རོང་འབྲོག་པ་རྫོང་མཁར་དུ་སྤར་ཏེ་གཏན་སྡོད་བྱས་པ།
འབྲོང་མཐིལ་ཞང་རན་མོ་སྡེ་བའི་རྟ་བྷོ་ནི་ད་ལྟ་རྩི་གོར་ཐང་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་སྡེ་མི་ཞིག་རེད། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་ཡུལ་མི་ཞིག་ཡིན་པའི་ཆ་ནས། ཁོ་ཚང་གི་ཁྱིམ་མི་དྲུག་པོ2009ལོར་གནས་སྤར་ཏེ་ས་ཆ་འདིར་ཡོང་བ་རེད།
“སྔོན་ཆད་སྡེ་བའི་ནང་གི་སྡོད་ཁང་ནི་ས་ཁང་ཡིན་པས། ཆ་རྐྱེན་འདི་འདྲ་ཞིག་ག་ལ་ཡིན” ཟེར་བཞིན་སྔོན་གྱི་འཚོ་བའི་གནས་ཚུལ་བཤད་པ་ན་རྟ་བྷོའི་གདོང་གི་སྨིན་མ་བསྡུས་བྱུང་། ཁོའི་དྲན་པའི་ངོས་སུ་ལོ་ངོ་བཅུ་ཕྲག་འགའི་འཚོ་བ་ནི་སྔོན་གྱི་འཚོ་བ་དང་འདྲ་བར་འགྱུར་ལྡོག་ཅི་ཡང་མེད། ཁྱིམ་ཚང་གང་བོའི་ཕྱུག་བསྒྱུར་གྱི་ལམ་བུ་ཡང་རི་ལམ་དེ་དང་མཚུངས་པར་ཀྱག་ཀྱོག་གིས་བཀང་འདུག “གནས་འདིར་སྤར་རྗེས་ཁྱིམ་ཚང་རེ་རེར་གྲལ་དག་པའི་ར་སྐོར་རེ་དང་ཆེ་ཞིང་གསལ་བའི་ཁང་པ་གྱན་འགའ་རེ་ཡོད། བྱ་བ་ཅི་ཞིག་བསྒྲུབ་དགོས་ཚེ། ཁྱིམ་ནས་སྒོར་སོང་བ་ན་སྡེ་ཁུལ་ཡོད་ལ། རྩལ་སྦྱོང་བྱ་བསམ་ན་ཐག་མི་རིང་ས་ན་ཐང་ཆེན་ཡོད”ཟེར།
ལོ་འགའི་ནང་དུ་ཞིན་ཧེ་རྫོང་གི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་ཁྱིམ་ཚང་བསྡོམས་པས་སྟོང་གཅིག་དང་རེ་ལྔ་རྫོང་མཁར་དུ་གཏན་སྡོད་བྱས། ཞིན་ཧེ་རྫོང་གཙང་གསུམ་འབྱུང་ཡུལ་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲའོ་ཀང་གི་བསམ་པར་ལས་དོན་འདི་ལག་བསྟར་བྱེད་པ་ནི་རོང་འབྲོག་པའི་འཚོ་བའི་ཁོར་ཡུག་བསྒྱུར་བ་ཙམ་མིན་པར། “སྐྱེ་ཁམས་ཡུལ་མི་གནས་སྤོར་བྱས་པ་དང་ལྷན་དུ་གནས་སྤོར་མི་གྲངས་དང་ཁེབས་ཚུལ། རང་བྱུང་སྐྱེ་ཁམས་ཀྱི་ཐེག་ཚད་བཅས་བར་གྱི་འགལ་བ་བསལ་ཞིང་། འབྲོག་ཁུལ་གྱི་རྩྭ་སར་གནོད་པ་མ་བྱས་པར། ཅུང་བཟང་པོའི་སྒོ་ནས་རྩྭ་ཐང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱ་རྒྱུ་དེ་རེད། བརྟག་དཔྱད་བྱས་པ་ལྟར་ན། ས་ཁུལ་ཁ་ཤས་ཀྱི་རྩྭ་ས་མུའུ་རེའི་རྩྭའི་ཐོན་ཚད་སྤྱི་རྒྱ་སུམ་ཅུ་ལྷག་ཇེ་མང་དུ་སོང་།”
རྟ་བྷོ་ཡིས་རང་གི་འཚོ་བ་གསར་བའི་མྱོང་ཚོར་བཤད་བཞིན་པའི་སྐབས་དེར་ལི་ཅིན་སྡེ་ཁུལ་དུ་སྡོད་པའི་དོན་པོ་ཚང་གིས་གུང་ཟས་ཟ་བར་བྲེལ་བཞིན་འདུག སྨི་གྲུ་བཞི་མ་ལྔ་བཅུ་ཡོད་པའི་འགན་སྲུང་ཁང་བ་འདིར་སྡོད་ཐུབ་པ་ནི་ཁྱིམ་ཚང་དེའི་ཆེས་སེམས་པ་སྤྲོ་བའི་བྱ་བར་གྱུར་ཡོད།
དེ་ལྟར་ཞིན་ཧེ་རྫོང་གིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་བགོ་བ་ནས་མགོ་བརྩམས་ཏེ། རྫོང་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་སྟོང་གཉིས་དང་ཞེ་དྲུག་གི་སྡོད་ཁང་གནད་དོན་ཐག་བཅད། དཔྱད་གཞིའི་ཡིག་ཆ་ལྟར་ན། འདས་པའི་ལོ་འགའི་རིང་དུ་རྫོང་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོའི་ཁྱིམ་ཚང་སྟོང་གཅིག་དང་ལྔ་ཡི་མི་གྲངས་སྟོང་ལྔ་དང་བརྒྱད་བརྒྱ་ལྔ་བདུན་དུ་སླེབས་པ་དང་། འབྲོག་ཁྱིམ་སྟོང་གཅིག་དང་ལྔ་བརྒྱ་བཅུ་གསུམ་དང་མི་གྲངས་སྟོང་བཞི་དང་ལྔ་བརྒྱ་གཏན་སྡོད་བྱས། དབུལ་སྐྱོར་གནས་སྤོར་ཁྲོད་ཁྱིམ་ཚང་ལྔ་བརྒྱ་དགུ་བཅུ་ཡི་མི་གྲངས་སྟོང་གཉིས་དང་དགུ་བརྒྱ་བཅུ་བཞི་བཀོད་སྒྲིག་བྱས། གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་བྱས་པའི་ཁྱིམ་ཚང་སྟོང་གཉིས་དང་ཞེ་དྲུག་དང་མི་གྲངས་སྟོང་ལྔ་དང་དྲུག་བརྒྱ་ང་བརྒྱད་དུ་སླེབས་པ་དང་། རང་འགུལ་གྱིས་རྫོང་མཁར་དུ་གཏན་སྡོད་བྱས་པའི་རོང་འབྲོག་པ་ཁྱིམ་ཚང་བརྒྱད་བརྒྱ་གྱ་བཞི་དང་མི་གྲངས་སྟོང་གཉིས་དང་ལྔ་བརྒྱ་དྲུག་ཏུ་སླེབས་པ་རེད།
རྒྱུན་མཐུད་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། གྲོང་ཁྱེར་དུ་སྤར་བའི་རོང་འབྲོག་པའི་རྗེས་ཕྱོགས་ཀྱི་སེམས་ཁྲལ་ཐག་བཅད་པ།
2016ལོའི་ཟླ་བདུན་པར། ཆོས་སྐྱོང་དང་ཁོའི་ཆུང་མ། བྱིས་པ་ཚང་མ་ཞིན་ཧེ་རྫོང་གི་ལི་ཅིན་སྡེ་ཁུལ་གྱི་ཐོག་ཁང་ནང་སྤར་བ་ཡིན་ཞིང་། ཆུ་གློག་དྲོད་རླངས་ཚང་མ་འཛོམས་པའི་འགན་སྲུང་ཁང་བ་དེའི་ལོ་རེའི་འགྲོ་གྲོན་ལ་སྒོར་སྟོང་གཅིག་དང་ལྔ་བརྒྱ་ཙམ་ལས་མི་དགོས།
“ང་ཚོ་རྫོང་ཐོག་ལ་སྤར་ཡོང་བ་ནི་བྱིས་པ་སློབ་གྲྭར་འགྲོ་རྒྱུར་སྟབས་བདེ་བ་དང་ལས་ཀར་ཞུགས་ན་ཡང་སྟབས་བདེ་བའི་ཆེད་དུ་ཡིན།”ཆོས་སྐྱོང་གི་ཆུང་མ་སྐར་མ་འཚོ་ཡིས་གསར་འགོད་པར་སྔོན་གྱི་སྨི་གྲུ་བཞི་མ་ཉི་ཤུ་ལས་མེད་པའི་ཁང་བ་དེར་ཟླ་རེར་སྒོར་བརྒྱ་དང་ལྔ་བཅུ་ཡི་ཁང་རིན་སྟེར་དགོས་པར་མ་ཟད། ད་དུང་དྲོད་རླངས་མེད་ཅིང་ཆ་རྐྱེན་གཞན་དག་ཀྱང་ཧ་ཅང་ཞན་ཟེར།
ཆོས་སྐྱོང་ལ་མཚོན་ན་འགན་སྲུང་ཁང་བའི་ནང་འདུག་ཐུབ་པ་ནི་འཚོ་བ་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་དང་པོ་ཡིན། རྒྱུ་མཚན་ནི་ཁོའི་རྐང་བ་གཡོན་པར་སྐྱོན་ཡོད། གནས་སྤར་ནས་ཅང་མ་འགོར་བར་ཁོས་བྱ་བ་ཞིག་རྙེད་དེ་སྡེ་ཁུལ་གྱི་སྒོ་སྲུང་ཞིག་བྱས། ཅང་མ་འགོར་བར་ཡང་བསྐྱར་སྡེ་ཁུལ་གྱི་གློག་ལས་པ་ཞིག་ཏུ་གྱུར། དེའི་སྔོན་ལ་ཁོས་བྱ་བ་བསྒྲུབས་པ་བཟང་བས་སྡེ་ཁུལ་གྱི་ཁང་གཞིས་དོ་དམ་ཁྲུའུ་ཡི་ཀྲུའུ་རིན་གྱི་འགན་ཁུར་པར་གྱུར་ནས། ཟླ་རེའི་ཟླ་ཕོགས་སྒོར་སྟོང་གཉིས་དང་ལྔ་བརྒྱ་ལ་འཕར་བར་མ་ཟད། ཆུང་མ་སྡེ་ཁུལ་གྱི་ལས་བཟོ་བ་ཞིག་ཡིན་པའི་ཆ་ནས་ཟླ་རེའི་ཟླ་ཕོགས་སྒོར་སྟོང་གཅིག་དང་ཉིས་བརྒྱ་ཡོད།
གྲོང་ཁྱེར་དུ་གཏན་སྡོད་བྱས་པའི་རོང་འབྲོག་པར་མཚོན་ནས་བཤད་ན། ཆོས་སྐྱོང་གི་འགྱུར་ལྡོག་ནི་མི་མང་པོའི་ནང་གི་གཅིག་ཡིན་ཏེ། ཧྥན་ཀུའོ་ཡུས་ནི་མཚོ་སྔོན་ཝེ་ཧྭ་ཁང་གཞིས་དོ་དམ་ཚད་ཡོད་ཀུང་སི་ཞིན་ཧེ་ཡན་ལག་ཀུང་སིའི་འགན་ཁུར་པ་ཞིག་རེད། ཁོས་གསར་འགོད་པར་བཤད་རྒྱུར། མིག་སྔར་ཀུང་སིའི་མི་རེ་ལྔའི་ཁྲོད་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཡན་ནི་གྲོང་ཁྱེར་ལ་སྤར་བའི་རོང་འབྲོག་པ་ཡིན་ལ། མི་ཁ་ཤས་ཤིག་ཆོས་སྐྱོང་ལྟ་བུའི་དོ་དམ་པར་གྱུར་ཡོད། ལས་མི་དེ་དག་གདན་ཞུ་བྱས་ན་ཁོ་ཚོར་ལས་རྐང་ཞིག་བཀོད་སྒྲིག་བྱེད་ཐུབ་པར་མ་ཟད། ཁོ་ཚོའི་ཉེ་འགྲམ་གྱི་གྲོང་ཁྱེར་དུ་གཏན་སྡོད་བྱས་པའི་རོང་འབྲོག་པ་སྔར་ལས་ཀྱང་སྡེ་ཁུལ་གྱི་འཚོ་བ་དང་འཕྲོད་མཐུན་འབྱུང་བར་སྣེ་ཁྲིད་པའི་ནུས་པ་འདོན་ཐུབ།
ཕྱོགས་གཅིག་ནས་ཁེ་ལས་ཀྱིས་ལས་རྐང་འདོན་སྤྲོད་བྱས་ཏེ་ལས་ཀར་ཞུགས་པར་རོགས་རམ་བྱེད་ཅིང་། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གིས་ཐབས་འདོན་ཇུས་འགོད་བྱས་འོག་གསོ་སྦྱོང་རྩ་འཛུགས་བྱས་པ་བརྒྱུད་སྔར་ལས་མང་བོའི་རོང་འབྲོག་པས་ལག་རྩལ་གཅིག་ཤེས་པའི་ཆ་རྐྱེན་བསྐྲུན་ཡོད།
རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཧྲི་ཏི་ལེས་བཤད་རྒྱུར།“ཚོང་རའི་དགོས་མཁོ་ལྟར་ང་ཚོས་གྲོང་ཁྱེར་དུ་སྤར་བའི་རོང་འབྲོག་པར་ངལ་རྩོལ་རྩལ་ནུས་སྦྱོང་བརྡར་བྱེད་པར་ཤུགས་བསྣན་ཏེ། གྲོང་ཁྱེར་དུ་སྤར་བའི་རོང་འབྲོག་པའི་ངལ་རྩོལ་རྩལ་ནུས་ཀྱི་ཆུ་ཚད་ཇེ་མཐོར་བཏང་བས། བཟའ་བཏུང་ཞབས་ཞུ་དང་ལས་སྣོན་ལས་རིགས། སྐྱེལ་འདྲེན་ལས་རིགས། འཕྲུལ་ཆས་ཞིག་གསོ་སོགས་ཐོན་ལས་གཉིས་པ་དང་གསུམ་པར་ཞུགས་པའི་རོང་འབྲོག་པ་ཇེ་མང་ནས་ཇེ་མང་ཡིན། ལྷག་པར་དུ་མི་རིགས་ལག་རྩལ་ལས་སྣོན་བཟོ་གྲྭ་དང་རིག་གནས་སྒྲོག་སྤེལ་སོགས་ལས་རིགས་ཐད་ཚན་རྩལ་ལ་རྟོགས་པ་དང་དོ་དམ་ལ་མཁས་པ། བདག་གཉེར་ལ་བྱང་བའི་མི་རིགས་རིག་གནས་ཐོན་ལས་ཕྱོགས་ཀྱི་སྣེ་ཁྲིད་པ་མང་པོ་བྱུང་ཡོད།” ཧྲི་ཏི་ལེས་མུ་མཐུད་དུ“མགྱོགས་མྱུར་ངང་འབྲོག་ཕྱོགས་ནས་གྲོང་ཁྱེར་པར་འགྱུར་བའི་གོ་རིམ་འགྲུབ་སྟེ། སྔ་མོ་ནས་གྲོང་རྡལ་གྱི་འཚོ་བ་གསར་བ་རོལ་ཆེད། གྲོང་ཁྱེར་དུ་སྤར་བའི་རོང་འབྲོག་པའི་བསམ་བློའི་ལྟ་བའང་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད་ཅིང་། འཚོ་བ་གསར་བ་རོལ་བའི་བྱེད་ཐབས་འཚོལ་བ་དང་རང་འགུལ་སྒོས་ཚོད་ལྟ་བྱེད་པའི་སྒང་ཡིན། རོང་འབྲོག་པའི་དངོས་པོའི་འཚོ་བ་དང་བསམ་པའི་རིག་གནས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་མངོན་གསལ་དུ་ཇེ་མཐོར་སོང་བ་དང་མཉམ་དུ། ཚང་མའི་བསམ་པའི་རྣམ་པ་ལའང་འགྱུར་ལྡོག་ཆེན་པོ་བྱུང”ཟེར།
གཏན་འཇགས་སྡོད་གནས་ཤིག་ཡོད་ཚེ། སེམས་པ་ད་གཟོད་བདེ་ལ་འབབ་ཐུབ།
ཐང་ནག་ཞང་སེང་ལྡེང་སྡེ་བ་ནི་ས་བབ་དམའ་ཞིང་གནམ་གཤིས་བཟང་ལ། རྫོང་ཡོངས་ཀྱི་རང་བྱུང་ཆ་རྐྱེན་ཧ་ཅང་འཛོམས་པའི་རོང་མ་འབྲོག་གི་ས་ཁུལ་ཞིག་ཡིན་མོད། འོན་ཀྱང་སྡེ་བ་རི་འདབས་སུ་ཆགས་ཡོད་པས་ཞིང་ལས་ལོ་ཏོག་གི་ཐོན་ཚད་མཐོ་ནའང་དྲག་ཆར་དང་འཕྲད་ཚེ་འདམ་རྡོའི་ཆུ་རུད་དང་ས་ཉིལ་བ་ལ་སོགས་པའི་རང་བྱུང་གནོད་འཚེ་ཐེབས་ནས། སྡེ་མི་ཚོར་འབྲུ་རྡོག་གཅིག་ཀྱང་བསྡུ་རྒྱུ་མེད་པ་རེད། རང་བྱུང་གནོད་འཚེ་དེ་དག་གིས་སྡེ་མིའི་ལོ་ཏོག་འདེབས་འཛུགས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། བདེ་འཇགས་ལའང་ཉེན་ཁ་ཆེན་པོ་བཟོ་སྲིད།
རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལྕགས་བྱམས་ཐར་གྱིས“2014ལོར། ང་ཚོས‘སྤྱི་ཡོངས་ནས་འཆར་གཞི་འགོད་པ་དང་དུས་བགོས་ནས་ལག་བསྟར་བྱེད་པ’ཡི་རྩ་དོན་ལྟར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བདུན་ཁྲི་གཉིས་དང་སྟོང་བརྒྱད་བཏང་ནས། མཉམ་ལས་ཁང་དྲུག་གི་རོང་འབྲོག་ཁྱིམ་ཚང་ཉིས་བརྒྱ་ཡི་མང་ཚོགས་ཡུལ་གཞན་དུ་གནས་སྤར་པར་མ་ཟད། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱི་བླང་བྱ་ལྟར་ཁང་བ་དང་གྱང་ར། འཐུང་ཆུའི་བཟོ་འགོད། གློག་འཐེན་བཟོ་འགོད་དང་གཞུང་ལམ་སྲ་བསྒྱུར་སོགས་ལ་སྤྱི་ཡོངས་ནས་འཆར་འགོད་བྱས་ཡོད”ཅེས་བཤད།
ལས་གཞི་ལག་བསྟར་བྱས་པ་བརྒྱུད་སེང་ལྡེང་སྡེ་བའི་སྡེ་མི་རྣམས་རི་ལུང་དང་ཁ་གྱེས་ཤིང་རྫོང་མཁར་དུ་གནས་སྤར་ཏེ། གྲོང་གསར་གྱི་ཆུ་དང་གློག ལམ། རྒྱང་སྒྲོག་བརྙན་འཕྲིན་དང་གསར་འགྱུར། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུའི་ཆ་སྡེབ་སྒྲིག་བཀོད་སྔ་རྗེས་སུ་ཆ་ཚང་དུ་བཏང་ལ། ལྷས་ར་དང་སྒོ་ཆེན། སྤྱོད་ཁང་སོགས་ཀྱང་གཅིག་གྱུར་གྱིས་ཞིག་གསོ་བྱས། གཞུང་ལམ་ཡོད་ཚད་སྲ་བསྒྱུར་བྱས་པར་མ་ཟད་ལྗང་བསྒྱུར་བྱས་པའང་བཟང་།
ད་ལོར་ལོ་གྱ་གསུམ་ཡིན་པའི་ལྔ་སྐྱོང་ཁྱིམ་ཚང་གཡང་དཀར་སྔོན་ཆད་ཧོལ་ཁ་གྲོང་རྡལ་གྱི་དར་དམར་སྡེ་བར་བསྡད་ཡོད། ལོ་འགའི་སྔོན་དུ་རྒན་པས་བྱིས་པ་ཞིག་གཉོར་སྐྱོང་བྱས་པ་དང་། བྱིས་པ་སློབ་གྲྭ་འགྲིམ་པར་སྟབས་བདེ་ཡོང་བའི་ཆེད་དུ་ཕ་ཡུལ་གྱི་སྡོད་ཁང་བཙོངས་ཏེ་རྫོང་མཁར་དུ་ཁང་པ་གླས་ནས་འཚོ་བ་རོལ། འགན་སྲུང་རང་བཞིན་གྱི་སྡོད་ཁང་རེ་ཞུ་བྱས་རྗེས། ཁོ་གཉིས་ལི་ཅིན་སྡེ་ཁུལ་གྱི་ཐོག་ཁང་ཨང་ཉེར་བརྒྱད་པའི་ནང་དུ་སྤར།
རྒྱུས་ལོན་པ་ལྟར་ན། གྲོང་ཁྱེར་དུ་གནས་སྤར་བའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། ཞིན་ཧེ་རྫོང་གིས་སློབ་གསོའི་ཁྱབ་སྟངས་ལེགས་སྒྲིག་དང་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་དུ་བཏང་བས། གྲོང་ཁྱེར་དུ་སྤར་བའི་རོང་འབྲོག་པའི་བྱིས་པ་སློབ་གྲྭར་ཕྱིན་པ་དང་སྨན་པ་སྟོན་པར་སྟབས་བདེ་ཆེན་པོ་བཟོས་ཡོད། བྱིས་བཅོལ་ཁང་དང་སློབ་ཆུང་། དམའ་འབྲིང་བཅས་ཀྱི་ཞུགས་ཚད་སོ་སོར་བརྒྱ་ཆའི་གྱ་བརྒྱད་དང་བརྒྱ་ཆའི་གོ་དགུ། བརྒྱ་ཆའི་གོ་བརྒྱད་བཅས་སུ་སླེབས། ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་ལམ་ལུགས་གསར་བའི་ནང་ཞུགས་པའི་ཚད་བརྒྱ་ཆའི་གོ་དགུ་དང་སྨན་ཡོན་འགྲོ་སོང་རྩིས་བརྒྱབ་ཚད་བརྒྱ་ཆའི་བདུན་ཅུ་ཡན་དུ་སླེབས་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།