ད་ལོའི་གསུམ་བརྒྱད་བུད་མེད་དུས་ཆེན་སྐབས་སུ། ལོ་ཉེར་བརྒྱད་ལ་སོན་པའི་བཀྲ་ཤིས་ལྷ་མོར་སྡེ་བས་གཟེངས་རྟགས་གནངས།
ཁོ་མོར་གནངས་བའི་གོས་ཆེན་གྱི་དར་ཆ་དེ་ནི་སྡེ་བའི་ནང་མི་ཚོས་ཁོ་མོ་གསར་སྐྲུན་དཔེ་ལེགས་མི་སྣར་བདམས་པའི་རྟགས་མཚན་ཅིག་རེད། ཁོ་མོ་སྡོད་སའི་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་རྡོ་དམར་སྡེ་བ་ནི་སྐྱེ་ཁམས་གནས་སྤོར་སྡེ་བ་ཞིག་ཡིན་ལ། འདས་པའི་ལོ་འགའི་རིང་ལ། ཚང་མ་སྲོལ་རྒྱུན་གྱི་འབྲོག་པ་ཏག་ཏག་ཡིན་པ་དང་། རྗེས་སུ་གཅིག་བསྡུས་ཀྱི་སྒོ་ནས་ན་གོར་མོ་གྲོང་ཁྱེར་དུ་གནས་སྤར་བས། ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བའི་ལོ་རྒྱུས་མཇུག་སྒྲིལ། ད་ལྟ་ཁྱིམ་ཚང་ཚང་མས་རྒྱལ་ཁབ་ཀྱིས་ཁ་གསབ་བྱ་དགའི་སྒོར་མོ་ཉམས་སུ་མྱོང་བཞིན་ཡོད་ནའང་། འཕེལ་རྒྱས་སྔར་ལས་ལེགས་པོ་འབྱུང་བ་དང་། ཡོང་སྒོ་སྔར་ལས་ཇེ་མང་དུ་གཏོང་དགོས་ན། སྔར་གྱི་རྩྭ་སར་བརྟེན་ནས་འཚོ་བ་རོལ་བའི་རྣམ་པ་དེ་མཇུག་སྒྲིལ་དགོས་པས། ངེས་པར་དུ་དོན་དག་ཅིག་སྒྲུབ་དགོས།
རྡོ་དམར་སྡེ་བའི་ཧྲུའུ་ཅི་དང་པོ་ཀྲིན་ཏི་བེ་ཡིས་བཤད་རྒྱུར། གོས་ཆེན་གྱི་དར་ཆ་གནངས་ཏེ་གསར་སྐྲུན་མི་སྣར་གཟེངས་བསྟོད་གནང་བ་དེ་ནི་ཚང་མའི་གསར་སྐྲུན་སྙིང་སྟོབས་ལ་སྐུལ་འདེད་བྱེད་རྒྱུ་དེ་ཡིན་ལ། སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྣམ་པ་བསྒྱུར་རྒྱུ་དེ་ཡིན་ཟེར། ན་ནིང་ཟླ་བརྒྱད་པར་སྡེ་བ་དང་ཐག་མི་རིང་བའི་ས་ནས་བཀྲ་ཤིས་ལྷ་མོས་ལྷ་མོའི་རང་འདེམས་ཚོང་ཁང་ཞིག་ཕྱེས་པ་དང་། ཐོག་མར་ཚོང་ཁང་དེ་ཕྱེས་པར་མ་རྩ་སྒོར་མོ་ཁྲི་གསུམ་བཏང་བ་དང་། སྒོར་མོ་དེ་ནི་རྒྱལ་ཁབ་ཀྱིས་བཏང་བའི་རྩྭ་སའི་ཁ་གསབ་བྱ་དགའི་སྒོར་མོ་རེད། ལོ་གཅིག་གི་རིང་ལ་ཚོང་གཉེར་བྱས་པ་བརྒྱུད། ཚོང་ཁང་གི་ཚོང་ཧ་ཅང་བྲིན་ལ། དེ་དང་ཆབས་ཅིག་ཏུ། ཁོ་མོས་ད་དུང་དགོང་མོའི་དུས་ཚོད་བེད་སྤྱད་དེ་ཞོར་ལས་གཉེར་བས། ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གཉིས་རེ་ཇེ་མང་དུ་སོང་།
བཀྲ་ཤིས་ལྷ་མོས་ཕྱོགས་གཅིག་ནས་ཚོང་ཁང་དུ་ཡོང་བའི་མགྲོན་པོར་འཚམས་འདྲི་བྱེད་ཞོར་ང་ཚོར་འདི་ལྟར་བཤད་བྱུང་། ཀྲིན་ཧྲུའུ་ཅིས་ང་ལ་ཐེངས་འདིར་གཟེངས་རྟགས་འདི་གནང་དགོས་དོན་ནི་ངས་སྣེ་ཁྲིད་བཟང་པོ་བྱེད་རྒྱུ་དེ་ཡིན་ཟེར། ང་རང་ཉིད་ལའང་ཚོང་ཁང་འདི་ལེགས་པོ་གཉེར་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ས་ཆ་གཞན་པར་མཚོན་ན་རང་འདེམས་ཚོང་ཁང་ཆུང་ཆུང་ཞིག་གཉེར་རྒྱུ་ནི་དེ་འདྲའི་དོན་ཆེན་མིན་ཡང་། མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་སྡོད་པའི་རྡོ་དམར་སྡེ་བར་མཚོན་ནས་བཤད་ན་དེ་ནི་དོན་དག་གསར་བ་ཞིག་རེད། ང་ཚོར་རྩྭ་ས་དང་། ཕྱུགས་འཚོ་བར་གོམས་ཡོད་པས། དེང་རབས་ཀྱི་འཚོ་བ་དང་འདྲེས་ནས་ཟླ་ཕོགས་ལེན་པ་དང་། ཚོང་ལས་གཉེར་རྒྱུ་དེ་ནི་ངོ་མས་བཤད་ན་ལས་སླ་མོ་ཞིག་ག་ལ་ཡིན་ཟེར།
ལག་རྩལ་སྣ་གཅིག་ཡིན་པ་དེ་ནི་རྡོ་དམར་སྡེ་བའི་གསར་སྐྲུན་གྱི་བཀག་རྡོ་ཞིག་དང་ལས་ཞུགས་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། བཀྲ་ཤིས་ལྷ་མོར་གཟེངས་རྟགས་གནངས་བ་དང་ཆབས་ཅིག་ཏུ། སྡེ་བས་ཀྱང་གསོ་སྦྱོང་སྤེལ་ཏེ། ཚང་མར་ལག་རྩལ་སློབ་ཏུ་བཅུག སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དབང་རྒྱལ་གྱིས་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་ལ་མིང་ཐོ་འགོད་མཁན་གྱི་མི་ཧ་ཅང་མང་པོ་ཡོད་པ་དང་། ཟ་མ་གཡོས་སྦྱོར་དང་གློག་ཀླད་སྦྱང་པའི་ནང་དུ་མིང་ཐོ་འགོད་མཁན་གྱི་མི་ཧ་ཅང་མང་པོ་ཡོད་ལ། མཁར་གྲོང་དུ་ཐོན་རྗེས། ཚང་མས་རང་གི་ནུས་པར་བརྟེན་ནས་འཚོ་བ་གསར་བ་རོལ་འདོད་པ་རེད་ཟེར།
སྡེ་མི་བསམ་འགྲུབ་ནི་སྡེ་བའི་ཏང་ཡོན་མགོ་ཁྲིད་ཀྱི་ཁོངས་མི་ཞིག་ཡིན་པ་དང་། ད་དུང་སྡེ་བའི་ཕྱུག་བསྒྱུར་སྣེ་ཁྲིད་པ་ཞིག་ཀྱང་ཡིན། གནས་སྤར་རྗེས། ཁོས་དཔའ་ངར་ཆེར་བསྐྱེད་ཀྱིས་གཉེན་ཉེའི་ས་ནས་སྒོར་མོ་བསྐྱིས་ཏེ་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་ཅན་གྱི་དངོས་འདེགས་རླངས་འཁོར་ཞིག་ཉོས་པ་དང་། དེ་ནས་ཕྱུགས་འཚོ་བ་ནས་རླངས་འཁོར་བསྐོར་མཁན་ཞིག་ཏུ་གྱུར། ད་ལྟ། ཁོས་བསྐྱིས་དངུལ་ཚང་མ་ཡང་ཕྱིར་སྤྲད་ཚར་སོང་ལ། ད་ལྟ་ཁོའི་ཁྱིམ་དུ་རླངས་འཁོར་གཉིས་ཇེ་མང་དུ་བཏང་ཡོད་པ་རེད། སྡེ་བའི་ནང་དུ་ད་དུང་ཁྱིམ་ཚང་འགས་ཀྱང་ཁོ་དང་འདྲ་བར་དངོས་འདེགས་རླངས་འཁོར་ཉོས་ཡོད་པ་དང་། ཡོང་སྒོ་བཟང་པོ་ཞིག་ལོན་བཞིན་ཡོད། བསམ་འགྲུབ་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཡོང་སྒོ་བཙལ་པར་མ་ཟད། ད་དུང་སྡེ་བ་ཐུན་མོང་གིས་ཀྱང་ཁོ་རང་ཉིད་ཀྱི་གསར་སྐྲུན་སྙིང་སྟོབས་དང་གསར་སྐྲུན་ནུས་པ་གསོ་སྐྱོང་བྱས།
རྡོ་དམར་སྡེ་བར་མཉམ་ལས་ཁང་ཞིག་ཡོད་པ་དང་། ཀྲིན་ཏི་བེ་དང་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་སྡེ་བར་བསྡད་རྗེས། སྡེ་བའི་ནང་གི་ཏང་ཨུ་གསུམ་གྱི་མགོ་ཁྲིད་པ་དང་གྲོས་མོལ་བྱས་ཏེ། མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་བྱས་པ་དང་། གསར་སྐྲུན་གྱི་ཕྱོགས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། སྡོམ་རྩིས་ཤིག་བྱས་པ་ན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། མཉམ་ལས་ཁང་དེས་གྲོང་རྡལ་ནས་བོད་ཟས་ཁང་ཞིག་གཉེར་བ་དང་། དེ་ནི་གྲོང་རྡལ་ཡོངས་ཀྱི་མཉམ་ལས་ཁང་ཁྲོད་བོད་ཟས་ཁང་གཉེར་མཁན་གྱི་མཉམ་ལས་ཁང་ཐོག་མར་གྱུར།
ཀྲིན་ཏི་བེ་ཡིས་ལྟོས་ན། ང་ཚོའི་བསམ་ཚུལ་ནི་མུ་མཐུད་དུ་འབད་བརྩོན་བྱས་ནས་ལས་ཀ་རྒྱུན་སྐྱོང་བྱེད་རྒྱུ་དེ་ཡིན། ང་ཚོས་ཐོག་མར་གྲོང་རྡལ་ནས་བོད་ཟས་ཁང་ཞིག་གཉེར་བ་དང་། དེ་འཁོར་བསྐྱོད་བྱས་པ་བཟང་ན་ད་དུང་མུ་མཐུད་དུ་རྒྱ་སྐྱེད་དེ་གྲོང་ཁྱེར་རུ་སོང་ནས་སྒོ་ཕྱེ་རྒྱུ་ཡིན། བོད་ཟས་ཁང་ནི་ང་ཚོའི་གསར་སྐྲུན་བྱེད་སའི་སློབ་གྲྭ་ཞིག་དང་འདྲ་བར་བོད་ཟས་ཁང་འདི་བརྒྱུད་དེ་ལས་གཉེར་དང་དོ་དམ་གྱི་ཉམས་མྱོང་གསོག་འཇོག་བྱས་ལ། ལས་གཉེར་བྱ་བ་དེ་དཀའ་ངལ་ལ་འཕྲད་ཀྱང་ང་ཚོ་ཕྱིར་ནུར་གཏན་ནས་བྱེད་མི་སྲིད། གསར་སྐྲུན་བྱེད་དགོས་ན་གཙོ་བོ་ལས་ཀའི་རིགས་འདི་ལ་བཅངས་པའི་སྤྲོ་བ་དང་སྙིང་སྟོབས་དེ་ཡིན་ཟེར།
བོད་ཟས་ཁང་དེ་སྒོ་ཕྱེས་རྗེས། སྡེ་བའི་ཏང་ཨུའི་ཨུ་ཡོན་གྱི་ཁོངས་མི་རྣམས་ཚན་ཆུང་གསུམ་དུ་བགོས་ནས་རེས་བསྐོར་ནས་ལས་གཉེར་བྱས་པ་དང་། ཚན་ཆུང་གཅིག་གིས་ཟླ་གཅིག་རེར་ལས་གཉེར་བྱེད་དགོས། དེ་ལྟར་སྒྲུབ་ན། ཚན་ཆུང་རེ་རེས་ཟས་རིགས་ལས་གཉེར་གྱི་ཉམས་མྱོང་སློབ་ཐུབ། དུས་མཚམས་རེ་རེར་ཚན་ཆུང་གསུམ་པོས་ཚན་ཆུང་གང་གི་ཚོང་བཟང་བ་འགྲན་སྡུར་བྱས་ཏེ་བྱ་དགའ་སྟེར་བ་དང་། རྗེས་ལུས་ཀྱི་ཚན་ཆུང་གིས་རྒྱུ་རྐྱེན་དབྱེ་ཞིབ་བྱས་ཏེ་མྱུར་དུ་བཟང་པོའི་ཕྱོགས་སུ་སྙེགས་དགོས། དེ་དང་ཆབས་ཅིག་ཏུ། མཉམ་ལས་ཁང་གིས་ད་དུང་གཅིག་གྱུར་གྱི་སྒོ་ནས་སྡེ་མིའི་ལག་ནས་མར་ཉོས་ཏེ་ཕྱིར་འཚོང་བྱས་ཏེ། གདང་ལའི་མར་གྱི་ཚོང་རྟགས་ཞིག་བསྐྲུན།
ཀྲིན་ཏི་བེ་ཡིས་བཤད་རྒྱུར། བོད་ཟས་ཁང་གི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་འཆར་འགོད་ནི་ཞོ་དང་། ཤ་སྐམ། མར་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ལག་ཤེས་བཟོ་ལས་ཕྱིར་འཚོང་བྱེད་རྒྱུ་དེ་ཡིན་པར་མ་ཟད། དྲ་སྟེང་དུ་སྐད་འཕྲིན་ཚོང་ཁང་ཕྱེས་པ་སོགས་བརྒྱུད་ནས་ཕྱིར་འཚོང་བྱེད་རྒྱུ་དེ་ཡིན་ལ། ཐབས་ལམ་སྣ་མང་གི་སྒོ་ནས་ང་ཚོའི་གསར་སྐྲུན་གྱི་ལམ་དུ་བསྐྱོད་ཟེར།
ལོ་ཙཱ། ཚེ་རིང་སྒྲོལ་མ།