ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཡིས་ས་ཁོངས་ཧྲིལ་པོར་ཡུལ་སྐོར་བྱེད་པའི་རིམ་འཕར་རྣམ་པ་བཏོད་པ།
2017.07.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ཚང་མས་ཤེས་གསལ་ལྟར། མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་རབ་ཏུ་རྒྱན་བྱེད་ཀྱི་མུ་ཏིག་ཅིག་དང་། ཀྲུང་གོའི་ནུབ་རྒྱུད་ཀྱི་བྱེ་འགྱུར་ཤར་དུ་བསྲིངས་པ་སྔོན་འགོག་བྱེད་པའི་རང་བྱུང་གི་སྲུང་ཡོལ་ལྟ་བུ་ཡིན་ལ། རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་མིང་གྲགས། རྒྱལ་ཁབ་ཀྱི་ཀ་ལྔ་རིམ་པའི་མཛེས་ལྗོངས་ཁུལ་བཅས་ཡིན་པས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དང་ཡུལ་སྐོར་ཐད་གཞལ་ཐབས་མེད་པའི་རིན་ཐང་ལྡན།

མཚོ་སྔོན་པོ་ནི་རང་ཞིང་གི་མཛེས་ལྗོངས་ཁུལ་ཆེས་གྲགས་ཅན་ཡིན་པའི་ཆ་ནས། མཛེས་སྡུག་གི་མཚོ་སྔོན་གྱིས་མཚོ་སྔོན་པོ་ཇི་ལྟར་དར་རྒྱས་གོང་སྤེལ་དུ་གཏོང་རྒྱུ་ཡིན་ནམ་ཟེར་ན། དཔྱིད་རླུང་འཇམ་པོ་དལ་གྱིས་ལྡང་ཞིང་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པའི་སྐབས་སུ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དང་། “བསྒྱུར་བ་བཞི”ཡི་རིགས་ལམ་གསར་པ། “ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ལོ་ངོ་གསུམ་ལ་རིམ་པ་སྤར་བའི་འགུལ་སྐྱོད་ཇུས་གཞི”བཅས་ལག་བསྟར་མཐའ་འཁྱོལ་བྱེད་ཆེད། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་ཆེད་དུ2017ལོའི་བྱ་བའི་ཚོགས་འདུ་བསྡུས་ནས། ད་ལོ་དང་ཕྱིན་ཆད་ཀྱི་དུས་ཡུན་ཞིག་གི་བྱ་བ་སྣ་ཚོགས་ལ་བྱེ་བྲག་ཏུ་བཀོད་སྒྲིག་བྱས།

མཚོ་སྔོན་པོའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ད་ལོའི་བྱ་བ་གལ་ཆེན་དུ་གྱུར་ཡོད། དེ་ལས་ཤེས་ཐུབ་པ་ནི་མཚོ་སྔོན་པོའི་ཡུལ་སྐོར་དེ་རིམ་སྤར་གྱི་དུས་སྐབས་ཤིག་ལ་ཕྱིན་པ་དང་། “རིམ་པ་འཕར་བ”ཡི་མཚོ་སྔོན་པོ་ཡང་བསྐྱར་མཛེས་སྡུག་གི་མཚོ་སྔོན་གྱི“གསེར་གྱི་བྱང་བུ”རུ་འགྱུར་ངེས་པ་དེ་རེད།

མཚོ་སྔོན་པོའི་མ་འོངས་པའི་འཕེལ་རྒྱས་ཐད་ནས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཏུང་ཅིན་མིང་གིས་བཤད་རྒྱུར། མཚོ་སྔོན་པོ་སྲུང་སྐྱོབ་བེད་སྤྱོད་དོ་དམ་བྱ་བར་གྲུབ་འབྲས་མི་དམན་པ་བླངས་ཡོད་རུང་། དེང་སྐབས་ཀྱི་མི་འདང་ས་དང་ཞན་པའི་ཕྱོགས་ལ་ཐད་ཀར་གདོང་གཏོད་དགོས། དཔལ་འབྱོར་གྱི་རྒྱུན་རྣམ་གསར་བའི་འོག་ཏུ། མཚོ་སྔོན་པོ་སྲུང་སྐྱོབ་བེད་སྤྱོད་བྱ་བ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བླང་བྱ་དང་ཡུལ་སྐོར་ལས་རིགས་གོང་སྤེལ་གྱི་བླང་བྱ་གསར་བ། མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་འཛད་སྤྱོད་ཀྱི་དགོས་མཁོ་བཅས་དང་བསྡུར་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་ལས་རིགས་ཀྱི་གོ་རིམ་མེད་པའི་འཕེལ་རྒྱས་བར་གྱི་འགལ་བ་ཉིན་རེ་བཞིན་འབུར་དུ་ཐོན་ཡོད། ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་སྣ་རྐྱང་ཡིན་ཞིང་འཕེལ་རྒྱས་དོ་སྙོམས་མིན་པ། ལྗོངས་ཁུལ་ནང་རོལ་གྱི་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་འཐུས་ཚང་མིན་པ་དང་དོ་དམ་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་དགོས་ལ། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་དང་འགྲན་རྩོད་ནུས་པ་ཞན་པ་རེད།

གནད་དོན་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོའང་ཡིན། “འཕེལ་རྒྱས་བགྲོད་ལམ་སྟེང་གི་བགེགས་བར་ཆད་མ་ལུས་བརྩོན་པས་བསལ་ན། འཕེལ་རྒྱས་ཀྱི་གོ་སྐབས་རེ་རེ་བཞིན་བསྐྲུན་ཐུབ་ལ། གཞན་དབང་དེ་རང་དབང་དུ་འགྱུར་བར་བྱས་ནས། གོ་སྐབས་འཆོར་དུ་མི་འཇུག་པ་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཙལ་ན། མཚོ་སྔོན་པོ་སྔར་བས་མཚར་སྡུག་འོད་སྟོང་འབར་ཞིང་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཏུ་གཏོང་ཐུབ་ངེས”ཞེས་ཏུང་ཅིན་མིང་གིས་དེ་ལྟར་བཤད།

མཚོ་སྔོན་པོས་མངའ་ཁོངས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཆར་གཞི་ཆེན་པོ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། མཚོ་སྔོན་པོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་གཏོང་ན། སྐྱེ་ཁམས་དམིགས་སུ་བཟུང་ནས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་པའི་ཁར། ཐོག་མར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཀོད་དེ། མཚོ་སྔོན་པོའི་སྲུང་སྐྱོབ་བེད་སྤྱོད་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འབྱུང་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་པ་དང་། ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག བྱ་བའི་གཙོ་གནད་ཁོང་དུ་ཆུད་པ་དང་། རྨང་གཞིའི་ཞབས་ཞུ་སྒྲིག་བཀོད་ཆ་ཚང་ཡོང་བ་དང་ཡུལ་སྐོར་ཐོན་རྫས་བསྐྲུན་པ། ཡུལ་སྐོར་གྱི་དོ་དམ་དང་ཞབས་ཞུ་རྒྱུ་སྤུས་ཇེ་མཐོར་གཏོང་བ་སོགས་ཕྱོགས་ལྔ་ལ་བརྩོན་པ་བསྐྱེད་ནས། མཚོ་སྔོན་པོའི་ལྷོ་བྱང་འགྲམ་ངོགས་གཉིས་ཀ་དོ་སྙོམས་སྒོས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕེལ་རིམ་མདུན་དུ་བསྐུལ་དགོས།

རྨང་གཞིའི་ཞབས་ཞུ་སྒྲིག་བཀོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་བརྒྱུད་ནས། མཚོ་སྔོན་པོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོའི་རང་གིས་རླངས་འཁོར་བསྐོར་བའི་ཡུལ་སྐོར་གྱི་འགྲིམ་འགྲུལ་དང་སྤྱི་པའི་འགྲིམ་འགྲུལ། མཁའ་འགྲུལ། ཆུ་ངོས་ཀྱི་ལམ་ཐིག་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། “མཚོ་སྔོན་པོའི་མཐའ་སྐོར་ཕྱོགས་ཡར་མར་དུ་བསྲིངས་པ་དང་། རང་དབང་དྲ་རྒྱ”ཡི་ལམ་གྱི་དྲ་རྒྱ་ཆགས་སུ་བཅུག་ནས། ཡུལ་སྐོར་གྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་མཚོ་སྔོན་པོའི་དལ་མྱུར་གང་རུང་གི་ཡུལ་སྐོར་བྱེད་སྟངས་མཐོར་འདེགས་བྱེད་དགོས། མཉམ་འབྲེལ་དྲ་བ་འཕེལ་རྒྱས་ཀྱི་བླང་བྱ་དང་དུ་བླངས་ཏེ། མཚོ་སྔོན་པོ་དེ“ཡུལ་སྐོར་བར་ཞབས་འདེགས་ཞུ་བ་གཙོ་བོ་ཡིན་པའི་བློ་གྲོས་ཡུལ་སྐོར་ལྗོངས་ཁུལ”དུ་བསྐྲུན་ནས། སྟབས་བདེ་སྒོས་ཞབས་འདེགས་ཞུ་བ་དང་གནད་ཕིགས་སྒོས་ཕྱིར་འཚོང་བྱེད་པ། ཞིབ་ཕྲའི་དོ་དམ་བྱེད་པ་མངོན་འགྱུར་བྱེད་དགོས། གད་སྙིགས་ཐག་གཅོད་བཟོ་གྲྭ་དང་བཙོག་ཆུ་ཐག་གཅོད་བཟོ་གྲྭ། གད་སྙིགས་བརྒྱུད་སྐྱེལ་ས་ཚིགས། སྙིགས་སྒམ་སོགས་ཀྱི་སྒྲིག་བཀོད་འོས་འཚམ་གྱིས་བཀོད་སྒྲིག་བྱས་པ་བརྒྱུད། མཚོ་སྔོན་པོ་ལྗོངས་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལྗོངས་ཁུལ་གྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་ཐག་གཅོད་ཀྱི་སྒྲིག་བཀོད་མཚོ་སྔོན་པོ་ཡོངས་ལ་ཁེབས་པ་ཕལ་ཆེར་མངོན་འགྱུར་བྱེད་དགོས།

དུས་མཉམ་དུ། ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་དང་ལྗོངས་ཁུལ་གཙོ་གནད་བཞི། མཚོ་སྔོན་པོའི་མཐའ་འཁོར་གྱི་ཞང་དང་གྲོང་རྡལ་བཅས་སུ། རླངས་འཁོར་འཇོག་ས་དང་སྣུམ་སྣོན་ས་ཚིགས་ཡོད་དུ་འཇུག་པ་དང་། ལྗོངས་ཁུལ་དང་གྲོང་རྡལ་གྱི་བགྲོད་ལམ་དང་བཙོག་ཆུ་ཕྱིར་གཏོང་། གློག་ཤུགས། དྲོད་འདོན། གློག་སྒྲོན་སོགས་ཀྱི་སྒྲིག་བཀོད་ལས་པའམ་འཐུས་ཚང་དུ་གཏོང་དགོས།

འགྲན་རྩོད་ནུས་པར་བརྟེན་ནས་ཁྱད་ཆོས་འབུར་ཐོན་གྱི་ཡུལ་སྐོར་ཐོན་རྫས་འདོན་པ་དང་མཚོ་སྔོན་པོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོ་ལྗོངས་ཁུལ་གྱི་གངས་འཁྱགས་དང་སྐྱེ་ཁམས། དམངས་སྲོལ་སོགས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་དང་། རི་མགོའི་སྤྲོ་གསེང་འགུལ་སྐྱོད་དང་སྦྲེལ་ནས། དགུན་དུས་ཡུལ་སྐོར་གྱི་ལས་གཞི་སྔོག་འདོན་བྱེད་དགོས། “སྐྱེ་ཁམས་ལྟད་མོ་དང་རིག་གནས་ཉམས་ཞིབ། ཞིང་སྡེའི་ཡུལ་སྐོར”སོགས་གཙོ་གནད་ཆེན་པོ་གསུམ་གྱི་ཐོན་རྫས་དང་། “ཁམས་གསོ་དང་སྒར་ས། རིག་གཞུང་ཞིབ་འཇུག པར་ལེན། འགུལ་སྐྱོད”བཅས་གཙོ་གནད་ཐོན་རྫས་ཆེན་པོ་ལྔ་ཡི་མཚོ་སྔོན་པོ་ཡུལ་སྐོར་ཐོན་རྫས་མ་ལག་མཉམ་དུ་བསྐྲུན་ནས། དབྱར་སྟོན་སྐབས་ཀྱི་ཡུལ་སྐོར་ལས་དོན་སྲ་བརྟན་དང་ཇེ་མཐོ། ལེགས་སྒྲུབ་བཅས་བྱེད་དགོས། མཚོ་སྔོན་པོའི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྣ་མང་རང་བཞིན་ལ་བརྟེན་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་འདོན་དགོས། ཁུ་ནུ་རིག་གནས་དང་ཐང་བོད་གནའ་ལམ་རིག་གནས་སོགས་དང་སྦྲེལ་ནས། “ཡུལ་སྐོར་དང་རིག་གནས”ཀྱི་ཐོན་རྫས་གསར་གཏོད་བྱས་ཏེ། རིག་གནས་ཕུགས་འདེད་ཀྱི་ཡུལ་སྐོར་སྤེལ་དགོས།

དེ་དང་མཉམ་དུ། འབྲེལ་ཡོད་ཀྱི་ཆ་སྡེབ་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། དུས་ཆེན་རིག་གནས་ཀྱི་ཚོང་རྟགས་མིང་གྲགས་བསྟུད་མར་བསྐྲུན་པ། ཁྱད་ལྡན་བཟའ་བཏུང་དང་ཞག་སྡོད་སྣེ་ལེན་ནུས་པ་ཇེ་མཐོར་གཏོང་བ། དམངས་སྲོལ་ཉམས་ཞིབ་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཡུལ་སྐོར་ཐོན་རྫས་ཀྱི་རིམ་པ་ཇེ་མཐོར་གཏོང་བ་དང་ཞིང་སྡེ་ཡུལ་སྐོར་གོང་དུ་སྤེལ་བ་དང་མཉམ་དུ། ད་རུང་ཤུགས་ཆེན་པོས་མཚོ་སྔོན་པོར་རླངས་འཁོར་དང་ཁང་འཁོར་སྐོར་བ། ལྕགས་རྟ་ཞོན་ནས་ཡུལ་སྐོར་བྱེད་པ་དང་། རི་མགོ་ནས་ཞག་སྡོད་བྱེད་པ། རྐང་ཐང་དུ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་གསར་པའི་རིགས་ཤུགས་ཆེན་པོས་གོང་སྤེལ་བྱེད་རྒྱུ་དང་། ཡུལ་སྐོར་གྱི་དོ་དམ་དང་ཞབས་ཞུའི་རྒྱུ་སྤུས་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་བརྒྱུད་ནས། མཚོ་སྔོན་པོའི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་རྒྱུ་རེད། ཡུལ་སྐོར་ལས་ཞུགས་མི་སྣར་ཚད་ལྡན་སྒོས་དོ་དམ་བྱེད་པར་ཤུགས་སྣོན་བྱས་ཏེ། ཡུལ་སྐོར་གྱི་ཞབས་ཞུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་ཞབས་ཞུའི་ཆུ་ཚད་ཧུར་བརྩོན་གྱིས་ཇེ་མཐོར་གཏོང་རྒྱུ་རེད། ཚོང་ཁྲོམ་གྱི་ལྟ་སྐུལ་དོ་དམ་སྔར་བས་ནན་བཟུང་བྱས་ཏེ། ཡུལ་སྐོར་གྱི་སྒྲིག་ལམ་དང་ཁོར་ཡུག་འཕེལ་རྒྱས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་བློ་ཐག་རྦད་ཆོད་ཀྱིས་རྡུང་རྡེག་བྱས་ཏེ། ཡུལ་སྐོར་མ་དངུལ་བེད་སྤྱོད་ཀྱི་འཇོན་མི་དང་ཡུལ་སྐོར་ཚོང་ཁྲོམ་གྱི་ཕྱིར་འཚོང་འཇོན་མི། ཡུལ་སྐོར་ཐོན་རྫས་ཀྱི་གསར་སྤེལ་འཇོན་མི། སྣེ་ཤན་པའི་ཞབས་ཞུ་འཇོན་མི་བཅས་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བྱས་ཏེ། ཁྱོན་ཡོངས་ནས་ཚན་ཁག་ཁོངས་མིའི་སྤུས་ཚད་ཇེ་མཐོར་གཏོང་དགོས།

མཚོ་སྔོན་པོའི་ཚོང་རྟགས་དང་མིང་རྟགས་གཉེར་འཚོང་འོས་སྦྱོར་བྱས་པ་བརྒྱུད་ནས། མཚོ་སྔོན་པོའི་སྣང་བརྙན་བཟང་པོ་མུ་མཐུད་དུ་བསྐྲུན་ཅིང་མཚན་སྙན་ཇེ་རྒྱས་སུ་བཏང་སྟེ། མཚོ་སྔོན་པོའི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་དགོས། གཉེར་འཚོང་བྱེད་སྟངས་ཧུར་བརྩོན་གྱིས་གསར་གཏོད་བྱེད་པ་དང་། དྲ་ཐོག་གི་ཡུལ་སྐོར་གནས་ཚུལ་འཚོལ་བཤེར་དང་པོད་ཕྲན་དང་སྐད་འཕྲིན་སོགས་ཀྱི་སྨྱན་བྱད་གསར་པར་བརྟེན་ནས། རྣམ་པ་མང་ཞིང་ཆེད་ལས་ཅན་གྱི་དྲ་བའི་སྟེང་ནས་གཉེར་འཚོང་བྱས་པ་བརྒྱུད། སྔར་ལས་མང་བའི་ཡུལ་སྐོར་པ་རྣམས་ལ་མཚོ་སྔོན་པོ་ཤེས་སུ་འཇུག་པ་དང་མཚོ་སྔོན་པོར་བསྐྱོད་དུ་འཇུག་པ་དང་མཉམ་དུ། ད་རུང་བསྟུད་མར་བརྗོད་གཞི་ཡོད་པའི་དུས་ཆེན་བྱ་འགུལ་ཆེན་པོ་རབ་དང་རིམ་པ་སྤེལ་ནས། མང་ཚོགས་ལ་ལྷག་ཏུ་དོ་སྣང་བྱེད་དུ་བཅུག་སྟེ། མཚོ་སྔོན་པོའི་ཤུགས་རྐྱེན་ནུས་ཤུགས་ཇེ་མཐོར་གཏོང་དགོས།

རོགས་སྐྱོར་སྲིད་ཇུས་སྣ་ཚོགས་བེད་སྤྱོད་བྱེད་པ་དང་ནོར་སྲིད་ཀྱིས་ཡར་འདེགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མཉམ་དུ། ལས་གཞིར་ཧུར་བརྩོན་གྱིས་འཆར་གཞི་འགོད་པ་དང་། ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས། མ་དངུལ་མཉམ་སྡུད་ཀྱི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་མཚོ་སྔོན་པོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས།

ད་ལོ་ནས་བཟུང་། མཚོ་སྔོན་པོས་འཕེལ་རྒྱས་ཀྱི་དཔྱིད་ཀ་བསུས་ཏེ། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་ཡུལ་སྐོར་དཔེ་སྟོན་གནས་བསྐྲུན་པའི་སྟེང་དུ་མདུན་སྐྱོད་བྱེད་བཞིན་ཡོད། གལ་ཏེ“སྔོ་ལྗང་ལྗང་གི་རི་བོ་དང་སྔོ་ཐིང་ཐིང་གི་མཚེའུ། མཐོན་པོའི་ཨ་སྔོན་དགུང་དུ་སྤྲིན་དཀར་ལང་ལོང་འཁྲིགས་པ”ནི་ང་ཚོའི་བག་ཆགས་ཁྲོད་ཀྱི་མཚོ་སྔོན་པོའི་ཆེས་མཛེས་པའི་སྣང་བརྙན་ཡིན་ན། རིམ་པ་འཕར་རྗེས་ཀྱི་མཚོ་སྔོན་པོའི་མཛེས་རྒྱན་ནི་ང་ཚོས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་ཏུ་འགྱུར་ངེས་ཡིན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།