རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་།
མཚོ་སྔོན་ཞིང་ཆེན་རྩྭ་ས་དོ་དམ་བྱ་བའི་སྤྱིའི་ས་ཚིགས་ཀྱིས་ལོ་མང་པོར་ལྟ་སྐུལ་ཚད་ལེན་བྱས་པ་ལྟར་ན། རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་ལག་བསྟར་བྱས་པས། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་དང་རྩྭའི་ཐོན་ཚད་མངོན་གསལ་དུ་ཇེ་མཐོར་སོང་། རྩྭ་སའི་སྔོ་ཁེབས་ཀྱི་ཚད་དེ2010ལོའི་བརྒྱ་ཆའི་ལྔ་བཅུ་ལྷག་ནས2015ལོའི་བརྒྱ་ཆའི་ལྔ་གསུམ་ལྷག་ཏུ་ཇེ་མཐོར་སོང་བ་དང་། རྩྭ་ཐོན་ཚད་དེ2010ལོའི་མུའུ་རེའི་སྤྱི་རྒྱ་ཆིག་བརྒྱ་ང་དགུ་ནས2015ལོའི་མུའུ་རེའི་སྤྱི་རྒྱ་ཆིག་བརྒྱ་བདུན་ཅུར་ཇེ་མཐོར་སོང་། རྩྭ་སའི་སྔོ་ཁེབས་ཇེ་བཟང་དུ་གྱུར་བའི་གཞི་ཁྱོན་གྱིས་བརྒྱ་ཆའི་གྱ་དྲུག་ལྷག་ཟིན། ཕྱུགས་ཟོག་ལུག་གི་རྩིས་གཞི་ས་ཡ་ལྔ་འབུམ་བདུན་ཇེ་ཉུང་དུ་བཏང་ཞིང་། ཕྱུགས་ཟོག་ཤོང་ཚད་ལས་བརྒལ་བ་དེ2010ལོའི་བརྒྱ་ཆའི་སོ་ལྔ་ལྷག་ནས་བརྒྱ་ཆའི་གསུམ་ལྷག་ཏུ་ཇེ་དམར་སོང་། ནང་སྒོས་སུ2012ལོར་ཕྱུགས་ཟོག་ཇེ་ཉུང་དུ་བཏང་བ་དང་། ཆར་སུ་དུས་སུ་བབས་པས། རྩྭ་སའི་སྐྱེ་ཁམས་སླར་གསོ་བྱ་བར་ཕན་ནུས་ཅུང་མངོན་གསལ་བླངས།
ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་གྱི་ལྟ་སྐུལ་ཚད་ལེན་ལྟར་ན། 2011ལོ་ནས2015ལོའི་བར་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་དང་སྔོ་རྩྭ་ཐོན་ཚད་ཀྱི་བསྡུར་ཚད་མངོན་གསལ་ཡིན་ཞིང་། དེ་གཉིས་ཀྱི་འཕར་ཚད་སོ་སོར་བརྒྱ་ཆའི་བདུན་ལྷག་དང་མུའུ་རེར་སྤྱི་རྒྱ་ང་བདུན་ཡིན་པས། བཟོ་སྐྲུན་གྱི་ཕན་འབྲས་མངོན་གསལ་རེད། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་དཔྱད་འཇོག་དང་ལྟ་སྐུལ་ཚད་ལེན་གྱི་ཡིག་རིགས་ལྟར་ན། གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་ཁུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་དེ2011ལོའི་བརྒྱ་ཆའི་དོན་བཞི་ལྷག་ནས2015ལོའི་བརྒྱ་ཆའི་དོན་བདུན་དུ་ཇེ་མཐོར་སོང་བ་དང་། སྔོ་རྩྭའི་ཐོན་ཚད་དེ་མུའུ་རེར་སྤྱི་རྒྱ་ཆིག་བརྒྱ་དོན་ལྔ་ལྷག་ནས་སྤྱི་རྒྱ་ཉིས་བརྒྱ་བཅུ་བདུན་ལྷག་འཕར་སྣོན་བྱུང་སྟེ། མུའུ་རེར་སྤྱི་རྒྱ་ཞེ་གཉིས་ལྷག་འཕར།
«མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་གྱི་ལོ་འཁོར་གྱི་རྩྭ་སའི་ལྟ་སྐུལ་ཚད་ལེན་ལས་གཞིའི»ལོ་ལྔའི་ལྟ་སྐུལ་ཚད་ལེན་གྲུབ་འབྲས་ལྟར་ན། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་དེ2011ལོའི་བརྒྱ་ཆའི་ང་ལྔ་ནས་བརྒྱ་ཆའི་རེ་བརྒྱད་དུ་ཇེ་མཐོར་སོང་བ་དང་། མུའུ་རེའི་སྔོ་རྩྭའི་ཐོན་ཚད་དེ་སྤྱི་རྒྱ་ཆིག་བརྒྱ་གོ་དྲུག་ལྷག་ནས་སྤྱི་རྒྱ་ཉིས་བརྒྱ་དང་བདུན་ལྷག་ཏུ་འཕར་སྣོན་བྱུང་། ཞིང་ཆེན་ཡོངས་སུ་ཨ་བྲའི་གནོད་པ་ཐེབས་པའི་རྩྭ་སའི་གཞི་ཁྱོན་དེ་མུའུ་དུང་ཕྱུར་གཅིག་ལྷག་ནས2015ལོའི་མུའུ་བྱེ་བ་བརྒྱད་ས་ཡ་ལྔ་ལྷག་ཏུ་ཇེ་ཉུང་དུ་སོང་སྟེ། བརྒྱ་ཆའི་རེ་བདུན་དུ་མར་བབས་པ་དང་། གནོད་པ་ཐེབས་པའི་གཞི་ཁྱོན་ཆེས་ཆེར་ཇེ་དམའ་རུ་སོང་།
ལོ་མང་པོར་རྩྭ་སར་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པའི་ཁྲོད་རྩྭ་སའི་སྔོ་ཁེབས་དང་ཐོན་སྐྱེད་ནུས་ཤུགས་སླར་གསོ་བྱུང་བར་མ་ཟད། སྐྱེ་ཁམས་མ་ལག་གི་ཆེ་ཕྱོགས་གྲུབ་ཚུལ་ལེགས་བཅོས་བྱུང་སྟེ། རྩྭ་སའི་སྐྱེ་ཁམས་ཉམས་ཞན་དུ་གྱུར་བ་བཀག་འགོག་དང་ལྟག་ཆུ་བསྐྱིལ་གསོག་གི་ནུས་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་། ལྟ་སྐུལ་ཚད་ལེན་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་དེ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གྱ་བཞིར་བསླེབས་པ་དང་། བརླན་སའི་གཞི་ཁྱོན་དེ་སྤྱི་ལེ་གྲུ་བཞི་མ་ཆིག་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་བ། རྩྭ་སའི་སྐྱེ་ཁམས་མ་ལག་གི་ལྟག་ཆུ་བསྐྱིལ་གསོག་གི་ཚད་དེ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉེར་བརྒྱད་ལྷག་ཏུ་འཕར་སྣོན་བྱུང་སྟེ། གཙང་གསུམ་འབྱུང་ཡུལ་དུ་མཚོའུ་མང་པོའི་མཛེས་སྡུག་གི་ཁྱད་མཚར་ཡང་བསྐྱར་མངོན་ཞིང་། མཚོ་སྔོན་པོའི་ཆུ་གནས་དེ་ལོ་དགུར་ཇེ་མཐོར་སོང་།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་དང་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའ་སོགས་སྲིད་ཇུས་གལ་ཆེན་དག་ལག་བསྟར་བྱས་པ་ལས། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཆེས་ཆེར་འཕར་སྣོན་བྱུང་བ་དང་། སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་སྟེ། འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་སོང་། 2016ལོར་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་དེ་སྒོར་སྟོང་བརྒྱད་ལྷག་ཏུ་བསླེབས་ཏེ། 2010ལོ་ལས་སྒོར་སྟོང་གསུམ་ལྷག་འཕར་སྣོན་བྱུང་བ་དང་། བརྒྱ་ཆའི་ཆིག་བརྒྱ་དང་ཉེར་བཞི་ལྷག་འཕར། དེའི་ནང་མི་རེའི་ཆ་སྙོམས་སྐྱེ་ཁམས་ཁ་གསབ་བྱ་དགའི་ཡོང་སྒོ་སྒོར་སུམ་སྟོང་ལྷག་ཡོད། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་འབུམ་གཅིག་ཁྲི་གཅིག་ལྷག་གིས་གཏན་སྡོད་སྲིད་ཇུས་ལོངས་སུ་སྤྱད་པ་དང་། འབྲོག་པ་མང་ཚོགས་འབུམ་ལྔ་ཁྲི་གསུམ་ལྷག་རྫོང་མཁར་དང་མཁར་གྲོང་དུ་གཞིས་ཆགས་ཏེ། གཏན་སྡོད་སྡེ་ཁུལ་བརྒྱ་དང་དོན་གསུམ་ཆགས། འབྲོག་པ་མང་ཚོགས་ཁྲི་དྲུག་ལྷག་ཙམ་གྱིས་ཕྱུགས་འཚོ་སྐབས་རྩྭ་ཐང་གི་སྦྲ་གུར་གསར་བ་བཀོལ་སྤྱོད་བྱས་ཏེ། རང་བྱུང་རྩྭ་ས་ཁོ་ནར་བསྟེན་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཆུང་དུ་སོང་བའི་དུས་མཚུངས་སུ། བོད་ཁུལ་གྱི་མི་རིགས་སོ་སོ་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བྱས།
ཞིང་ཆེན་ཡོངས་ཀྱིས་རྩྭ་སའི་ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་ལུག་གི་རྩིས་གཞི་ས་ཡ་ལྔ་འབུམ་བདུན་ཇེ་ཉུང་དུ་བཏང་བའི་རྨང་གཞིའི་སྟེང་། ཕྱུགས་འཚོ་མཚམས་བཞག་རུང་གསོ་སྤེལ་བྱེད་མཚམས་མི་འཇོག་པ་དང་། ཕྱུགས་ཟོག་ཇེ་ཉུང་དུ་བཏང་རུང་གསོ་ཁ་ནས་འབུད་ཚད་ཇེ་ཉུང་དུ་མི་གཏོང་བ་མངོན་འགྱུར་བྱས་ཏེ། ཕྱུགས་ལས་ཀྱི་ཐོན་ཚད་ཆེས་ཆེར་འཕར་སྣོན་བྱུང་། 2016ལོར་ཞིང་ཆེན་ཡོངས་ཀྱི་གསོ་ཁ་ན་ཡོད་པའི་ནོར་ལུག་དེ་སོ་སོར་ས་ཡ་ལྔ་འབུམ་ལྔ་ལྷག་དང་བྱེ་བ་གཅིག་ས་ཡ་བཞི་ལྷག་ཏུ་བསླེབས། ནོར་ལུག་གསོ་ཁ་ནས་བུད་ཚད་དེ་སོ་སོར2010ལོ་ལས་བརྒྱ་ཆའི་གྲངས་ཐིག་ལྔ་ལྷག་དང་བརྒྱ་ཆའི་གྲངས་ཐིག་བཅུ་རུ་ཇེ་མཐོར་སོང་། 2016ལོར་ཞིང་ཆེན་ཡོངས་ཀྱི་སྐམ་ལུག་གི་ཤའི་སྤྱིའི་ཐོན་ཚད་དེ་ཏུན་འབུམ་གསུམ་ལྷག་ཏུ་བསླེབས་ཏེ། 2010ལོ་ལས་ཏུན་ཁྲི་དགུ་ལྷག་འཕར་སྣོན་བྱུང་། དེའི་ནང་ཞིང་ཆེན་གཞན་པར་ཤ་ཏུན་ཁྲི་དྲུག་ལྷག་བཙོངས།
རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལས་འགན་སྔར་བཞིན་ལྕི།
སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་མོད། འོན་ཀྱང་ཞིང་ཆེན་ཡོངས་སུ་ཉམས་ཞན་དུ་གྱུར་བ་ཅུང་ཚབས་ཆེ་བའི་རྩྭ་ས་བཅོས་སྐྱོང་བྱས་ཚད་དེ་ཉམས་ཞན་དུ་གྱུར་བའི་གཞི་ཁྱོན་གྱི་བརྒྱ་ཆའི་སུམ་ཅུར་བསླེབས་མེད་པས། ངེས་པར་དུ་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཡུན་རིང་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་སྤྱི་ཡོངས་ནས་སླར་གསོ་དང་ཁྱོན་ཡོངས་ནས་ལེགས་བསྒྱུར་བྱས་ཏེ། སྐྱེ་ཁམས་དང་བྱེད་ནུས་བདེ་འཇགས་ཡིན་པའི་མཐར་ཐུག་གི་དམིགས་འབེན་དུ་བསླེབས་ཐུབ།
མིག་སྔར། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་དེ་སྤྱི་ཡོངས་ནས་ཉམས་ཞན་དུ་གྱུར་བའི་གནས་བབ་ད་རུང་རྩ་བ་ནས་བསྒྱུར་ཐུབ་མེད་པས། ཞིང་ཆེན་ཡོངས་ཀྱི་རྩྭ་ས་སྤྱི་ཆིང་བྱེ་བ་གསུམ་ས་ཡ་གཅིག་འབུམ་དྲུག་ལ་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་ཁ་གསབ་རོགས་སྐྱོར་ལོངས་སུ་སྤྱོད་བཞིན་ཡོད་མོད། འོན་ཀྱང་རྩྭ་ས་སྤྱི་ཆིང་ས་ཡ་དྲུག་འབུམ་བདུན་ཙམ་ཁ་གསབ་བྱ་དགའི་སྲིད་ཇུས་ཁྲོད་བཀོད་མེད། བཟོ་ལས་ཅན་དང་མཁར་གྲོང་ཅན་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྩྭ་སའི་ཐོན་ཁུངས་དང་ཁོར་ཡུག་གི་གནོན་ཤུགས་སྔར་ལས་ཇེ་ཆེར་གྱུར་བས། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་སྔར་བཞིན་ལྕི། དེའི་ཁར་འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཚུལ་སྣ་གཅིག་ཡིན་པ་དང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་ཐེབས་པའི་དབང་གིས། ཐོན་ལས་གཉིས་པ་འཕེལ་རྒྱས་ཀྱི་བར་གསེང་ཆུང་བ་དང་། ཐོན་ལས་གསུམ་པའི་བསྡུར་ཚད་ཆུང་བས། རྗེས་མཐུད་ཐོན་ལས་གོང་དུ་སྤེལ་བར་དཀའ་ཁག་ཆེ་བ་རེད། དུས་མཚུངས་དུ་འབྲོག་ཁུལ་གྱི་རྩ་འཛུགས་ཅན་གྱི་ཆུ་ཚད་དམའ་བས། གསར་སྐྲུན་ནུས་ཤུགས་སྔར་བཞིན་ཞན་པ་དང་། མཉམ་ལས་ཁང་གི་རྩ་འཛུགས་འཁོར་སྐྱོད་ཆུ་ཚད་ཞན་པ་རེད།
ཤུགས་ཆེན་པོས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བྱེད་ན། ཅིས་ཀྱང་མུ་མཐུད་དུ་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་བཟང་པོ་བྱེད་དགོས། རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ནང་རྐྱེན་དང་རྩྭ་སའི་ཁྱབ་ཁོངས་བཅོས་སྐྱོང་གི་མ་ལག་འཛུགས་དགོས། ཁྱོན་ཡོངས་ནས་ཕྱུགས་བཀག་དང་ཕྱུགས་འཚོ་མཚམས་འཇོག་པ། རྩྭ་ཕྱུགས་དོ་མཉམ་བཅས་ཀྱི་ལམ་ལུགས་ཁྱབ་སྤེལ་བྱས་ཏེ། རྩྭ་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དང་། རྩྭ་སའི་སྐྱེ་ཁམས་ཀྱི་ཐོན་རྫས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་བཏང་ནས། རྩྭ་ས་སླར་གསོ་དང་བསྟུད་མར་བེད་སྤྱོད་ཐུབ་པ་མངོན་འགྱུར་བྱེད་དགོས། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འབབ་རྒྱུད། ཆི་ལེན་རི་བོའི་འབབ་རྒྱུད་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བཟོ་སྐྲུན་ལ་དམིགས་ཏེ། ས་ཁུལ་མི་འདྲ་བའི་རྩྭ་སའི་ཐོན་ཁུངས་ཀྱི་སྤུས་ཚད་དང་བྱེད་ནུས་ལྟར། བཅོས་སྐྱོང་བྱེད་ཐབས་མི་འདྲ་བ་སྤྱད་དེ། རྩྭ་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་བྱེད་པ་དང་། རྩྭ་སའི་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་དང་སྐྱེ་ཁམས་བྱེད་ནུས་ཇེ་མཐོར་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས།
ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ན། ད་རུང་ནོར་སྲིད་དང་དངུལ་གཏོང་། ལག་རྩལ་གསར་སྐྲུན། རྩྭ་སའི་རྨང་གཞི་སྒྲིག་ཆས་ཆ་ཚང་སོགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། རྩྭ་ཕྱུགས་མཉམ་འབྲེལ་གྱི་སྐྱེ་ཁམས་ཐོན་ལས་གོང་དུ་སྤེལ་བར་སྐུལ་མ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་མཁོ་འདོན་གྲུབ་ཚུལ་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ལྡན་དང་ལྷད་མེད། འབག་བཙོག་མེད་པ་བཅས་ཀྱི་ཕྱུགས་ལས་ཐོན་རྫས་གཙོར་བཟུང་ནས་གོང་དུ་སྤེལ་བ་དང་། དེང་རབས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་མ་ལག་བཙུགས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཇེ་ལེགས། སྐྱེ་ཁམས་འཆམ་མཐུན་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་དགོས། རྩྭ་སའི་ཕྱུགས་ལས་ཚོད་ལྟ་དེ་གཙོ་བོར་བཟུང་སྟེ། རྩྭ་ལས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་དང་། ཚུལ་བསྒྱུར་རིམ་སྤར་ལ་སྐུལ་འདེད་བྱེད་དགོས། ཚན་རིག་ལག་རྩལ་གྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གནད་འགག་གི་ལག་རྩལ་གལ་ཆེན་གྱི་ཞིབ་འཇུག་ལ་ཤུགས་སྣོན་བྱེད་པ་དང་། མི་ཐབས་ཀྱིས་རྩྭ་འདེབས་པ་དང་། རྩྭ་ཕྱུགས་ཆ་ཚང་། རྩྭ་ས་ལེགས་བསྒྱུར། རྩྭ་སའི་གནོད་འཚེ་འགོག་ཤུགས་ཇེ་དྲག་ཏུ་གཏོང་བ། ཤར་ནུབ་མཉམ་འབྲེལ་དང་ཞིང་ཕྱུགས་ཟུང་འབྲེལ། འཁོར་སྐྱོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱེད་དགོས། རྣམ་པ་མང་ཞིང་གཞི་ཁྱོན་འོས་འཚམ་ལྡན་པའི་བདག་གཉེར་གོང་དུ་སྤེལ་ཏེ། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་དུ་བསྒྱུར་བ་དང་། དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བའི་ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།
དུས་མཚུངས་སུ། ཧུར་ཐག་གིས་འཚོལ་ཞིབ་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། རྩྭ་སའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཛུགས་དགོས། དཔེར་ན། རྩྭ་སའི་ཐོན་དབང་ལམ་ལུགས་དང་རྩྭ་སའི་སྲུང་སྐྱོབ་ལམ་ལུགས། རྩྭ་སའི་ལྟ་སྐུལ་ཚད་ལེན་ཉེན་བརྡའི་ལམ་ལུགས། རྩྭ་ས་ཚན་རིག་ལྟར་བེད་སྤྱོད་པའི་ལམ་ལུགས། རྩྭ་སའི་ལྟ་སྐུལ་དོ་དམ་ལམ་ལུགས་སོགས་ཡིན་པར་མ་ཟད། རྩྭ་སའི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་འབྲེལ་བ་བཞིའི་བྱས་འབྲས་དཔྱད་ཞིབ་ལམ་ལུགས་དངོས་འབེབ་ནན་མོ་བྱས་ཏེ། བྱས་འབྲས་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་གལ་ཆེན་གྱི་གྲུབ་འབྲས་དེ་སྲིད་གཞུང་གི་དམིགས་འབེན་དཔྱད་ཞིབ་དང་སྦྲེལ་ནས། བྱས་འབྲས་དཔྱད་ཞིབ་ནང་རྐྱེན་འཛུགས་པ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་དང་ཞན་འགྱུར་རྩྭ་ས་བཅོས་སྐྱོང་གི་ཚད་སྟེ་དམིགས་ཚད་གཉིས་དབྱེ་འབྱེད་བྱས་ཏེ། སྐྱེ་ཁམས་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། རྩྭ་སྲུང་པའི་འོས་འགན་དེ་རྩྭ་སའི་སྐྱེ་ཁམས་ལྟ་སྲུང་གི་ཕན་འབྲས་དང་སྦྲེལ་བའི་ཡུན་ཕན་ལྟ་སྲུང་ནང་རྐྱེན་འཛུགས་པ་དང་། བབ་བསྟུན་དོ་དམ་དང་རིམ་གྲས་དཔྱད་ཞིབ་ལག་བསྟར་བྱེད་པ། རྩྭ་ལས་ཚན་རྩལ་ཞིབ་འཇུག་དང་ཁྱབ་སྤེལ་གྱི་བྱ་དགའི་ནང་རྐྱེན་འཛུགས་པ་དང་འཚོལ་ཞིབ་བྱས་ཏེ། ཚན་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་དང་ཉེར་སྤྱོད་ལག་རྩལ་ཁྱབ་སྤེལ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་རེད།
རོང་འབྲོག་མང་ཚོགས་ལ་ལག་རྩལ་གསོ་སྦྱོང་བྱས་ཏེ། རོང་འབྲོག་པའི་ལས་རིགས་གསར་བའི་གསོ་སྦྱོང་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་པའི་ཐོན་ལས་བསྒྱུར་བའི་གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། རོང་འབྲོག་པའི་བྱང་ཚད་མཐོར་འདེགས་དང་། འབྲོག་པ་མང་ཚོགས་མཁར་གྲོང་དུ་གཞིས་ཆགས་པར་ཁྲིད་སྟོན་དང་སྐུལ་མ་གཏོང་བ་དང་། ཞིང་ལས་མིན་པའི་ཐོན་ལས་གཉེར་བ་དང་ཁྱབ་ཁོངས་མང་པོ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་བྱས་ཏེ། ཐོན་ལས་སུ་བསྒྱུར་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། རྩྭ་སའི་ཚན་རྩལ་ཤེས་བྱ་ཁྱབ་སྤེལ་དང་། «རྩྭ་སའི་བཅའ་ཁྲིམས»དངོས་འབེབས་བྱེད་པ། འབྲེལ་ཡོད་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྩྭ་ས་གཞུང་བསྡུས་བེད་སྤྱོད་ཀྱི་ཞིབ་བཤེར་མཆན་འགོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རྩྭ་ས་ཕྱུགས་ལས་མིན་པའི་ཕྱོགས་སུ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་ནན་མོ་བྱེད་པ། ཁྲིམས་ལྟར་རྩྭ་སའི་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་པ། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། རྩྭ་སའི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་ལེགས་པོ་བྱེད་དགོས།
ལོ་ཙཱ་བ། སྒྲོལ་མ་སྐྱིད།