ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྔ་མོ་ནས་གནད་ཕིགས་དབུལ་ཐར་བྱེད་པར་རོགས་སྐྱོར་སྐུལ་མ་བྱས།
2017.07.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ས་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་པ་དེ་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དང་། ཐོན་སྐྱེད་རོགས་སྐྱོར། བློ་སྟོབས་ཀྱི་རོགས་སྐྱོར། གནད་ཕིགས་དབུལ་སྐྱོར་སོགས་ཀྱི་བྱ་བར་དམ་པོར་འབྲེལ་ཏེ། རོགས་སྐྱོར་མ་དངུལ་གྱི་བརྒྱ་ཆའི་བརྒྱད་ཅུ་ཡན་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དང་། བརྒྱ་ཆའི་བརྒྱད་ཅུ་ཡན་གཞི་རིམ་དུ་བཀོལ་བའི་གཏན་ཁེལ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་པོའི་སྒོ་ནས་ཁ་གཏད་རོགས་སྐྱོར་བྱས་ནས་ཡུས་ཧྲུའུ་གསར་བ་དེ་ཐོད་བརྒལ་རང་བཞིན་གྱི་ཕྱོགས་སུ་བསྒྱུར་བར་སྟོབས་ཤུགས་གསར་བ་དང་། སྒུལ་ཤུགས་གསར་བ་བསྣན། ད་ལྟ། ལག་བསྟར་བྱས་པའི་ལས་གཞི་ལ་བྱེད་ནུས་དང་ཕན་འབྲས་ཐོན་མགོ་བརྩམས་ཤིང་། ཡུས་ཧྲུའུ་ཡི་ས་གནས་སོ་སོའི་མང་ཚོགས་ཀྱིས་པེ་ཅིན་རོགས་འཛུགས་བྱ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་ཚོར་དུ་བཅུག

དམངས་ཀྱི་འཚོ་བའི་འགན་སྲུང་གནད་སར་བཟུང་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐྱོར་བྱས་པ། ལས་གཞི་བཀོད་སྒྲིག་གི་སྟེང་ནས་ནན་ཏན་སྒོས་རྒྱལ་ཁབ་ཀྱིས་ཁ་གཏད་རོགས་སྐྱོར་བྱ་བའི་མཛུབ་སྟོན་བསམ་བློ་ལྟར། དམངས་ཀྱི་འཚོ་བའི་འགན་སྲུང་དེ་གཙོ་གནད་དུ་བཞག་སྟེ། དབུལ་ཐར་མཁྲེགས་གཏོར་ཁྱོན་ཡོངས་ལ་དམ་པོར་སྦྲེལ། རྫ་སྟོད་རྫོང་དང་འབྲི་སྟོད་རྫོང་དུ་ཆུ་མཁོ་སྤྲོད་དང་བཙོག་ཆུ་ཕྱིར་འདོན་སོགས་ཀྱི་ཆུ་སྦུག་སྤྱི་ལེ་ཉིས་བརྒྱ་ལྷག་འཐེན་པ་དང་། རང་འབབ་ཆུའི་བཟོ་གྲྭ་དང་། ཁོར་ཡུག འཕྲོད་བསྟེན་སྒྲིག་ཆས་སོགས་གྲོང་སྲིད་སྒྲིག་ཆས་ཆ་ཚང་གསར་དུ་འཛུགས་སྐྲུན་བྱས་ཏེ། མང་ཚོགས་འབུམ་གཅིག་ལྷག་ལ་ཁེ་ཕན་ཐོབ། ཆུ་དམར་ལེབ་རྫོང་དང་། ནང་ཆེན་རྫོང་གི་རོང་འབྲོག་མང་ཚོགས་ལ་སྡོད་ཁང་ཆ་ཚང་དྲུག་བརྒྱ་ལྷག་གསར་དུ་ལས་ཏེ། འབྲོག་པ་མང་ཚོགས་སྟོང་གཉིས་ལྷག་གི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ལས་གཞི་དགུ་ལྷག་ལག་བསྟར་བྱས་ནས་མང་ཚོགས་འབུམ་གཅིག་དང་ཁྲི་གཉིས་ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་། ཆུ་དམར་ལེབ་རྫོང་གཡུ་དགེ་ཞང་གི་མཁར་གྲོང་དང་མཐའ་མཚམས་ས་ཁུལ་གྱི་འབྲོག་ཁྱིམ་དུ་ཉི་འོད་གློག་སྒྲོན་སྟོང་ལྔ་ལྷག་འཐེན་ཏེ། ཞང་བརྒྱད་ཀྱི་སྡེ་བ་བཅོ་བརྒྱད་ཀྱི་མང་ཚོགས་ཁྲི་གཉིས་ལྷག་ལ་འོད་སྣང་བསྐྱལ་ཞིང་། ལས་གཞི་འདི་དག་ལག་བསྟར་བྱས་པ་བརྒྱུད་དེ། ས་དེའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཐོབ།

སློབ་གསོ་དང་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱས་ནས་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་དྲག་ཏུ་བཏང་བ། ནང་ཆེན་རྫོང་ཀ་གཞུང་ཞང་རྨ་གཡང་སྡེ་བའི་ཁ་གཏད་རོགས་སྐྱོར་སློབ་ཆུང་དང་། ཆུ་དམར་ལེབ་རྫོང་མི་རིགས་སློབ་འབྲིང་གི་ཟ་ཁང་། རྫ་སྟོད་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་ལུས་རྩལ་ར་བ་ཆུང་ངུ་སོགས་སློབ་གྲྭ་ཆུང་འབྲིང་བརྒྱད་ཀྱི་རྨང་གཞིའི་སྒྲིག་ཆས་གསར་དུ་འཛུགས་སྐྲུན་བྱས་པ་དང་། བྱིས་བཅོལ་ཁང་དང་སློབ་སྔོན་སློབ་གསོ་ཁང་ཉེར་བཞི་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་བྱེད་པ་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཡུས་ཧྲུའུ་ཡི་སློབ་མ་ས་གནས་གཞན་དུ་སོང་ནས་མཐོ་འབྲིང་འདོན་པའི་འཛིན་གྲྭའི་སློབ་མའི་གྲངས་ཀ་ཇེ་མང་དུ་བཏང་སྟེ། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མ་སྟོང་གཅིག་དང་བདུན་བརྒྱ་དྲུག་ཅུས་ས་གཞན་དུ་སློབ་གྲྭ་འདོན་ཐུབ་པ་བྱུང་། ཉིས་སྟོང་བཅུ་དྲུག་ལོར་ཁུལ་ཡོངས་ཀྱི་མཐོ་འབྲིང་ལ་རྒྱུགས་སྤྲད་པའི་སློབ་མའི་ཁྲོད་རྒྱུགས་འཕྲོད་ཚད་ཆེས་མང་བ་ནི་ས་གཞན་ལ་མཐོ་འབྲིང་འདོན་པར་བསྐྱོད་པའི་སློབ་མ་ཡིན་ལ། གནོད་འཚེ་ཐེབས་མེད་པའི་ནང་ཆེན་རྫོང་དང་ཆུ་དམར་ལེབ་རྫོང་མི་དམངས་སྨན་ཁང་དང་། འབྲི་སྟོད་རྫོང་སྟོད་ཚེ་ཞང་སོགས་ཀྱི་ཞང་དང་གྲོང་རྡལ་བཅུ་རུ་འཕྲོད་བསྟེན་ཁང་གསར་དུ་ལས་ལ། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉིས་བརྒྱ་དང་ང་བརྒྱད་ཀྱི་འཕྲོད་བསྟེན་ཁང་དུ་སྒྲིག་ཆས་ཇེ་བཟང་དུ་བཏང་སྟེ། ལྷན་སྐྱེས་སུ་སྙིང་ནད་བྱུང་ཡོད་པའི་བྱིས་པ་དང་། མཆིན་ནད། གློ་ནད། ཐུམ་འབུའི་ནད་སོགས་འགོ་ནད་ཚབས་ཆེན་དང་ས་གནས་རང་བཞིན་གྱི་ནད་ལ་འགོག་བཅོས་བྱེད་པའི་བྱ་བ་སྤེལ་ཏེ། དཀའ་ངལ་ཆེ་བའི་ཁྱིམ་ཚང་དབུལ་ཕོངས་སུ་འགྱུར་བར་བཀག་འགོག་བྱས། ལས་གཞི་འདི་དག་ལག་བསྟར་བྱས་པ་བརྒྱུད་དེ། ཡུས་ཧྲུའུ་ས་ཁུལ་གྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱུང་སྟེ། ཡུས་ཧྲུའུ་ཡི་གནད་ཕིགས་དབུལ་སྐྱོར་ལ་ཆ་རྐྱེན་བཟང་པོ་ཞིག་བསྐྲུན།

ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་པ། ཡུས་ཧྲུའུ་ལ་ཁྱད་དུ་འཛོམས་པའི་ཐོན་ཁུངས་བཀོལ་སྤྱོད་བྱས་ཏེ། ཁྱད་ཆོས་ལྡན་པའི་ཐོན་ལས་གཞི་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལེགས་པོ་བྱས་ནས་ཐོན་རྫས་ཀྱི་རིན་གོང་འཕར་ཅི་ཐུབ་བྱས། ནང་ཆེན་རྫོང་ལ་གནས་སྐོར་དུ་ཡོང་ན་སྣེ་ལེན་བྱེད་སའི་ལྟེ་གནས་དང་། རྫ་སྟོད་རྫོང་དབྱར་རྩྭ་དགུན་འབུ་དབུལ་སྐྱོར་ཐོན་ལས་ཕྱོགས་བསྡུས་ཚོང་ར་རོགས་འཛུགས་བྱེད་པའི་ལས་གཞི་སྤེལ་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་ཡུས་ཧྲུའུ་ཡི་རིག་གནས་གནས་སྐོར་རྨང་གཞིའི་སྒྲིག་ཆས་ལ་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་ཆེན་པོ་ཐོབ། ཁུལ་ཡོངས་ཀྱི་ཁེ་ལས་གཙོ་བོ་བཅུ་གཉིས་དང་། ཁེ་ལས་འབྲིང་ཆུང་ཞེ་བདུན་ལ་རོགས་སྐྱོར་བྱས་ཏེ། ཚན་རྩལ་འདུས་ཚད་མཐོ་བའི་ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཚོང་རྟགས་བསྐྲུན་པའི་དུས་མཚུངས་སུ། མི་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་ལས་ཞུགས་གནད་དོན་ཐག་བཅད་དེ། དབུལ་ཕོངས་སྡེ་བ་དགུའི་ཞིང་ཕྱུགས་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། ཐོན་ལས་རོགས་སྐྱོར་ལས་གཞི་ལག་བསྟར་བྱེད་པ་བརྒྱུད་དེ། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བར་མ་ཟད། ད་དུང་ཡུས་ཧྲུའུ་ཡི་རང་སྟེང་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཐོན་ལས་རོགས་སྐྱོར་གྱིས་དབུལ་སྐྱོར་ལ་སྣེ་ཁྲིད་དང་། ཡུན་རིང་དབུལ་སྐྱོར་ལ་ཕན་འབྲས་ཐོན་པའི་དམིགས་འབེན་མངོན་འགྱུར་བྱེད་དུ་འཇུག་རྒྱུ་རེད།

ཤེས་ལྡན་མི་སྣར་དབུལ་སྐྱོར་བྱེད་པ་ལག་བསྟར་བྱས་ཏེ། ནང་ཁུལ་གྱི་འཕེལ་རྒྱས་སྟོབས་ཤུགས་ཇེ་དྲག་ཏུ་བཏང་། ཤེས་ལྡན་མི་སྣའི་ཤེས་རབ་ལ་རྒྱབ་སྐྱོར་བྱེད་པ་བརྒྱུད་དེ། ཡུས་ཧྲུའུ་ཡི་ཡུན་རིང་འཕེལ་རྒྱས་ལ་རང་སྟེང་ནས་ཟུངས་ཁྲག་སྩོལ་བའི་ནུས་པ་ཇེ་ཆེར་བཏང་། ལོ་ངོ་བདུན་གྱི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་སྲིད་ལས་བྱེད་པ་དང་། སློབ་གསོ་འཕྲོད་བསྟེན། གྲོང་སྲིད་ཆེད་ལས་ལག་རྩལ་མི་སྣ། རོང་འབྲོག་པ་མང་ཚོགས་ཁྲི་གཉིས་དང་སྟོང་གསུམ་ལྷག་ལ་གསོ་སྦྱོང་བྱས་པ་དང་། ཏང་སྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དང་། གཞི་གསུམ་ལས་བྱེད་པའི་སློབ་གླིང་བཙུགས་ཏེ། ས་གནས་དེ་ནས་དོ་དམ་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱས་པ་དང་། གྲོང་སྲིད་སྐྱེལ་གཉེར་དོ་དམ་མི་སྣ་དང་། རོང་འབྲོག་ཚན་རྩལ་ཤེས་ལྡན་པ་སོགས་གསོ་སྦྱོང་བྱས་ཏེ། ཡུས་ཧྲུའུ་ཡི་ཆེད་ལས་ལག་རྩལ་མི་སྣ་ཇེ་མང་དུ་བཏང་ཞིང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ལས་བྱེད་པའི་ཤེས་ལྡན་མི་སྣའི་འཆད་ཁྲིད་ཁང་ཆེན་མོ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། མི་སྟོང་ལ་གསོ་སྦྱོང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དེས་སྲིད་གཞུང་གི་དོ་དམ་དང་། སྤྱི་བའི་ཞབས་ཞུ། གྲོང་སྲིད་སྐྱེལ་གཉེར། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གསར་སྐྲུན་ཕྱོགས་ཐད་ཀྱི་ནུས་པ་ཇེ་མཐོར་བཏང་སྟེ། ཡུས་ཧྲུའུ་ས་ཁུལ་དུ་མ་འོངས་པར་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་གྲུབ་འབྲས་ཁྱད་དུ་འཕགས་པ་བླངས།
སྐྱེ་ཁམས་འཐབ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཐད་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་བར་ཡར་སྐུལ་བྱས།

ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲུང་སྐྱོབ་ས་ཚིགས་ལྔའི་སྡོད་ཁང་འཛུགས་སྐྲུན་དང་། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས། དོང་ཆུ་སོགས་ཀྱི་སྒྲིག་ཆས་ཇེ་བཟང་དུ་གཏོང་བའི་ལས་གཞི་དང་། རྨ་ཆུའི་མགོ་ཁུངས་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་འཐུང་ཚང་དུ་གཏོང་བའི་ལས་གཞི། ཁྲི་འདུ་རྫོང་ཁྲི་དབང་ས་ཁུལ་གྱི་སྐྱེ་ཁམས་ཆུ་འགོག་བཅོས་སྐྱོང་བཟོ་སྐྲུན། ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་སྤྱི་གླིང་འཛུགས་པའི་བཟོ་སྐྲུན་སོགས་ལག་བསྟར་བྱས་ཏེ། འབྲི་སྟོད་རྫོང་དང་། ཆུ་དམར་ལེབ་རྫོང་སོགས་རྫོང་མཁར་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། མུ་མཐུད་དུ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག

བརྗེ་རེས་གཏིང་ཟབ་དུ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་མཉམ་འདྲེས་གོང་སྤེལ་བཏང་བ། ས་གནས་གཉིས་ཀྱིས་རིགས་སོ་སོའི་མི་རིགས་ཕན་ཚུན་བར་གྱི་བརྗེ་རེས་འབྲེལ་འདྲིས་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོས་རྩ་འཛུགས་བྱས་ནས་ཁ་གཏད་རོགས་སྐྱོར་དང་། ཉེ་འབྲེལ་སྒྲིག་པ། གྲོགས་སྒྲིག་པ། དཔུང་རྡང་སྦྲེལ་བ་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད་དེ། ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་མི་རིགས་མཐུན་སྒྲིལ་བཟོ་སྐྲུན་དུ་བྱས་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས། ལས་བྱེད་པ་དང་། དགེ་རྒན། རིག་རྩལ་ལས་རིགས་ཀྱི་མི་སྣ། ཆོས་ལུགས་ལས་རིགས་ཁག་གི་མི་སྣ་སོགས་རྩ་འཛུགས་བྱས་ཏེ་སྐོར་ཐེངས་ང་ལྔ་བར་པེ་ཅིན་དུ་སོང་ནས་བརྗེ་རེས་བྱས་པས། མི་རིགས་མཐུན་སྒྲིལ་དེ་ཁྱིམ་ཚང་གཅིག་ལྟར་སྲུང་བར་ཡར་སྐུལ་བྱས། ད་དུང་པེ་ཅིན་གྱི་ཕུལ་དུ་བྱུང་བའི་ཁེ་ལས་པ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་། ཁམས་པའི་རིག་གནས་སྒྱུ་རྩལ་སོགས་ཀྱི་སྟེང་གདན་འདྲེན་བྱས་པ་དང་། ཡུས་ཧྲུའུ་ཡི་ཁེ་ལས་པ་རྩ་འཛུགས་བྱས་ཏེ་པེ་ཅིན་གྲོང་ཁྱེར་གྱིས་རྩ་འཛུགས་བྱས་པའི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམ་སྟོན་མང་པོའི་སྟེང་ཞུགས་ཏེ། ཡུས་ཧྲུའུ་ཡི་ཞིང་ཞོར་ཐོན་རྫས་དང་། མི་རིགས་ལག་རྩལ་བཟོ་རྩལ་ཐོན་རྫས་སོགས་རྒྱ་སྐྱེད་དུ་བཏང་།

གོ་རིམ་རྗེས་མར་ང་ཚོས་གནད་ཕིགས་རོགས་སྐྱོར་དང་། གནད་ཕིགས་དབུལ་སྐྱོར་སོགས་གཙོ་གནད་དུ་བཟུང་སྟེ། གནད་ཕིགས་དབུལ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་བྱ་བ་སོ་སོ་དམ་འཛིན་ལེགས་འཛིན་བྱས།

གནད་ཕིགས་དབུལ་སྐྱོར་གྱི་ཁྱབ་ཁོངས་ནས་ཁ་གཏད་རོགས་སྐྱོར་ལས་གཞི་གཏན་ཁེལ་བྱེད་པ་དང་ཟུང་འབྲེལ་བྱས་པ། རྨང་གཞིའི་སྒྲིག་ཆས་དང་། སློབ་གསོའི་སྤུས་ཚད། མང་ཚོགས་ཀྱི་བདེ་ཐང་། ཞིང་ཕྱུགས་ལས་སོགས་ཀྱི་མི་འདང་ས་ཁ་གསབ་བྱེད་པར་ཤུགས་བསྣན་ནས་དབུལ་ཐར་བྱ་བར་འགན་སྲུང་འདོན་སྤྲོད་བྱས་པ་དང་། ཡུས་ཧྲུའུ་གནོད་ཐེབས་བསྐྱར་སྐྲུན་ཁྲོད་བཞག་མེད་པའི་ནང་ཆེན་རྫོང་དང་། ཆུ་དམར་ལེབ་རྫོང་གཉིས་ཀྱི་ས་ཁོངས་གཙོ་བོ་དང་། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་གཙོ་བོའི་དབུལ་སྐྱོར་འབུར་དུ་ཐོན་པར་བྱས་ཏེ། དབུལ་སྐྱོར་བྱ་བར་སྟོབས་ཤུགས་གསར་བ་སྦྱིན་པར་སྐུལ་འདེད་བྱས། ཡུན་རིང་གི་དབུལ་སྐྱོར་ལས་གཞིའི་མཛོད་ཁང་བཙུགས་ཏེ། ཡུན་རིང་གི་དབུལ་སྐྱོར་ལས་གཞི་ལེགས་པོ་འཁྱོངས་བའི་ལས་གཞིར་བཀོད་སྒྲིག་བྱས།

བརྗེ་རེས་དང་འབྲེལ་འདྲིས་མཉམ་འདྲེས་བཅས་ཇེ་དྲག་ཏུ་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་ས་ཁོངས་ས་ཁོངས་འཕེལ་རྒྱས་ལ་ཡར་སྐུལ་བྱས།  ས་གནས་གཉིས་ཀྱི་ཏང་ཨུ་སྲིད་གཞུང་བར་གྱི་འབྲེལ་འདྲིས་སྒྲིག་གཞི་ལ་ཡར་སྐུལ་བྱས་ཏེ། དུས་ལྟར་ས་གནས་གཉིས་ཀྱི་དགོས་མཁོ་ཤེས་པར་བྱས་ནས་ས་གནས་གཉིས་ཀྱི་ཕན་ཚུན་གྱི་འཚམས་འདྲི་ལ་སྐུལ་འདེད་དང་། འབྲེལ་འདྲིས་བྱ་བའི་སྒྲིག་གཞི་འཛུགས་པར་ཡར་སྐུལ་བྱས། ལས་བྱེད་ཤེས་ལྡན་པའི་བརྗེ་རེས་རོགས་སྐྱོར་ཇེ་ཆེར་བཏང་སྟེ། ས་གནས་གཉིས་ཀྱི་བརྗེ་རེས་འབྲེལ་འདྲིས་དང་། ལས་འཁུར་སྦྱོང་བརྡར་བྱེད་པར་ཤུགས་བསྣན། རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འདྲེས་ལ་ཡར་སྐུལ་བྱས་ཏེ། ཁེ་ལས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་ཚོགས་པ། དམངས་ཁྲོད་རྩ་འཛུགས། མི་སྒེར་གྱི་ངོས་ཐད་ནས་རིམ་པ་མང་པོའི་རིག་གནས་བརྗེ་རེས་བྱེད་པར་སྐུལ་འདེད་བྱས།

ལམ་ལུགས་སྒྲིག་གཞི་གསར་སྐྲུན་བྱས་ནས་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་རྣམ་པ་ཞིག་གྲུབ་པ།  ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། པེ་ཅིན་གྱི་ས་ཁུལ་སོ་སོ་དང་གྲོང་ཁྱེར་གཅིག་དང་རྫོང་ལྔའི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བར་ཡར་སྐུལ་བྱས། ཡུས་ཧྲུའུ་ལ་རོགས་འཛུགས་བྱེད་པའི་རྒྱལ་ཁབ་སློབ་གསོ་པུའུ་དང་། འཕྲོད་བསྟེན་འཆར་འགོད་ཨུ་ཡོན་ལྷན་ཁང་སོགས་ཀྲུང་དབྱང་གི་ལས་ཁུངས་བདུན་གྱི་སྟོབས་ཤུགས་དང་མཐུན་སྦྱོར་བྱས་ཏེ། རང་འགུལ་སྒོས་ཡུས་ཧྲུའུ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཐོན་ཁུངས་བཀོད་སྒྲིག་བྱེད་པ་བརྩོན་ལེན་བྱས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རོགས་སྐྱོར་ཐབས་ལམ་རྒྱ་སྐྱེད་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་དང་། སྤྱི་ཕན་ལས་ཁུངས། དམངས་གཉེར་ཁེ་ལས། མི་སྒེར་བཅས་ཀྱིས་ཚོང་རའི་བྱེད་ཐབས་ལ་གཞི་བཅོལ་ནས། ཡུས་ཧྲུའུ་ཡི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། རོགས་སྐྱོར་བྱ་འགུལ་སྤེལ། རོགས་སྐྱོར་བྱ་བའི་དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། སྤྱི་བསྡོམས་ལ་གཙིགས་ཆེན་དང་ཡུས་ཧྲུའུ་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཉམས་མྱོང་རྒྱ་སྐྱེད་དུ་བཏང་སྟེ། ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད་ཐོབ་པའི་གྲུབ་འབྲས་ཤུགས་ཆེན་པོའི་སྒོ་ནས་དྲིལ་སྒྲོག་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།