དམངས་ཚིས་ལེགས་བཅོས་ཁྲོད་ནས་མང་ཚོགས་ལ་ཕན་ཁེ་སྔར་ལས་མང་པོ་ཐོབ།
2017.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

 ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་པས། དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་བ་དང་། དམངས་ཚིས་དམིགས་ཚད་ཁ་ཤས་ནུབ་རྒྱུད་ཀྱི་མདུན་གྲས་སུ་བསླེབས། འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་རོང་འབྲོག་པའི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་སྲུང་བཅས་སྣ་གཅིག་ཡིན་པ་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་བཅས་འཁོར་སྐྱོད་ལེགས་པའི་ཕྱོགས་སུ་བསྒྱུར་ཏེ། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་སྐུལ་འདེད་བྱས།

2016ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་བྱ་གཞག་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ། ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་མ་དངུལ་མང་པོ་དང་ནུས་ཤུགས་ཆེན་པོ་བཏོན། དམངས་ཚིས་ཐད་བཏང་བའི་མ་དངུལ་དེ་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔ་ཟིན་པ་དང་། དམངས་ཚིས་དང་འབྲེལ་བའི་སློབ་གསོ་དང་སྨན་བཅོས། ལས་ཞུགས། སྡོད་ཁང་། སྤྱི་ཚོགས་འགན་སྲུང་སོགས་ལས་དོན་སྣ་ཚོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་པས། མི་དམངས་མང་ཚོགས་ཀྱིས་དྲོད་ཁོལ་དང་རེ་བ་གསར་བ་མཐོང་ཞིང་། དམངས་ཚིས་འགན་སྲུང་དེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་བའི་་སྟོབས་ཤུགས་གཙོ་བོར་གྱུར།

2017ལོར། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས། གོམ་གང་མདུན་སྒོས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་དང་། མུ་མཐུད་དུ་དམངས་ཚིས་དོན་དངོས་བཅུ་ལེགས་སྒྲུབ་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཤུགས་ཕུད་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་པ་དང་བདེ་སྐྱིད་སྟོན་གྲངས་མཐོར་འདེགས་གཏོང་རྒྱུ་རེད།

2016ལོར། དམངས་ཚིས་འགན་སྲུང་ལ་གྲུབ་འབྲས་ལེགས་པོ་ཐོབ་སྟེ། མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་དྲུག་ལྷག་གསར་དུ་འཕར་སྣོན་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ས་ཡ་གཅིག་འབུམ་གཅིག་ལྷག་སྤོ་བསྒྱུར་ལས་ཞུགས་བྱས་པ། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་གསུམ་ལྷག་གི་ནང་ཚོད་འཛིན་བྱས་པ། སློབ་མཐར་ཕྱིན་པའི་སློབ་ཆེན་པ་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་དགུར་བསླེབས། ལོ་བཅོ་ལྔའི་རིན་མེན་སློབ་གསོ་བརྟན་འཇགས་ངང་ལག་བསྟར་བྱས་པ་དང་། ཞིང་ཆེན་རིམ་པའི་རིག་གནས་ཀྱི་རིག་གནས་ཁང་དང་གཏེར་མཛོད་ཁང་། དཔེ་མཛོད་ཁང་བཅས་འཛུགས་སྐྲུན་བྱས་ནས་བཀོལ་སྤྱོད་བྱས་པ་། རྒྱང་སྒྲོག་བརྙན་འཕྲིན་ཀྱི་ཁེབས་ཚད་བརྒྱ་ཆའི་གོ་གཉིས་ལྷག་ཏུ་བསླེབས། མཚོ་སྔོན་གྱི2030བདེ་ཐང་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་རིན་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཤིང་། མཁར་གྲོང་སྤྱིལ་ཁྱིམ་ས་ཁུལ་གྱི་སྡོད་ཁང་ཁྲི་བརྒྱད་ལྷག་བསྒྱུར་བཀོད་དང་། རོང་འབྲོག་མང་ཚོགས་ཀྱི་ཁང་རྙིང་ཁྲི་དྲུག་ལྷག་བསྒྱུར་བཀོད་བྱས། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གཅིག་ལྷག་ཏུ་ཚོད་འཛིན་བྱས་ཏེ། ཉེ་བའི་ལོ་བཅུའི་རིང་གི་ཆེས་དམའ་བའི་ཚད་དུ་བསླེབས།

ལས་ཞུགས་བརྟན་འཇགས་དང་རྒན་གསོ་མ་དངུལ་མཐོར་འདེགས། སྨན་བཅོས་ཉེན་ཚབ་འཐུས་ཚང་། སྡོད་ཁང་དང་མཁར་གྲོང་གསར་བ་འཛུགས་སྐྲུན། སྔོ་ཚོད་སྣ་འཛོམས། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་སོགས་ཀྱི་ཕུགས་འདུན་རེ་རེ་བཞིན་མངོན་འགྱུར་བྱུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལོངས་སུ་སྤྱོད་ཐུབ་པར་གྱུར་བ་དང་། བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།

ལོ་དེར། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་སྒོར་ཆིག་བརྒྱ་བཞི་བཅུར་འཕར་སྣོན་བྱུང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་མ་དངུལ་བསྡུ་སྒྲིག་གི་ཚད་གཞི་སྒོར་དྲུག་བརྒྱ་ལྷག་ཏུ་ཇེ་མཐོར་སོང་བ། ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་དེ་སྒོར་ཆིག་སྟོང་བདུན་ཅུར་ཇེ་མཐོར་སོང་། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་བརྒྱ་ཆའི་དགུ་འཕར་སྣོན་བྱུང་བ་དང་། འཇོན་མི་སྟོང་གཉིས་ལྷག་གསར་དུ་འཕར་སྣོན་བྱུང་། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་ལྷག་མེད་པར་སྟེར་ཚད་བརྒྱ་ཆའི་གོ་བརྒྱད་དུ་བསླེབས།

ལོ་དེར་ད་རུང་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གོ་ལྔ་ལྷག་གི་སྡོད་དམངས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས། ཞང་གྲོང་འཕྲོད་བསྟེན་ཁང་གིས་མི་ཐེངས་ས་ཡ་གཉིས་འབུམ་དྲུག་ལྷག་ལ་བརྟག་བཅོས་བྱས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ལེགས་བཅོས་ཆེན་པོ་བྱུང་སྟེ། རིམ་ཕྱེའི་བརྟག་བཅོས་ལ་ཐོག་མའི་ཕན་འབྲས་ཐོབ་པ་དང་། གཞི་རིམ་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུ་བེད་སྤྱོད་ཀྱི་ཚད་ཇེ་མཐོར་སོང་ནས། དུས་ཚོད་སྐར་བཅུའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རིམ་བཞིན་ཆགས།

ལོ་དེར་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མའི་སློབ་སྔོན་གྱི་ལོ་གསུམ་དང་འོས་འགན་སློབ་གསོའི་ལོ་དགུ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་ལོ་གསུམ་བཅས་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་ཤིང་། མཁར་གྲོང་གི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གཅིག་གྱུར་བྱས་ཏེ། འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་།

ལོ་དེར་གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་སོ་སོར་མི་རེར་ཟླ་རེར་སྒོར་བཞི་བརྒྱ་དང་མི་རེར་ཟླ་རེར་སྒོར་ཉིས་སྟོང་དགུ་བརྒྱ་བདུན་ཅུར་བསླེབས་པ་དང་། ལྔ་སྐྱོང་བྱ་ཡུལ་གྱི་གཉོར་སྐྱོང་ཚད་གཞི་དེ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅོ་བརྒྱད་དུ་བསླེབས། དཀའ་ཁག་ཆེ་བའི་མང་ཚོགས་མི་ཐེངས་འབུམ་བརྒྱད་ཁྲི་གཅིག་ལྷག་ལ་སྨན་བཅོས་རོགས་སྐྱོབ་བྱས་པ་དང་། དཀའ་ཁག་ཆེ་བའི་ཁྱིམ་ཚང་ཁྲི་བརྒྱད་ལྷག་ལ་གནས་སྐབས་ཀྱི་རོགས་སྐྱོབ་བྱས་ཏེ། དོན་ངོ་མའི་ཐོག་ནས་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་ལེགས་པོ་བྱས།

དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མང་ཚོགས་ཀྱི་དོན་དུ་བསམ་བློ་གཏོང་བ་དང་མང་ཚོགས་ལ་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་ཁག་སེལ་བའི་སྲིད་སྐྱོང་འདུ་ཤེས་ཀྱི་བྱེ་བྲག་གི་མཚོན་བྱ་ཅིག་ཡིན་ལ། མ་དངུལ་རེ་རེ་དང་བྱེད་ཐབས་རེ་རེ་ཡིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་གཞི་རྩ་དེ་མཚོན་པར་མ་ཟད། གྲུབ་འབྲས་ཆེན་པོ་དག་ལོངས་སུ་སྤྱོད་པའི་མང་ཚོགས་ཀྱི་གདོང་ལ་སྔ་ན་མེད་པའི་མཛུམ་ཀྱིས་བརྟས་ཡོད།

2017ལོར་དམངས་ཚིས་གཏམ་བཟང་རེ་རེ་འཕྲོ་རིམ་འཕྲོར་གྲགས་འོང་།

མཁར་གྲོང་གི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་བརྒྱད་ལ་གསོ་སྦྱོང་དང་། མཐོ་རིམ་མཐོར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་ལྔ་ཡན་དུ་སྲུང་འཛིན་བྱེད་པ། གཞུང་གཉེར་བྱིས་བཅོལ་ཁང་དོན་ལྔ་གསར་འཛུགས་དང་རྒྱས་སྐྲུན་བྱེད་པ། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོར་འདེགས་དང་ཞིང་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པ། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་བཅོ་ལྔ་དང་། གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་ཟླ་རེར་མི་རེར་སྒོར་ལྔ་བཅུ་ཇེ་མཐོར་གཏོང་བ་དང་། ཞིང་སྡེའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་སུམ་བརྒྱ་ལྔ་བཅུར་ཇེ་མཐོར་གཏོང་བ། མུ་མཐུད་དུ་བྱིས་པའི་འཚོ་བཅུད་ལེགས་བཅོས་དང་། སྦྲུམ་མ་ཞག་སྡོད་བྱས་ནས་བྱིས་པ་བཙའ་བའི་ཁ་གསབ་རོགས་དངུལ་དང་རོང་འབྲོག་ཁུལ་གྱི་བུད་མེད་ཀྱི་སྐྲན་གཉིས་ལ་རིན་མེད་ཞིབ་བཤེར་ལས་གཞི་ལག་བསྟར་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་མ་དངུལ་བསྡུ་སྒྲིག་ཚད་གཞི་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་དང་སྡེ་བའི་སྨན་པའི་གླ་ཕོགས་བཅས་ཇེ་མཐོར་གཏོང་བ། སློབ་གྲྭ་ཉིས་བརྒྱར་འཕྲོད་བསྟེན་ཁང་འཛུགས་པ་དང་། གློ་གཅོང་ནད་པ་སྟོང་གཉིས་ལ་རིན་མི་ལེན་པར་སྨན་བཅོས་བྱེད་པ། ཐུམ་འབུའི་ནད་འགོས་ཡོད་པའི་མི་ས་ཡ་གཅིག་ལ་ཞིབ་བཤེར་བྱེད་པ། ལོ་ལོན་གྱི་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་ཉི་ཤུ་ཇེ་མཐོར་གཏོང་བ། སྡོད་ཁུལ་གྱི་ལོ་ལོན་གཉོར་སྐྱོང་ལྟེ་གནས་སུམ་ཅུ་དང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུ་སྒྲིག་གཞི་བཅུ་གསར་དུ་འཛུགས་པ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་བདུན་བརྒྱ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ། སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང་ཁྲི་ལྔ་ལྷག་བསྒྱུར་བཀོད་དང་རོང་འབྲོག་ཁུལ་གྱི་ཁང་རྙིང་ཁྲི་དྲུག་བསྒྱུར་བཀོད་བྱེད་རྒྱུ་རེད།

མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྟན་པོར་འཛུགས་པ་དང་། སྲིད་དོན་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ནས་ཤེས་རིག་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དངོས་སྒྲུབ་དམངས་ཕྱུག་དང་དངོས་སྒྲུབ་དར་སྤེལ། གསར་གཏོད་བྱེད་ཕོད་པ་དང་འགན་འཁུར་ཕོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡིད་ཚིམ་པའི་དོན་བཟང་དང་དོན་དངོས་མང་པོ་སྒྲུབ་རྒྱུ་ཡིན་ཞེས་པ་འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་ལོ་མགོར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བཞག་པའི་དམ་བཅའ་རེད།

དེ་ཡང་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱ་བར་ཤུགས་སྣོན་བྱེད་པ་དང་། བཙའ་སྐྱེའི་ཞབས་ཞུའི་དོ་དམ་ལེགས་བཅོས་བྱེད་པ། སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ། ནད་རིགས་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཤུགས་ཕུད་དེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དར་སྤེལ་ལ་ཤུགས་སྣོན་བྱས་ཏེ། བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། ལོ་ནང་དུ་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་དགུ་ལ་གཞི་རིམ་ནས་ཐོག་མར་བརྟག་བཅོས་བྱེད་པ་དང་། ཁྱིམ་ཚང་སྨན་པའི་ཞབས་ཞུའི་གྲོས་མཐུན་འགོད་པ་བརྟན་འཇགས་ངང་སྤེལ་ཏེ། ཞབས་ཞུའི་གྲོས་མཐུན་འགོད་ཚད་བརྒྱ་ཆའི་སུམ་ཅུའི་ཡན་ཏུ་བསླེབས་པ་དང་། མི་ཚོགས་གཙོ་བའི་ཞབས་ཞུའི་གྲོས་མཐུན་ཁེབས་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་དུ་བསླེབས་པར་བྱེད་དགོས།

མཁར་གྲོང་གི་སློབ་གསོའི་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། དཀའ་ཁག་ཆེ་བའི་སློབ་མ་ཚང་མ་སློབ་གྲྭར་ཞུགས་ཐུབ་པ་བྱེད་དགོས། དབུལ་ཕོངས་རྫོང་བཅུ་གཅིག་དང་། དབུལ་ཕོངས་སྡེ་བ་ལྔ་བརྒྱ་སོ་གཅིག་གིས་སློབ་གསོའི་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས། མཐོ་འབྲིང་དང་དམའ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་རིགས་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། དབུལ་ཐར་ཕྱུག་བསྒྱུར་གྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། མི་གཅིག་ལས་ཞུགས་དང་ཁྱིམ་ཚང་གཅིག་དབུལ་ཐར་གྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། མུ་མཐུད་དུ་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཏེ། མཁར་གྲོང་གི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པར་གནད་ཕིགས་རོགས་སྐྱོར་ལག་བསྟར་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་དཀའ་ཁག་ཆེ་བར་བརྟེན་ནས་སློབ་གྲྭ་འགྲོ་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་དགོས།

སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་དེ་ལས་ཞུགས་བྱ་བའི་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། དོན་ངོ་མའི་ཐོག་ནས་ལས་ཞུགས་དབུལ་སྐྱོར་དང་ལས་བསྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་བྱེད་པ། མཁར་གྲོང་ངལ་རྩོལ་ནུས་ཤུགས་ཀྱི་ནུས་རྩལ་གསོ་སྦྱོང་བྱ་བ་བཅས་དམ་འཛིན་བྱེད་དགོས། མི་དོན་དང་འཇོན་མིའི་སྒྲིག་སྲོལ་ནང་རྐྱེན་གསར་བསྐྲུན་བྱས་ཏེ། གཞུང་ཞབས་པའི་དཔྱད་ཞིབ་བྱ་དགའི་ལམ་ལུགས་དང་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དོན་ངོ་མའི་ཐོག་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ། ལོ་མཇུག་ཏུ་ཁེ་ལས་ཀྱིས་ངལ་རྩོལ་གན་རྒྱ་འཇོག་ཚད་བརྒྱ་ཆའི་གོ་གཅིག་ཏུ་བསླེབས་པར་བྱས་ཏེ། ཞིང་བ་ཞོར་ལས་པས་གླ་ཕོགས་དུས་ལྟར་དང་ཁ་ཚང་དུ་ལེན་ཐུབ་པར་ཁག་ཐེག་བྱེད་པ་དང་། ཞོར་ལས་པའི་གླ་ཕོགས་ཆད་ལྷག་མེད་པར་སྟེར་ཚད་བརྒྱ་ཆའི་གོ་དྲུག་ཡན་དུ་སྲུང་འཛིན་བྱེད་དགོས།

གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མི་གྲངས་ཀྱི་དཀའ་ཁག་སེལ་བའི་བྱེད་ཐབས་བཏོན་ཏེ། སྨན་བཅོས་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་ཀྱི་ཤུགས་ཚད་རྒྱ་བསྐྱེད་པ་དང་། འགན་སྲུང་ཐོབ་དགོས་ས་ཚང་མར་འགན་སྲུང་ཐོབ་པ་རྒྱུན་འཁྱོངས་བྱེད་དགོས། དཀའ་ཁག་ཆེས་ཆེ་བའི་མི་སྣའི་རོགས་སྐྱོབ་གཉོར་སྐྱོང་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། དཀའ་ཁག་ཆེས་ཆེ་བའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་དྲུག་བརྒྱ་དོན་ལྔར་བསླེབས་པར་བྱེད་པ་དང་། ལས་ཀ་ལས་མི་ཐུབ་པ་དང་ལས་ཀ་ཅུང་ལས་ཐུབ་པ། ལས་ཀ་གཏན་ནས་ལས་མི་ཐུབ་པའི་དཀའ་ཁག་ཆེ་བའི་མི་སྣའི་བདག་སྐྱོང་ཁ་གསབ་དེ་སོ་སོར་མི་རེར་ཟླ་རེར་སྒོར་ཉིས་བརྒྱ་ང་གཉིས་དང་སུམ་བརྒྱ་དོན་བརྒྱད། དྲུག་བརྒྱ་སུམ་ཅུར་བསླེབས་པར་བྱེད་དགོས། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་གཟིགས་སྐྱོང་སོགས་དམངས་སྲིད་རོགས་སྐྱོབ་འགན་སྲུང་སྲིད་ཇུས་དངོས་འབེབས་ནན་མོ་བྱས་ཏེ། མཁར་གྲོང་གི་མ་མཐའི་འཚོ་བ་འགན་སྲུང་དང་ལོ་ལོན་རྒན་པའི་ཁ་གསབ། གཟིགས་སྐྱོང་སོགས་རོགས་སྐྱོབ་འགན་སྲུང་གི་ཚད་གཞི་འོས་འཚམ་སྒོས་ཇེ་མཐོར་གཏོང་དགོས།

དམངས་ཚིས་སྲིད་ཇུས་གསར་བ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་པ་དང་། དམངས་ཚིས་ལས་གཞི་རེ་རེ་ཡིས་དམངས་ལ་དྲོད་ཁོལ་སྦྱིན། ད་ལོར་ང་ཚོར་ཚོར་སྣང་ཟབ་མོ་ཞིག་ཡོད་པ་ནི། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་དགའ་སྤྲོའི་མཛུམ་མདངས་ལས་ཁོ་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་བླ་ལྷག་ཏུ་ཡིད་ཆེས་དང་རེ་བ་ཆེན་པོ་བཅངས་ཡོད་པ་མཚོན་ཐུབ།

ལས་ཞུགས་རྒྱ་བསྐྱེད་དང་། རྒན་གསོ་ལམ་ལུགས་འཛུགས་སྐྲུན། སྨན་བཅོས་རོགས་སྐྱོབ། སྡོད་ཁང་འགན་སྲུང་། སློབ་གསོ་བཅོས་བསྒྱུར། ཡོང་སྒོ་འཕར་སྣོན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དམངས་ཕན་སྲིད་ཇུས་དང་བྱེད་ཐབས་རེ་རེ་ཡིས། མི་རྣམས་ཀྱིས་དོ་སྣང་བྱེད་པའི་དམངས་ཚིས་ལས་དོན་རེ་རེ་འབུར་དུ་ཐོན་པར་བྱས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བསྙེགས་པའི་སེམས་འདུན་དེའང་མཚོན་ཡོད།

དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ནང་མཁོ་རྒྱ་བསྐྱེད་དང་དཔལ་འབྱོར་འཕར་སྣོན་འབྱུང་དུ་འཇུག་པའི་སྒུལ་ཤུགས་གཙོ་བོའང་ཡིན། 2016ལོར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་སྒོས་ཇེ་མཐོར་སོང་ཞིང་། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་བའི་དམངས་ཚིས་དོན་དངོས་བཅུ་བོ་དེ་ཚང་མ་མངོན་འགྱུར་བྱུང་བ་དང་། མཁར་གྲོང་གི་གཞི་རྩའི་རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བ་སོགས་དམངས་ཚིས་དམིགས་ཚད་བཅུ་གསུམ་གྱི་ཚད་གཞི་ཇེ་མཐོར་གཏོང་བའི་ལས་འགན་ཚང་མ་ཡོངས་འགྲུབ་བྱས་པས། མིདམངས་མང་ཚོགས་ཀྱིས་དོན་ངོ་མའི་ཐོག་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་གྱུར།

2017ལོར་མཚོ་སྔོན་པ་ཡི་བདེ་སྐྱིད་སྟོན་གྲངས་དེ་ཕྱོགས་མང་པོ་དང་ཁྱབ་ཁོངས་མང་པོའི་དམངས་ཚིས་བཟོ་སྐྲུན་རེ་རེ་ཏན་ཏན་ཏིག་ཏིག་གིས་སྤེལ་བ་དང་བསྟུན་ནས་སྔར་ལས་ཇེ་མཐོར་སོང་། ལས་ཞུགས་བཟོ་སྐྲུན་དང་འགན་སྲུང་བཟོ་སྐྲུན། སྡོད་ཁང་བཟོ་སྐྲུན། སློབ་གསོའི་བཟོ་སྐྲུན། སྨན་བཅོས་བཟོ་སྐྲུན། རིག་གནས་བཟོ་སྐྲུན་སོགས་དམངས་ཚིས་བཟོ་སྐྲུན་རེ་རེ་ཡིས་དམངས་སེམས་དང་དམངས་ཤུགས་སྔར་ལས་གཅིག་བསྡུས་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་འཕེལ་རྒྱས་ལེགས་པོ་འབྱུང་བར་སྐུལ་འདེད་བྱེད་ངེས་རེད། དམངས་ཚིས་ལེགས་བཅོས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ་ནི། མཚོ་སྔོན་གྱིས་སྔར་བཞིན་འབད་འཐབ་བྱེད་པའི་བསམ་བློ་དང་ཁ་ཕྱོགས་གཙོ་བོ་ཡིན།

མཚོ་སྔོན་གྱི་འཕེལ་རྒྱས་རྨང་གཞི་ཞན་ལ། དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་གྱི་གཞི་ཁྱོན་གྱི་བསྡུར་ཚད་ཆེས་མཐོ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་ཁྱོན་ཡོངས་ལ་འབྲེལ་བའི་བྱ་བ་ཞིག་ཡིན། ང་ཚོས་ངེས་པར་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལ་དོ་ཁུར་དང་དམངས་སེམས་དང་བསྟུན་པ། དམངས་ཤུགས་མཚོན་པར་བྱེད་དགོས། ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཐད་ཀར་གྱི་དངོས་ཡོད་ཁེ་ཕན་གནད་དོན་གཞིར་བཟུང་སྟེ། དམངས་ཚིས་ཁྱབ་ཁོངས་ཀྱི་འགྱུར་ལྡོག་གསར་བ་དང་གནད་དོན་གསར་བ་དམ་འཛིན་དང་། ཤུགས་ཕུད་དེ་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་སོགས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་དང་དངོས་ཡོད་ཆ་རྐྱེན་ལ་བསམ་གཞིགས་ལེགས་པོ་གཏོང་བ་དང་། སྤྱི་ཕན་རང་བཞིན་དང་གཞི་རྩ་ཁག་ཐེག སྙོམས་མཚུངས་ཅན། རྒྱུན་མཐུད་རང་བཞིན། ལུགས་མཐུན་ཁྲིད་སྟོན་བཅས་ཀྱི་སྔོན་དཔག་གི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ཀྱིས་ལོངས་སུ་སྤྱོད་པ་དང་། དམངས་ཚིས་དང་དམངས་སེམས། དམངས་ཤུགས་བཅས་ཕན་ཚུན་ལ་སྐུལ་འདེད་དང་ཕན་ཚུན་ལ་རམ་འདེགས་བྱེད་དུ་འཇུག་དགོས།

མི་དམངས་ནི་དུས་རབས་ཀྱི་གསར་གཏོད་མཁན་ཡིན་ལ། ཕུགས་འདུན་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཀྱང་ཡིན། ཐོག་མཐར་བར་གསུམ་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཚེ། གནད་དོན་གསར་རྙིང་གི་འབྲེལ་མཚམས་ཁྲོད་ནས་ཚན་རིག་གི་བསམ་ཕྱོགས་བསྐྲུན་པ་དང་འཕེལ་རྒྱས་ཀྱི་གནད་འགག་སྒྲོལ་ཏེ། བློ་རྩ་བརྟན་པོས་ཕུགས་འདུན་དེ་མངོན་འགྱུར་བྱེད་པའི་ལམ་དུ་བསྐྱོད་ཐུབ།

ལོ་ཙཱ་བ།སྒྲོལ་མ་སྐྱིད།