ཁ་གཏད་རོགས་སྐྱོར་མཉམ་ལས་ཕྱོགས་ཡོངས་ནས་རིམ་འཕར་བྱས་པའི་རྣམ་པ་གསར་བ་བསྐྲུན་པ་སྟེ་མགོ་ལོག་གི་ལེའུ།
2017.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

2010ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་དགོས་པ་དང་། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་དང་རྒྱལ་ཁབ་འགྲིམ་འགྲུལ་སྡེ་ཁག རྒྱལ་ཁབ་ནགས་ལས་ཅུའུ། རྒྱལ་ཁབ་གནས་སྐོར་ཅུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་གོ་གློག་དྲ་ཀུང་སི། ཀྲུང་གོ་སྤོ་སྒུལ་ཀུང་སི་སོགས་ཀྲུང་དབྱང་ཁེ་ལས་ཀྱིས་མགོ་ལོག་ཁུལ་གྱི་རྫོང་དྲུག་ལ་ཁ་གཏད་རོགས་སྐྱོར་བྱེད་དགོས་པ་གཏན་འཁེལ་བྱས། ལོ་བདུན་གྱི་རིང་ལ། ཁ་གཏད་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་གཉིས་ཀྱིས་བྱ་བར་ཟུང་འབྲེལ་དམ་པོ་བྱས་ནས། དབུལ་ཐར་མཁྲེགས་གཏོར་དང་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས། སློབ་གསོ། འཕྲོད་བསྟེན་དང་འཇོན་མི་ལ་རྒྱབ་སྐྱོར་བྱེད་པའི་གནད་འགག་གི་བྱེད་ཐབས་ལག་བསྟར་བྱས་པ་དང་། དམངས་ཚིས་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཁ་ཕྱོགས་པའི་རྩ་དོན་ལྟར། དབུལ་ཐར་མཁྲེགས་གཏོར་གྱི་དོན་དངོས་དགོས་མཁོ་ལ་ཟུང་འབྲེལ་དམ་པོ་བྱས་ནས། འཆར་འགོད་དང་འཛུགས་སྐྲུན། དབུལ་སྐྱོར་དང་རིག་གནས་ལ་རྒྱབ་སྐྱོར། དངོས་རྫས་རོགས་སྐྱོར་དང་བསམ་བློའི་འདུ་ཤེས་བརྒྱུད་སྤྲོད་སོགས་ཟུང་འབྲེལ་བྱས་ཏེ། འཆར་འགོད་སྣེ་ཁྲིད་དང་ལས་གཞི་དོ་དམ། འཇོན་མི་གསོ་སྐྱོང་། བསམ་བློ་བརྗེ་རེས་བཅས་བྱས་ནས། ཁ་གཏད་རོགས་སྐྱོར་བྱ་བ་བདེ་བླག་ངང་སྤེལ་བར་ཡར་སྐུལ་བྱས།

ཁ་གཏད་རོགས་སྐྱོར་གྱི་ནུས་ཤུགས་སྔར་ལས་ལྷག་པའི་ཇེ་ཆེར་བཏང་བ། ཧྲང་ཧེ་ཡི་ཁ་གཏད་རོགས་སྐྱོར་གྱི་ཐད། ལོ་བདུན་གྱི་རིང་ལ། བསྡོམས་པས་ཁ་གཏད་རོགས་སྐྱོར་ལས་གཞི་བཞི་བརྒྱ་སོ་བདུན་དངོས་འབེབ་བྱས། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་ཐད། ལོ་བདུན་གྱི་རིང་ལ། ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་ལས་གཞི་ཞེ་གཉིས་དངོས་འབེབ་བྱས། ལས་གཞི་དེ་དག་ལག་བསྟར་བྱས་པས། མགོ་ལོག་ཁུལ་གྱི་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཕན་ནུས་ཡོད་པའི་སྒོ་ནས་ལེགས་བཅོས་བྱས་པ་དང་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་བ། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པ། ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས་པ། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་ལ་ཧུར་ཐག་གི་བྱེད་ནུས་ཐོན་པར་སྐུལ་འདེད་བྱས། ཧྲང་ཧེ་ཡི་ཁ་གཏད་རོགས་སྐྱོར་གསོ་སྦྱོང་དང་ས་གནས་ཀྱི་གསོ་སྦྱོང་བསྡོམས་པས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱ་དང་གཉིས་བསྡུས་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་ལས་བྱེད་དང་དགེ་རྒན། སྨན་བཅོས་མི་སྣ་བཅས་མི་གྲངས་སྟོང་བཞི་དང་བཞི་བརྒྱ་བཅུ་གསུམ་བཅས་གསོ་སྦྱོང་ལ་ཞུགས། ཐིན་རིམ་པའི་ལས་བྱེད་མི་སྣ་བདུན་དང་རྫོང་རིམ་པའི་ལས་བྱེད་མི་སྣ་སོ་བདུན། ཁའོ་རིམ་པའི་ལས་བྱེད་མི་སྣ་དོན་དྲུག་བཅས་ཧྲང་ཧེ་རུ་སོང་ནས་ལས་འཁུར་སྦྱོང་བརྡར་ལོ་གཅིག་དང་ཟླ་བ་གསུམ་ལ་བྱས། རིམ་པ་མང་བ་དང་ཕྱོགས་མང་པོའི་གསོ་སྦྱོང་བྱས་པས། གསོ་སྦྱོང་ལ་ཞུགས་པའི་ལས་བྱེད་མི་སྣའི་མིག་རྒྱ་བསྐྱེད་པ་དང་། ཤེས་རྒྱ་ཇེ་ཆེར་སོང་བ་མ་ཟད། ཆེས་གནད་འགག་ནི་འདུ་ཤེས་བསྒྱུར་བ་དང་བསམ་གཞིགས་རྒྱ་བསྐྱེད་པ། ཤེས་བྱའི་གྲུབ་ཚུལ་གསར་སྒྱུར་བྱས་པས། ནུས་ཤུགས་དང་བྱང་ཚད་ཇེ་མཐོར་བཏང་བ་དང་། མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་ཤེས་རིག་གི་རྒྱབ་སྐྱོར་བྱེད་པ་མངོན་འགྱུར་བྱས།

ཁ་གཏད་རོགས་སྐྱོར་བྱ་བའི་གཙོ་གནད་སྔར་ལས་འབུར་ཐོན་ཡིན་པ། ཁ་གཏད་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་གཉིས་ཀྱིས་དམངས་ཚིས་ལ་ཁ་ཕྱོགས་པ་དང་དབུལ་ཐར་མཁྲེགས་གཏོར་ལ་ཁ་ཕྱོགས་པས། ནུས་ཤུགས་ཡོད་དགུས་གཞི་རིམ་མང་ཚོགས་ཀྱི་འདོད་བློ་བསྐང་བ་དང་། ཁ་གཏད་རོགས་སྐྱོར་ལས་གཞིའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས། ཧྲང་ཧེ་ཡི་རོགས་སྐྱོར་ལས་གཞིའི་ཁྲོད་འབྲོག་པའི་གཏན་སྡོད་བཟོ་སྐྲུན་དང་དམངས་ཕྱུག་བདེ་སྡོད། སློབ་གསོ། འཕྲོད་བསྟེན། ཆུ་འདོན་སྤྲོད་སོགས་དམངས་ཚིས་བཟོ་སྐྲུན་གྱིས་རོགས་སྐྱོར་ལས་གཞི་དང་མ་དངུལ་གྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་ཡོད་པས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཕན་ནུས་ཡོད་པའི་སྒོ་ནས་ལེགས་བཅོས་བྱས། དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དུ་བྱས་ནས། “དབུལ་ཐར་བཟོ་སྐྲུན་ལྔ”ལག་བསྟར་བྱས་པ་དང་། སློབ་གསོ་དང་འཕྲོད་བསྟེན། བདེ་སྡོད་བཟོ་སྐྲུན། ཐོན་ལས་དབུལ་སྐྱོར་སོགས་ཀྱི་མངའ་ཁོངས་སུ་དམངས་ཕན་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས། ལོ་བདུན་གྱི་རིང་ལ། བསྡོམས་པས་ལས་གཞི་སྣ་བརྒྱ་དང་བཅོ་ལྔ་དངོས་འབེབ་བྱས་པ་དང་། ཁུལ་ཡོངས་ཀྱི་རྫོང་དྲུག་གི་དབུལ་ཕོངས་སྡེ་བ་རུ་སྒེར་གྱིས་རླངས་འཁོར་བསྐོར་ནས་སྤྲོ་གསེང་གཏོང་ས་དང་གནས་སྐོར་དབུལ་སྐྱོར་མགྲོན་ཁང་། གནས་སྐོར་ཞབས་ཞུའི་ལྟེ་གནས། མི་རིགས་གནས་སྐོར་ལག་ཤེས་བཟོ་རྩལ་ལས་སྣོན། ཐོན་ལས་དཔེ་སྟོན་ས་ཁུལ་གྱི་ལས་གཞི། མ་དངུལ་གྱི་ཕན་པ་ཐོབ་པའི་ལས་གཞི། སྔོ་ཚོད་དྲོད་ཁང་འཛུགས་སྐྲུན་ལས་གཞི། གཟན་ཆས་རྟེན་གཞི་འཛུགས་སྐྲུན་དཔེ་སྟོན་ལས་གཞི། འབྲོག་ཁྱིམ་སྤྲོ་གསེང་གནས་སོགས་གནས་སྐོར་དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་ལག་བསྟར་བྱས། རྒྱལ་ཁབ་གློག་དྲ་ཀུང་སིས་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་སྐྲུན་བྱས་ཏེ། ན་གོར་མོ་གྲོང་ཁྱེར་དུ་རྨ་སྟོད་རྫོང་འོད་ཧྥུ་གློག་འདོན་ས་ཚིགས་དབུལ་སྐྱོར་ལས་གཞི་ཡོངས་འགྲུབ་བྱས་པ་དང་། ཡོངས་འགྲུབ་བྱས་ནས་མ་དངུལ་བཏང་རྗེས་ལོ་རེར་སྒོར་ས་ཡ་དགུ་ལེན་ཐུབ་པ་མ་ཟད། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སྟོང་བཞི་དང་ལྔ་བརྒྱ་སོ་གཅིག་གི་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་སྟོང་གཅིག་དང་དགུ་བརྒྱ་གྱ་དྲུག་ཡིན་པ་དང་། ས་གནས་གཞན་ནས་དབུལ་སྐྱོར་ཐོན་ལས་ལག་བསྟར་བྱས་པས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣས་དངོས་སྒྲུབ་དངོས་གཉེར་གྱི་རྣམ་པ་གསར་བ་བསྐྲུན། ལོ་བདུན་གྱི་རིང་ལ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣར་ཆབ་སྲིད་ཀྱི་སྟེང་ཡིད་རྟོན་གང་ལེགས་བྱས་པ་དང་། བྱ་བའི་སྟེང་རྒྱབ་སྐྱོར་ཆེན་པོ་བྱས་པ། འཚོ་བའི་ཐད་སེམས་ཞིབ་མོས་ལྟ་སྐྱོང་བྱས་པ། དོ་དམ་གྱི་སྟེང་རེ་བ་གཟབ་ནན་བྱས་པས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣས་བློ་རིག་དང་ཡར་ཐོན་བརྩོན་པར་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱས། སྐོར་གསུམ་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་རེ་དྲུག་གིས་བློ་སེམས་རྩེ་གཅིག་གིས་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་དང་། མཐོ་འཁྱག་གི་དབྱང་དབུགས་དཀོན་པ་ཁྱད་བསད་བྱས་ནས། གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། ལས་བྱེད་མང་ཚོགས་ལ་སེམས་གཏམ་བཤད་པ་དང་གྲོགས་སྒྲིག་པ། ཚང་མས་དགོས་མཁོ་ལྟར་གནད་དོན་ཐག་གཅོད་བྱེད་དགོས་པ་རྣམས་ལ་རྒྱུས་ལོན་བྱས་པས། གནས་ཚུལ་མང་པོ་ཤེས། དེ་དང་ཆབས་ཅིག ཧུར་ཐག་གིས་ཧྲང་ཧེ་གྲོང་ཁྱེར་ལ་སྙན་ཞུ་བྱས་ཏེ། ཁ་གཏད་རོགས་སྐྱོར་བྱ་བའི་བསམ་འཆར་བཏོན་པ་དང་། ཧྲང་ཧེ་དང་ཁུལ་ཏང་ཨུ། ཁུལ་སྲིད་གཞུང་གི་རེ་བ་ལྟར། རྫོང་སོ་སོ་དང་སྡེ་ཁག་སོ་སོར་མཛུབ་སྟོན་བྱས་ནས་སྙན་ཞུའི་ལས་གཞི་ལེགས་འདེམས་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་གོང་ཞུའི་ལས་གཞི་རེ་རེ་ཞིབ་འཇུག་དབྱེ་ཞིབ་བྱས་པ་དང་། རོགས་སྐྱོར་ལས་གཞིའི་ཕན་འབྲས་ཆེས་མཐོ་ཅན་ཡིན་པ་ཁག་ཐེག་བྱས། དེ་དང་ཆབས་ཅིག མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཀྱིས་དམངས་ལ་དོན་དངོས་སྒྲུབ་པ་དང་། འཆར་གཞིའི་ཕྱི་ཡི་ལས་གཞི་དང་མ་དངུལ་གཙོ་གནད་དུ་བཟུང་ནས་བརྩོན་ལེན་བྱས་པས། གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་མང་ཚོགས་ལ་རོགས་སྐྱོར་བྱས་པ་དང་། མགོ་ལོག་གི་དཀའ་ཁག་ཡོད་པའི་ཁྱིམ་ཚང་དང་སློབ་མ་སོགས་ལ་གཅེས་སེམས་ཕུལ་ནས་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ་དང་། དངོས་རྫས་དང་མ་དངུལ་སྒོར་སྟོང་བརྒྱད་དང་བརྒྱད་བརྒྱ་སོགས་ཀྱི་རོགས་སྐྱོར་སྣ་ཚོགས་སྤེལ་བས། ཁ་གཏད་རོགས་སྐྱོར་ལ་གསོན་ཤུགས་གསར་བ་བསྣན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཤར་ནུབ་ཕྱོགས་ཀྱི་དབུལ་སྐྱོར་རོགས་ལས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཁ་གཏད་རོགས་སྐྱོར་བྱ་བར་ཤུགས་སྣོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་ལེན་དངོས་འབེབ་བྱས་ཏེ། རྗེས་ཕྱོགས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རིམ་པ་དང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་། རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་གཤམ་གྱི་གྲོས་འཆར་བཏོན་པ།

སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་གཏོང་བ། ཕྱོགས་གཅིག་གི་ཐད་ནས། ཧྲང་ཧེ་གྲོང་ཁྱེར་གྱི་རིགས་སོ་སོའི་ལས་རིགས་ལག་རྩལ་སློབ་གྲྭས་མགོ་ལོག་ས་ཁུལ་གྱི་སློབ་མ་བསྡུ་ལེན་དང་གསོ་སྐྱོང་ནུས་ཤུགས་ཇེ་མཐོར་གཏོང་བ་དང་ཆབས་ཅིག མིག་སྔར་ཧྲང་ཧེ་རུ་སློབ་སྦྱོང་བྱེད་པའི་འབྲིང་རིམ་ཆེད་ལས་སློབ་མ་དེ་རིམ་བཞིན“2+3”གྱི་རྣམ་པའི་མཐོ་རིམ་ལས་རིགས་སློབ་གསོ་རུ་བསྒྱུར་དགོས། ཕྱོགས་གཞན་ཞིག་གི་ཐད། རྗེས་ཕྱོགས་ཧུར་ཐག་གིས་རྒྱལ་ཁབ་སློབ་གསོའི་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་བྱེད་ཐབས་ཁྱད་པར་བ་ལག་བསྟར་བྱས་ནས། ཧྲང་ཧེ་གྲོང་ཁྱེར་གྱི་མཐོ་འབྲིང་སློབ་གྲྭ་ཁ་ཤས་ཀྱིས་མགོ་ལོག་ས་གནས་ཀྱི་སློབ་མ་བསྡུ་ལེན་བྱེད་པ་དང་། མུ་མཐུད་དུ་མགོ་ལོག་ཁུལ་གྱི་མཐོ་འབྲིང་སློབ་མ་མཐོ་རྒྱུགས་སུ་ཞུགས་ཚད་ཇེ་མཐོར་གཏོང་དགོས། དེ་དང་ཆབས་ཅིག སློབ་གསོའི་དོ་དམ་འཇོན་མི་དང་རྐང་འཛིན་དགེ་རྒན་མགོ་ལོག་ཁུལ་དང་རྫོང་གི་སློབ་གྲྭ་ཆུང་འབྲིང་དུ་ཡོང་ནས་དགེ་རྒན་བྱེད་པ་དང་། བཤད་རོགས་ཁྲིད་གསུམ་གྱི་རྣམ་པས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།

ཆ་འཕྲིན་ལག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་མུ་མཐུད་དུ་ཤུགས་སྣོན་དགོས། ཉེ་བའི་ལོ་འགའི་རིང་ལ། ཧྲང་ཧེ་གྲོང་ཁྱེར་གྱིས་སློབ་གྲྭ་ཆུང་འབྲིང་གི་རྒྱང་བསྟེན་སློབ་གསོ་དང་། རྒྱང་བསྟེན་སྨན་བཅོས་ནད་བཅོས་སོགས་ཀྱི་ལས་གཞི་བཀོད་སྒྲིག་བྱས་པ་དང་། མགོ་ལོག་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་པས། ལས་བྱེད་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། རྗེས་ཕྱོགས་མུ་མཐུད་དུ་ཆ་འཕྲིན་ལག་རྩལ་གྱི་སློབ་གསོའི་བྱ་བར་ཤུགས་སྣོན་དགོས་པ་མ་ཟད། རྒྱུན་ལུགས་ཅན་གྱི་བྱ་བའི་ལམ་ལུགས་བཙུགས་ནས། ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་བྱེད་ནུས་འདོན་སྤེལ་ལ་བརྩོན་ལེན་བྱེད་དགོས།

རོགས་སྐྱོར་ས་ཁུལ་གྱིས་ས་གནས་ཕྱིའི་ཁེ་ལས་ཆེ་འབྲིང་དང་སྤྱི་ཚོགས་ལས་ཁུངས་ཟབ་ཞུགས་བྱས་ཏེ་རོགས་སྐྱོར་ས་ཁུལ་གྱི་ཐོན་ལས་གསར་སྤེལ་བྱེད་པར་རྩ་འཛུགས་བྱེད་དགོས། གཙོ་བོར་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ལས་སྣོན། གནས་སྐོར་ཐོན་ཁུངས་གསར་སྤེལ། རིག་གནས་བློ་གསར་སོགས་ཁྱབ་ཁོངས་ཀྱི་གསར་སྤེལ་འཛུགས་སྐྲུན་ཁྲོད་ཞུགས་ནས། ཕྱོགས་གཉིས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ད་ལོ་ནས་བཟུང་། ཁེ་ལས་ཆུང་འབྲིང་དང་ཐོན་ཁུངས་གསར་སྤེལ་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་འགན་འཁྲི་གལ་ཆེན་དུ་བརྩིས་ནས། བྱ་བ་དེ་དངོས་འབེབ་བྱས་ནས་ཕན་འབྲས་འབྱུང་བ་ཁག་ཐེག་བྱ་དགོས།

ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣས་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། རྗེས་ཕྱོགས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་འདེམས་སྐབས། སློབ་གསོ་དང་སྨན་བཅོས། གནས་སྐོར། བཟོ་སྐྲུན་འཆར་འགོད། ཁེ་ལས་དོ་དམ་སོགས་ཐད་ཀྱི་མཐོ་རིམ་མི་སྣ་བདམས་ནས། མགོ་ལོག་གི་སློབ་གསོ་དང་འཕྲོད་བསྟེན། ཚན་རྩལ། ཞིང་ཕྱུགས་ལས། བཟོ་སྐྲུན་ལག་རྩལ་དང་ཁེ་ལས་དོ་དམ་སོགས་ཐད་ཀྱི་འཇོན་མིའི་ཞན་ཆ་ཁ་གསབ་བྱས། ཕྱོགས་གཉིས་ཀྱི་ལས་ཁུངས་ཀྱི་མཉམ་ལས་འབྲེལ་བ་སྐུལ་འདེད་བྱས་ཏེ། མགོ་ལོག་གི་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་སོགས་ཀྱི་མངའ་ཁོངས་ཀྱི་ལག་རྩལ་དཀའ་གནད་ལ་རོགས་སྐྱོར་བྱེད་པ་དང་། ཧྲང་ཧེ་དང་མཉམ་འབྲེལ་བྱས་ཏེ་ས་ཁོངས་སོ་སོ་དང་ས་ཁུལ་སོ་སོའི་འཆར་འགོད་དང་ལག་རྩལ་འགག་སྒྲོལ་སོགས་ཐད་ལ་བློ་རིག་འདེགས་སྐྱོར་བྱེད་དགོས།

གོ་རིམ་རྗེས་མར། མགོ་ལོག་ཁུལ་གྱིས་སྤུན་ཟླ་ས་ཁུལ་དང་ལས་ཁུངས་ཀྱིས་ཁ་གཏད་རོགས་སྐྱོར་ཐད་ཀྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་བཟུང་ནས། དངོས་གནས་སྙན་ཞུའི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། བྱ་བའི་ལམ་ལུགས་མུ་མཐུད་དུ་གསར་སྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལྟ་བཤེར་ལྟ་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་ཧྲང་ཧེ་ཡིས་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཆུ་ཚད་དང་རིམ་པ་ཇེ་མཐོར་གཏོང་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།