ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་ཆེད། ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་ཁུལ་དང་རྫོང་གི་མ་དངུལ་སྣ་ཚོགས་སྒོར་མོ་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་ལྔ་ཧྲིལ་བསྡུས་བྱས་ནས་སྡེ་བ་བཅུ་དགུ་རུ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་རྟེན་གཞི་ཆེན་མོ་དྲུག་འཛུགས་སྐྲུན་བྱས།
དེ་དང་ཆབས་ཅིག་གཞི་རིམ་དུ་བསྐྱོད་པའི་ལས་བྱེད་ཚན་ཆུང་དང་སྡེ་སྡོད་ལས་བྱེད་རུ་ཁག་སོ་སོས་སྡེ་བ་སོ་སོའི་ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་སྦྲེལ་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་རང་སྡེ་བའི་དོན་དངོས་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རོགས་བྱས། གཅིག་སྒྲིལ་རྫོང་གི་ཞིང་ཕྱུགས་ལས་དང་ནོར་སྲིད་སོགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྐྱེ་ཁམས་ཞིང་ཕྱུགས་ལས་མཉམ་ལས་ཁང་གི་རྩིས་ཐོ་ཞིབ་རྩིས་དང་། དུས་རྒྱུན་གྱི་རྩིས་ཐོ་འབྲི་བ། རྩིས་ཐོའི་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱད་གཅིག་བསྡུས་སྒོས་སྤེལ་བ་དང་། མི་ཉིས་བརྒྱ་ལྷག་གསོ་སྦྱོང་ནང་ཞུགས་པས། སྐྱེ་ཁམས་མཉམ་ལས་ཁང་ཚད་ལྡན་ངང་འཕེལ་རྒྱས་འབྱུང་བར་ནུས་ལྡན་སྒོས་སྐུལ་སྤེལ་བཏང་། རྨ་ཆེན་རྫོང་དུ་སྡོད་པའི་ལས་བྱེད་ཚན་ཆུང་གིས་མ་དངུལ་སྒོར་མོ་ཁྲི་གསུམ་ལྷག་དོན་འཁྱོལ་བྱས་ཏེ་ཚོང་བར་འབྲེལ་གཏུག་དང་སྔོ་ཚོད་ཀྱི་ས་བོན་མཁོ་འདོན་བྱས་ཤིང་། ཆུ་བ་རྒྱ་བཟའ་སྡེ་བ་རྒྱ་བཟའི་ཀླད་དང་ཐ་ར་ལུང་སྡེ་བའི་དུད་ཁྱིམ་ཉེར་དྲུག་གི་དབུལ་ཕོངས་མང་ཚོགས་ཀྱིས་སྔོ་ཚོད་འདེབས་པར་རོགས་སྐྱོར་བྱས་པས། མང་ཚོགས་ཀྱི་སྔོ་ཚོད་འདེབས་འཛུགས་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་བྱས།
རོགས་སྐྱོར་བྱ་ཡུལ་གྱི་སྡེ་བའི་ཧྲུའུ་ཅི་དང་པོ་དང་རོགས་སྐྱོར་ལས་བྱེད་ཚན་ཆུང་གཉིས་དབུལ་སྐྱོར་གྱི་ཡུལ་དངོས་དང་པོར་སོང་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་དབུལ་བོར་གྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་བྱ་བས་དབུལ་ཐར་མཁྲེགས་གཏོར་ཡོང་བ་དང་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་རིགས་ལམ་ལ་ཞིབ་འཇུག་བྱེད་པར་མཛུབ་སྟོན་བྱས། སྐོར་གཅིག་ཅན་བརྒྱད་ཀྱི་ཆེད་དམིགས་འགུལ་སྐྱོད་དང་ལས་རིགས་བཅུ་བདུན་གྱི་རོགས་སྐྱོར་འཆར་འགོད་ལྟར། མི་དང་གནས་བབ་ལ་བསྟུན་ཏེ་ཐོན་ལས་ཆ་སྡེབ་བྱས། མང་ཚོགས་ཀྱིས་རེ་ལྟོས་བྱེད་བཞིན་པའི་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཏེ་ཐོན་ཁུངས་གནད་ཁེལ་སྒོས་བཀོད་སྒྲིག་བྱེད་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ཤུགས་ཆེན་པོས་ལེགས་བཅོས་བྱས་པར་མ་ཟད། གཞི་རྩའི་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཧུར་ཐག་སྒོས་ཇེ་མཐོར་བཏང་། དགའ་བདེ་རྫོང་གིས་དབུལ་ཕོངས་སྡེ་བར་ཨར་འདམ་གྱི་ལམ་སྤྱི་ལེ་གྲུ་བཞི་མ་སྟོང་ལྔ་ལྷག་ལས་པ་དང་། སྡེ་བའི་ལམ་འཛུགས་སྐྲུན་གྱི་མ་དངུལ་སྒོར་མོ་འབུམ་དྲུག་དང་ཁྲི་བདུན་ལྷག་ལག་ལེན་དོན་འཁྱོལ་བྱེད་ཐུབ་པ་བྱུང་།
རྨ་ཆེན་རྫོང་རི་རྒྱན་སྡེ་བས་འབྲོག་པ་དང་བླངས་པ་རེ་བརྒྱད་རྩ་འཛུགས་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་བཞོན་མ་གསོ་སྤེལ་རྟེན་གཞིའི་རྩྭ་ས་མུའུ་སྟོང་གཉིས་སྟེང་གི་ཨ་བྲའི་གནོད་འཚེ་བཅོས་སྐྱོང་བྱས་པ་དང་། སྡོམ་ཁོག་ཞང་སྡོམ་ཁོག་སྡེ་བའི་ཏང་ཀྲི་པུའུ་ཡིས་རང་སྟེང་ནས་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་གཉིས་ལྷག་གསོག་པ་དང་། འབྲོག་པ་མང་ཚོགས་དང་སྡེ་སྡོད་ལས་བྱེད་པ་ལྔ་བརྒྱ་དང་གྱ་དྲུག་རྩ་འཛུགས་བྱས་ཏེ། རྩྭ་ས་སྤྱི་ཆིངས་ཁྲི་གཉིས་དང་སྟོང་བཞི་དྲུག་བརྒྱ་རེ་བདུན་ཐོག་གི་ཨ་བྲའི་གནོད་འཚེ་བཅོས་སྐྱོང་བྱས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།