ཁ་གཏད་རོགས་སྐྱོར་མཉམ་ལས་ཕྱོགས་ཡོངས་ནས་རིམ་འཕར་བྱས་པའི་རྣམ་པ་གསར་བ་བསྐྲུན་པ་སྟེ་མཚོ་ནུབ་ཀྱི་ལེའུ།
2017.05.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

2010ལོའི་ཟླ་དང་པོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་བཞིའི་བོད་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་པར་ཇུས་ཐག་བཀོད་སྒྲིག་བྱས་པ་དང་། ལོ་ངོ་བདུན་ལྷག་གི་རིང་ལ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སོ་གཉིས་དང་ཀྲུང་དབྱང་ཁེ་ལས་བཅོ་བརྒྱད། དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་བཅས་ཀྱིས་མཚོ་སྔོན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་དང་སྒེར་སེམས་མེད་པར་རོགས་རམ་བྱས་པ་དེས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། སྒེར་སེམས་མེད་པར་རོགས་སྐྱོར་བྱས་པ་བརྒྱུད་ནས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་དགེ་མཚན་ཉམས་སུ་མྱོང་ཐུབ་པ་དང་། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་གྱུར།

དོན་དངོས་ཀྱིས་ར་སྤྲོད་བྱས་པ་ལྟར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་བཞིའི་བོད་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་ཇུས་ཐག་བཀོད་སྒྲིག་བྱས་པ་དེ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ཆེན་པོ་ལ་སྐུལ་འདེད་དང་བོད་ཁུལ་གྱི་ཡུན་རིང་བརྟན་འཇགས་འཐབ་ཇུས་ཆེན་པོ་རྒྱུན་སྲུང་བྱེད་པ། ས་ཁུལ་མཐུན་སྦྱོར་མཉམ་སྤྱོད་དང་ཤར་ནུབ་ས་ཁུལ་གྱི་འཕེལ་རྒྱས་བར་ཐག་ཇེ་ཆུང་དུ་གཏོང་བར་སྐུལ་འདེད་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གིས་མི་རིགས་ས་ཁུལ་གྱི་སྲིད་དབང་རྨང་གཞིའི་བྱེད་ཐབས་ཆེན་པོ་དངོས་འབེབ་བྱས་པ་རེད། 

2010ལོར་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས། ཀྲེ་ཅང་ཞིང་ཆེན་བཅས་ཀྱིས་མཚོ་སྔོན་མཚོ་ནུབ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་། འཕེལ་རྒྱས་བསམ་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱས་པ། སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་བརྟན་འཇགས་དམ་འཛིན། དམངས་ཚིས་དང་གཞི་རིམ། ལས་ཆོད་མཐོར་འདེགས། ཤེས་རིག་ཞབས་ཞུ་བཅས་སུ་ཁ་ཕྱོགས་པ་གཙོར་བཟུང་སྟེ། ལས་གཞི་དག་དགོས་མཁོ་དང་། ཆེ་ཕྱོགས་དང་ཆུང་ཕྱོགས། ཐོན་ལས་དང་ལས་ཞུགས། འཛུགས་སྐྲུན་དང་འཁོར་སྐྱོད་བཅས་དང་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པས། ཁ་གཏད་རོགས་སྐྱོར་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས།
གཅིག ལས་གཞིའི་རོགས་སྐྱོར་ཀྱི་ཤུགས་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར། ཀྲེ་ཅང་ཞིང་ཆེན་ཕྱོགས་ཀྱིས་ལོ་བདུན་གྱི་ནང་བསྡོམས་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ཉིས་བརྒྱ་དང་གསུམ་ལག་བསྟར་བྱས། མཚོ་ནུབ་ཀྱི་མཐོ་རིམ་སློབ་འབྲིང་དང་ན་གོར་མོ་མི་དམངས་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས། གཏེར་ལེན་ཁ་གྲོང་ཁྱེར་གྱི་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས། མི་ཕྱུགས་ཀྱི་འཐུང་ཆུའི་བཟོ་སྐྲུན་སོགས་དམངས་ཚིས་ལ་ཕན་པ་དང་། རྨང་གཞི་སྲ་བརྟན། ཞན་ཆ་ཁ་གསབ་ཀྱི་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱས། 2017ལོར་གནད་ཕིགས་དབུལ་སྐྱོར་དང་། མཚོ་ནུབ་ཁུལ་གྱི་གསར་འགྱུར་ལྟེ་གནས། ཏུའུ་ལན་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི། གཏེར་ལེན་ཁའི་ས་ཞིང་གསར་སྤོར་ཡུལ་སྲོལ་གྲོང་རྡལ་ཆུང་བ་དང་རིག་གནས་ལས་སྐྲུན་གློག་བརྙན་རྟེན་གཞི་སོགས་ལས་གཞི་གོ་བདུན་ལག་བསྟར་བྱེད་པའི་འཆར་གཞི་བཀོད། རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་ལས་གཞི་སུམ་ཅུ་ལག་བསྟར་བྱས་ཤིང་། དེའི་ནང་ཀྲུང་ཧྭ་གློག་ཤུགས་སྡེ་ཚོགས་ཀྱིས་ཏུའུ་ལན་རྫོང་ཤངས་སྡེ་གྲོང་རྡལ་གྱི་རླུང་འཁོར་སྐད་གཉིས་བྱིས་བཅོལ་ཁང་དང་། ཏུའུ་ལན་རྫོང་སོག་བོད་སྨན་ཁང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱས། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱིས་མང་ནེ་ཕྱོགས་བསྡུས་ཞིང་ལས་ཉོ་ཚོང་ཚོང་ར་དང་རིག་རྩལ་བྱ་འགུལ་ལྟེ་གནས་འཛུགས་སྐྲུན་བྱས། ཀྲུང་གོ་རྡོ་སྣུམ་སྡེ་ཚོགས་ཀྱིས་ལིན་ཧུའུ་ཡི་བདེ་འཇགས་འཐུང་ཆུའི་བཟོ་སྐྲུན་དང་རང་བྱུང་སོལ་རླངས་ཁྱིམ་ཚང་དུ་ཐོན་པའི་བཟོ་སྐྲུན། སློབ་འབྲིང་གི་སྐྱེ་དངོས་ས་གཤིས་སློབ་ཁྲིད་ར་བ་དང་ཞིང་ལས་འདེབས་འཛུགས་ར་བའི་ལས་གཞི་འཛུགས་སྐྲུན་བྱས། ཀྲུང་གོ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱིས་ཚ་འདམ་གཞོང་ཆེ་བའི་སྡོད་ཁུལ་གཉིས་ཀྱི་ཞབས་ཞུ་ལྟེ་གནས་དང་། དཀྱིལ་སྙིང་སློབ་གྲྭའི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱས། ཚན་རྩལ་པུའུ་ཡིས་བུའུ་ལན་རྫོང་གི་ཧིན་ཐེ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས་ཚན་རྩལ་ཁེ་ལས་ལྔ་གནད་སར་བཞག་ནས་རོགས་སྐྱོར་བྱས། བཟོ་ལས་འཕྲིན་གསར་པུའུ་ཡིས་གཙོ་བོ་ན་གོར་མོ་ལྷ་མཚོ་འདེབས་འཛུགས་ཀུང་ཟིའི་འཕང་འབྲས་ལོ་མའི་གཟན་རྩྭ་ལས་སྣོན་སོགས་ལས་གཞི་གཉིས་ལ་རོགས་སྐྱོར་བྱས།

གཉིས། ཐོན་ལས་རོགས་སྐྱོར་གྱི་ཤུགས་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར། ཚྭ་འདམ་གཞོང་གི་ཀྲེ་ཅང་བཟོ་ལས་ར་བ་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་ཏེ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ཁྱད་ལྡན་སྐྱེ་དངོས་ཐོན་ལས། སྒྲིག་ཆས་གསར་བཟོ། ཉོ་ཚོང་དངོས་ཟོག་འཁོར་རྒྱུགས་བསྐྱེལ་འདྲེན་སོགས་ཀྲེ་ཅང་ཚོང་ལས་དངུལ་གཏོང་གི་ལས་གཞི་སྐོར་ཞིག་དངོས་འབེབ་ལག་བསྟར་བྱས། ཧུར་ཐག་གིས་ཚྭ་འདམ་གཞོང་གི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་རོགས་སྐྱོར་དང་། མཚོ་ནུབ་ཀྱི་ཞིང་ཕྱུགས་ཁེ་ལས་ཀྱིས་ཧང་ཀྲིག་གྲོང་ཁྱེར་དུ་ཚྭ་འདམ་གཞོང་གི་འཕང་འབྲས་ཐད་འཚོང་ཁང་འཛུགས་པར་རོགས་སྐྱོར་བྱས། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྡེ་ཚོགས་ཀྱིས་ཧུར་ཐག་གིས་ཧྲང་ཧེའི་ཧི་ཧྥུ་ཏ་དང་མཚོ་སྔོན་གྱི་ཆུ་བེད་ཆུ་གློག་སོགས་ཁེ་ལས་ནང་འདྲེན་བྱས་ཏེ། བདེ་བླག་ངང་ལས་གཞི་ལྔ་བཀོད་པ་དང་། མ་དངུལ་སྒོར་དུང་ཕྱུར་དགུ་ལྷག་ཏུ་བསླེབས། ལས་གཞི་དེ་རིག་གནས་ཡུལ་སྐོར་དང་རླུང་ཤུགས་གློག་འདོན། སྒྲིག་ཆས་གསར་བཟོ་སོགས་ཀྱི་ཁྱབ་ཁོངས་ལ་འབྲེལ་ཡོད།

གསུམ། སློབ་གསོ་དང་སྨན་བཅོས་ཆུ་ཚད་མངོན་གསལ་དུ་ཇེ་མཐོར་སོང་། ཀྲེ་ཅང་ཞིང་ཆེན་དང«ཀྲེ་ཅང་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་སློབ་གསོར་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོས་མཐུན་ཡི་གེ»བཀོད་དེ། མཚོ་ནུབ་གྱི་དགེ་རྒན་གསོ་སྦྱོང་ལྟེ་གནས་དང་གཏེར་ལེན་ཁ་གྲོང་ཁྱེར་དཔྱིད་དཔལ་སློབ་ཆུང་། བུའུ་ལན་རྫོང་བྱིས་བཅོལ་ཁང་སོགས་ལས་གཞི་ཉི་ཤུ་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭ་ལྔ་ལ་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བྱས། ལོ་རེར་ཕུལ་བྱུང་དགེ་རྒན་གདམ་གསེས་བྱས་ནས་ཀྲེ་ཅང་དུ་གསོ་སྦྱོང་དང་ལས་འཁུར་སྦྱོང་བརྡར་བྱེད་པར་མངག་པ་དང་། མཚོ་ནུབ་མཐོ་རིམ་སློབ་འབྲིང་དུ“ཧང་ཀྲིག་འཛིན་གྲྭ”བཙུགས། མཚོ་ནུབ་ཁུལ་མི་དམས་སྨན་ཁང་གི་རྒྱང་བསྟེན་གྲོས་བརྟག་མ་ལག་དང་ན་གོར་མོའི་མྱུར་སྐྱོབ་ལྟེ་གནས། ཏུའུ་ལན་རྫོང་སོག་བོད་སྨན་ཁང་སོགས་ལས་གཞི་ཉེར་གཉིས་འཛུགས་སྐྲུན་བྱས། གཏེར་ལེན་ཁ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དང་ཐེམ་ཆེན་དང་ཏུའུ་ལན། བུའུ་ལན་བཅས་རྫོང་གསུམ་གྱི་སྨན་ཁང་ལ་སྨན་བཅོས་སྒྲིག་ཆས་ཉོས། 2013ལོར་ཀྲེ་ཅང་ཞིང་ཆེན་གྱིས་སྔ་གཞུག་ཏུ་ཕུལ་བྱུང་དགེ་རྒན་སོ་བདུན་དང་ཕུལ་བྱུང་སྨན་པ་བཞི་བཅུ་མཚོ་ནུབ་ལ་མངག་ཏེ་སློབ་གསོ་དང་སྨན་བཅོས་བྱ་བར་རོགས་སྐྱོར་བྱས། ཁུལ་མི་དམངས་སྨན་ཁང་གིས་ཀྲེ་ཅང་ཞིང་ཆེན་གྱི་སྨན་བཅོས་ཆེད་མཁས་པའི་རོགས་རམ་འོག སྙིང་ཁམས་ཁྲག་རྩའི་ཁོང་ནད་ཚན་ཁག་བཙུགས་ཏེ། མཚོ་ནུབ་ཤར་ཕྱོགས་ས་ཁུལ་ཏུ་ལག་རྩལ་དེ་མེད་པའི་སྐོང་ཆ་བསྐངས། མིག་སྔར། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་གནད་སའི་ཚན་ཁག་འཛུགས་སྐྲུན་དང་ཕྱོགས་བསྡུས་ཞབས་ཞུ་ནུས་ཤུགས་མངོན་གསལ་དུ་མཐོར་འདེགས་བྱུང་ཡོད།

བཞི། ལས་བྱེད་པའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་ཐོབ།

ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ཀྲེ་ཅང་ཞིང་ཆེན་གྱིས་ཤེས་རིག་རོགས་སྐྱོར་གྱི་ལས་གཞི་ཐེངས་སུམ་བརྒྱ་ཉེར་བཞི་ལག་བསྟར་བྱས། ཀྲེ་ཅང་སློབ་ཆེན་དང་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་སོགས་སློབ་གླིང་དུ་གསོ་སྦྱོང་རྟེན་གཞི་བཙུགས་པ་དང་། གསོ་སྦྱོང་དང་ལས་འཁུར་སྦྱོང་བརྡར། ཟབ་སྦྱོང་བཅས་སུ་ཞུགས་པའི་འཇོན་མི་སྣ་ཚོགས་མི་ཐེངས་ཁྲི་གཉིས་སྟོང་གཉིས་ལྔ་བརྒྱ་ཞེ་དགུར་བསླེབས་ཏེ། ནུས་ཡོད་སྒོས་མཚོ་ནུབ་ཀྱི་ལས་བྱེད་པའི་འཇོན་མི་སྐྱེད་སྲིང་ལ་སྐུལ་འདེད་བྱས། ཀྲུང་གོ་རྡོ་སྣུམ་དང་ཀྲུང་གོ་རྫས་འགྱུར་བཟོ་ལས། ལྕགས་ལམ་སྤྱིའི་ཀུང་ཟི་བཅས་ཀྱིས་ཐབས་ལམ་མང་པོ་ནས་ཁ་གཏད་རོགས་སྐྱོར་བྱེད་སའི་སྨན་བཅོས་དང་སློབ་གསོ་སོགས་ཐད་ཀྱི་འཇོན་མི་སྐྱེད་སྲིང་བྱེད་ཤུགས་རྒྱ་བསྐྱེད་དེ། ཧུར་ཐག་གིས་མཚོ་ནུབ་རང་ས་ཁུལ་གྱི་ཆེད་ལས་ལག་རྩལ་འཇོན་མི་སྐྱེད་སྲིང་བྱས།

ལྔ། བརྗེ་རེས་དང་འགྲོ་འོང་། འབྲེལ་འདྲིས་བཅས་ལ་གྲུབ་འབྲས་མངོན་གསལ་ཐོབ།

མཚོ་ནུབ་ཀྱི་ས་ཁུལ་བརྒྱད་དང་ཀྲེ་ཅང་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར་བརྒྱད་ཀྱི་བར་གྲོགས་བསྒྲིགས་མཉམ་ལས་འབྲེལ་བ་བཙུགས་པར་མ་ཟད། མཚོ་ནུབ་ཀྱི་ས་ཁུལ་སོ་སོར་སྒོར་བྱེ་བ་བཞི་ས་ཡ་བརྒྱད་འབུམ་དྲུག་ལྷག་གི་དངོས་རྫས་དང་མ་དངུལ་ཞལ་འདེབས་སུ་ཕུལ། ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་དང་བརྗེ་རེས། འགྲོ་འོང་བཅས་བྱས་ཚད་ཐེངས་སུམ་བརྒྱ་དྲུག་ཅུ་དང་མི་ཐེངས་སྟོང་བཞི་དགུ་བརྒྱ་བརྒྱད་ཅུར་བསླེབས། མཐོ་རིམ་བར་གྱི་ཕན་ཚུན་འཚམས་འདྲི་ཐེངས་ཉེར་བདུན་དང་མི་ཐེངས་སུམ་བརྒྱ་དང་བདུན་ལ་བསླེབས། རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་ཀྱིས་མཉམ་དུ་རྩ་འཛུགས་བྱས་ཏེ་ཀྲེ་ཅང་དགེ་ཐོན་སློབ་ཆེན་ཟུར་གཏོགས་སློབ་འབྲིང་གི་བོད་རིགས་འཛིན་གྲྭ་དང་བོད་རིགས་སློབ་མའི“མི་རིགས་མཐུན་སྒྲིལ་ཡར་ཐོན”གྱི་དབྱར་ཁའི་སྤྲོ་གསེང་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། “མཛེས་སྡུག་ལྡན་པའི་ཚྭ་འདམ་གཞོང་། ཞི་ཙི་མཚོ་འགྲམ་ནས་མཇལ། རབ་མཛེས་ཁུ་ནུ། ཆན་ཐང་གི་རྨི་ལམ་མངོན”།“ རོགས་སྐྱོར་གྱི་བརྩེ་བ་སེམས་སུ་ཉར”ཞེས་པ་སོགས་བརྗོད་དོན་གཙོ་བོ་ཡིན་པའི་རིག་གནས་དང་གནས་སྐོར་ངོ་སྤྲོད་བྱ་འགུལ་སྤེལ།

2017ལོའི་རོགས་སྐྱོར་བྱ་བའི་དམིགས་འབེན་ལྟར། གཙོ་བོ་ཕྱོགས་ལྔའི་བྱ་བ་ལེགས་སྒྲུབ་བྱེད་དགོས་སྟེ།

གཅིག འགན་འཁྲི་དངོས་འབེབས་དམ་འཛིན་བྱེད་དགོས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི«ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་སོགས་འབྲེལ་ཡོད་བྱ་བའི་ལས་བགོས་བསམ་འཆར»ནང་གི་བརྡ་ཐོའི་བླང་བྱ་ལྟར། མཚོ་ནུབ་ཁུལ་གྱིས་ཕྱོགས་དགུ་ནས་ལག་ལེན་དངོས་འབེབས་བྱེད་ཐབས་ཞིབ་རྒྱས་སུ་བཏང་བར་མ་ཟད། འགན་འཁྲི་ལས་ཁུངས་གསལ་བོ་བྱས། ང་ཚོས་ཏན་ཏན་ཏིག་ཏིག་གིས་དངོས་འབེབས་དམ་འཛིན་དང་། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་དམ་འཛིན་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཏང་སྲིད་འཐུས་ཚབ་ཚོགས་པའི་རྟོག་ཞིབ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བྱེད་དགོས།

གཉིས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་དགོས། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ཡོངས་ནས་ཐོག་མར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་བླང་བྱ་ལྟར། གྲོགས་བསྒྲིགས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲེ་ཅང་ཞིང་ཆེན་གྱི་གློག་རྡུལ་ཚོང་དོན་ལག་རྩལ་དང་སྟེགས་བུའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ནང་དུ་གློག་རྡུལ་ཚོང་དོན་ལག་རྩལ་འཇོན་མི་མི་ཐེངས་སྟོང་གཅིག་གསོ་སྦྱོང་བྱེད་པའི་འཆར་གཞི་བཀོད། ཤུགས་ཕུད་དེ2017ལོར་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་གཅིག་དང་ཞང་གྲོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་ལྔ། སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་དྲ་ཚིགས་ཉེར་ལྔ་གསར་འཛུགས་བྱེད་དགོས། ཤུགས་ཆེན་པོས་ཁམས་གསེང་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་དང་། ཞིང་སྡེའི་གནས་སྐོར་སོགས་ཐོན་ལས་གོང་དུ་སྤེལ་ཏེ། རོང་འབྲོག་པའི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་བྱེད་དགོས།

གསུམ། ཐོན་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་བྱེད་དགོས། ཚྭ་འདམ་གཞོང་གི་ཀྲེ་ཅང་བཟོ་ལས་གླིང་འཛུགས་སྐྲུན་བྱེད་པ་གཙོར་བཟུང་སྟེ། ལུའུ་ཕིན་སྡེ་ཚོགས་ཀྱི་ལས་གཞི་སྔ་མོ་ནས་ལས་མགོ་རྩོམ་པར་སྐུལ་འདེད་བྱེད་པའི་དུས་མཚུངས་སུ། ཚྭ་ཁའི་གྲོང་རྡལ་ཆུང་བ་དང་གཏེར་ལེན་ཁའི་ཞིང་སྦོལ་ཡུལ་སྲོལ་གྲོང་རྡལ་ཆུང་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཆ་འཕྲིན་མཉམ་རོལ་དང་མགྲོན་པོའི་ཡོངས་ཁུངས་སྤེལ་རེས་སོགས་ཀྱི་མཉམ་ལས་རྐྱེན་སྲོལ་ཆགས་པར་བྱེད་དགོས།

བཞི། ཤེས་རིག་དང་ལས་ཞུགས་ཀྱི་རོགས་སྐྱོར་རྒྱ་བསྐྱེད་དགོས། 2017ལོར་རིམ་པ་སོ་སོའི་ལས་བྱེད་པའི་འཇོན་མི་སྣ་ཚོགས་མི་ཐེངས་སྟོང་བཞི་དྲུག་བརྒྱ་ལྷག་གསོ་སྦྱོང་བྱེད་པའི་འཆར་གཞི་བཀོད། སློབ་མའི་ལས་ཞུགས་ནུས་རྩལ་དང་ལས་བསྐྲུན་ཤེས་བྱ། ཁེ་ལས་ཀྱི་མཐོ་རིམ་འཇོན་མིའི་གསོ་སྦྱོང་རྒྱ་བསྐྱེད་དེ། ལས་སྐྲུན་ཀྱིས་ལས་ཞུགས་ལ་སྐུལ་འདེད་དང་གསོ་སྦྱོང་བྱ་བའི་ཞབས་ཞུ་ནུས་ཤུགས་ཇེ་མཐོར་གཏོང་དགོས།

ལྔ། གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་དགོས། ཧུར་ཐག་གིས་ཀྲེ་ཅང་ཞིང་ཆེན་གྱི་སྨྱན་བྱད་དང་མཐུན་སྦྱོར་བྱས་ཏེ་མཚོ་ནུབ་ཀྱི་གནས་སྐོར་ལྗོངས་ཁུལ་དྲིལ་སྒྲོག་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རླངས་འཁོར་ས་ཚིགས་དང་གནམ་གྲུ་ཐང་། འགྲིམ་འགྲུལ་མ་ལམ། གྲོང་ཁྱེར་ནང་དུ་འགྲོ་འོང་བྱེད་སའི་ལམ་འགྲམ། མི་མང་འདུ་ས་བཅས་སུ་མཚོ་ནུབ་ཀྱི་གནས་སྐོར་སྣང་བརྙན་མཚོན་པའི་དྲིལ་སྒྲོག་མཚོན་རྟགས་ཁྱབ་སྤེལ་བྱེད་དགོས། ད་ལོར་མུ་མཐུད་དུ་ཀྲེ་ཅང་ཞིང་ཆེན་དུ་སོང་ནས་རིག་རྩལ་རིག་གནས་ཀྱི་བྱ་འགུལ་དང་མཚོ་ནུབ་དང་ཀྲེ་ཅང་བར་དུ་ཁྱིམ་ཚང་གཅིག་ལྟ་བའི་འབྲེལ་བ་བཙུགས་ཞེས་པའི་དྲིལ་སྒྲོལ་ངོ་སྤྲོད་བྱ་འགུལ་སྤེལ་བའི་དུས་མཚུངས་སུ། མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་དང་ཀྲེ་ཅང་གི་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་སྟོན་ལ་ཞུགས་པའི་བྱ་བ་ལེགས་པོར་སྒྲུབ་་ཏེ། མཚོ་ནུབ་ཀྱི་མིང་གྲགས་ལྗོངས་ཁུལ་དང་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱེད་དགོས།
 

ལོ་ཙཱ་བ། སྒྲོལ་མ་སྐྱིད།