྱི་བདེ་འཇགས་སྔོན་འགོག་བྱ་བ་ཉམས་ཞན་ཡིན་པ་དང་། འབྲོག་པའི་བདེ་འཇགས་ཚོད་འཛིན་འདུ་ཤེས་ཞན་པའི་གནད་དོན་ལ་ཁ་གཏད་ནས། དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སུ། ཅཱང་དིས་ཡིས་ནན་ཏན་སྒོས་ལྟ་སྐྱོང་བྱེད་པའི་མངའ་ཁོངས་ཀྱི་ཁྱིམ་ཚང་དགུའི་གསར་བུ་རེ་རྩ་འཛུགས་བྱས་ཏེ། ཧུར་ཐག་གིས་ཞང་སྲིད་གཞུང་དང་མངག་གཏོང་ཁང་ལ་ཟུང་འབྲེལ་དམ་པོ་བྱས་ནས། རི་ལ་སྐོར་ཞིབ་དང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ཚན་ཆུང་གཉིས་རྩ་འཛུགས་བྱས་པ་དང་། ལས་ཀ་འཁོར་རེས་བྱས་ཏེ་དབྱར་རྩྭ་བརྐོ་ས་དང་འབྲོག་པའི་གདོད་གནས་ཀྱི་རི་ལ་སྐོར་ཞིབ་དང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྤེལ། ཕྱི་ནས་ཡོང་བའི་རླངས་འཁོར་དང་མི་སྣ་བཅས་ལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ་དང་ཆ་འཕྲིན་ཐོ་འགོད་བྱེད་པའི་བྱ་བ་སྒྲུབ། ས་གནས་མང་ཚོགས་ཀྱི་ཁེ་ཕན་ལ་དངོས་གནས་སྲུང་སྐྱོབ་བྱེད་ཆེད། ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་བརྟན་འཇགས་ལ་བྱས་རྗེས་བཞག

2016ལོར། རྫོང་ཡོངས་སུ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་བྱ་འགུལ་ཐེངས་སུམ་བརྒྱ་སྤེལ་ལ། མང་ཚོགས་ཀྱི་བསམ་འཆར་ཉིས་བརྒྱ་ལྷག་བསྡུ་ལེན་བྱས་པ་དང་། འགལ་བ་གནད་དོན་དྲུག་རྩད་ཞིབ་བྱས་ཏེ་འདུམ་འགྲིག་བྱས་ལ། འགལ་བ་འདུམ་འགྲིག་གི་བྱ་བ་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། འགལ་བ་རྩ་བ་ནས་འགོག་པ་དང་འགལ་བ་ཇེ་དྲག་ཏུ་མི་འབྱུང་བར་ཤུགས་སྣོན་བྱས་པས། ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་ཕན་ནུས་ཡོད་པའི་སྒོ་ནས་སྲུང་སྐྱོབ་བྱས། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་མགོ་ཁྲིད་ཀྱི་མཚམས་སྦྱོར་བྱས་པ་ལྟར་ན། ལོ་འདི་གཉིས་ཀྱི་རིང་ལ། གཅིག་སྒྲིལ་རྫོང་གིས་སྲིད་འཛིན་སྡེ་བ་ཉེར་གཉིས་ཀྱི་རང་བྱུང་ཆ་རྐྱེན་གཞིར་བཟུང་ནས། བྱ་བ་སྒྲུབ་པར་སྟབས་བདེ་བའི་རྩ་དོན་ལྟར། སྡོད་གནས་ཀྱི་ཁྱིམ་གྲངས་ལྟར་ས་ཁུལ་དགར་བ་དང་། ཁྱིམ་ཁུལ་རེའི་ཁྱིམ་གྲངས་ལྔ་ནས་བཅུ་ཡིན་པ་མ་ཟད། སྡེ་དམངས་ཀྱི་མི་སྣ་གཅིག་བདམས་ནས་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་བྱེད་དུ་བཅུག སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་ལས་རོགས་བྱས་ཏེ། གོང་རིམ་གྱི་གནས་ཚུལ་མང་ཚོགས་ལ་སྒྲོག་པ་དང་། མང་ཚོགས་ཀྱི་གནས་ཚུལ་གོང་རིམ་ལ་བཤད་པའི་བྱ་བ་སྒྲུབ་ནས། རྩ་འཛུགས་ཀྱི་ལས་རོགས་མཁན་བཟང་བོ་དང་། མང་ཚོགས་ཀྱི་དཀའ་ཁག་སེལ་མཁན་བཟང་བོར་གྱུར། ཧུར་ཐག་གིས་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། མང་ཚོགས་ཀྱི་བདེ་སྡུག་ལ་ནུས་ཤུགས་ཡོད་ཚད་འདོན་པ་དང་། “གཞི་གསུམ”འཛུགས་སྐྲུན་བྱ་བར་རྨང་གཞི་བརྟན་པོ་བཏིང་།
གཅིག་སྒྲིལ་རྩྭ་ཐང་དུ། འུར་ཆ་བསྐྱུར་བའི་འབྲོག་པ་སྟག་བསམ་དང་དབང་རྡོ། ཅཱང་དིས་སོགས་ཁྱིམ་ཚང་བཅུའི་ལྟ་སྐྱོང་མཁན་ལྔ་བརྒྱ་དང་གཅིག་གི་བྱ་བ་ནི་ཉེན་ཁང་བསྒྱུར་བཀོད་དང་དོང་ཆུ་བརྐོ་བ་སོགས་ཀྱི་ལས་གཞི་གོང་རིམ་ལ་སྙན་ཞུ་བྱེད་པ་དང་། ཆུང་བ་ཁྱིམ་ཚང་འཆམ་མཐུན་མིན་པ་དང་ཁྱིམ་མཚེས་བར་གྱི་འགལ་བ་འདུམ་འགྲིག་བྱེད་པ། རྩྭ་སའི་འགལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད། འབྲོག་པ་རྣམས་ལ་རོགས་སྐྱོར་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཕྱིར་བཙོང་བྱེད་རོགས་བྱེད་པ་དང་། མཉམ་ལས་སྨན་བཅོས་སྒྲུབ་རོགས་བྱེད་པ་སོགས་ནི་ཁོ་ཚོས་ཆེས་སེམས་ཁུར་བྱེད་པའི་དོན་དག་རེད།

ཞིང་སྡེ་གསར་བའི་བདེ་འཇགས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་བྱས་ཏེ། ཏང་དང་མང་ཚོགས་དང་ལས་བྱེད་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། དཔལ་ཡོན་གྱི་ཞང་སྡེའི་རྣམ་པ་བཟང་བོ་བསྐྲུན་ཏེ། ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་འཆམ་མཐུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་ཐད་བྱས་རྗེས་གསར་བ་བསྐྲུན་ནས། འབྲོག་པ་མང་ཚོགས་ཀྱི་སེམས་གཏོད་ས་འདི་དག་ལ་ཚང་མས་དགའ་བསུ་ཆེན་པོ་ཐོབ་པར་བྱས།

ལོ་ཙཱ་བ། ཤ་བོ་རིན་མཚོ།