ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་མང་ཚོགས་དབུལ་པོ་ལས་ཐར་བར་རོགས་རམ་བྱས་པ།
2017.07.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་གྱི་དགེ་མཚན་ལ་བརྟེན་ནས་ས་དེ་གའི་མང་ཚོགས་ཁྲི་གཉིས་ལྷག་གི་སྣེ་ཁྲིད་དེ་རིག་གནས་ཐོན་ལས་ཀྱི་དཔུང་སྡེ་ཆེན་པོ་ཆགས་པ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱས་པས་ཕན་འབྲས་ལེགས་པོ་ཐོབ།

 ཉེ་བའི་ལོ་འགའི་རིང་ལ། ཐུན་རིན་རྫོང་གིས“སྲུང་སྐྱོབ་ཁྲོད་དུ་འཕེལ་རྒྱས་སྙེག །འཕེལ་རྒྱས་ཁྲོད་དུ་ཁྱད་ཆོས་སྲུང་། །”ཞེས་པའི་རིགས་ལམ་སྤྱད་ནས། དར་གོས་འགྲུལ་ལམ་རིག་གནས་ཐོན་ལས་རྒྱུད་དང་བོད་ཆའང་དབྱིས་རིག་གནས་ཐོན་ལས་ཁྱམས་རིང་འཛུགས་སྐྲུན་ལས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཤིང་། ས་དེ་གའི་ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས་སོགས་རིག་གནས་ཐོན་ཁུངས་དག་གང་ལེགས་ཀྱིས་སྔོག་འདོན་དང་ཧྲག་སྡེབ་བྱས་ཏེ། “རེབ་གོང་སྒྱུ་རྩལ”སྲོག་ཤིང་བྱེད་པ་དང་ཐང་ག་དང་གཙགས་དྲུབ།འཇིམ་བརྐོས་སོགས་རིག་གནས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་གོ་ས་གཙོ་བོ་འབུར་དུ་བཏོད་ནས། ཐུན་རིན་རྫོང་དེ་རིག་གནས་ཐོན་ཁུངས་རྫོང་ཆེན་ནས་རིག་གནས་ཐོན་ལས་ཀྱི་རྫོང་སྟོབས་ལྡན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བྱས།

 རིག་གནས་ཐོན་ལས་དེ་དབུལ་ཐར་འགག་སྒྲོལ་གྱི་ནུས་ལྡན་ལག་ཆར་གྱུར། ཐུན་རིན་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིག་གནས་ལ་བརྟེན་ནས་དབུལ་ཐར་བྱེད་པའི་འཐབ་ཇུས་ལག་བསྟར་བྱས། བློ་ཞིབ་མོས་སྐྱེད་སྲིང་བྱས་པའི་རིག་གནས་ཁེ་ལས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས།རྫོང་ཡོངས་ཀྱི་མི་ལྔ་ཆའི་གཅིག་རིག་གནས་ཐོན་ལས་ཀྱི་དཔུང་སྡེ་ཆེན་པོའི་གྲལ་དུ་ཞུགས་ཤིང་། རིག་གནས་ཐོན་ལས་ཀྱི“ཟས་ཕོར”ཡར་བཏེགས་བྱུང་། “ཀུང་སི+རྟེན་གཞི+རིག་གནས་ཆེད་ལས་ཁྱིམ”གྱི་ནུས་ལྡན་ནང་རྐྱེན་དང་། མཁོ་འཚོང“མུ་བརྒྱུད་གཅིག”ལྟར་གྱི་བདག་གཉེར་རྣམ་པ་ལྟར། གཙོ་བོར་རིགས་སྣ་མང་བའི“རེབ་གོང་སྒྱུ་རྩལ”གྱི་ཐོན་རྫས་གསར་སྤེལ་བྱས་པའི་ཁྲོད་དུ། ན་ནིང་རིག་གནས་ཐོན་ལས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་ལྔ་དང་གྲངས་ཆུང་གཉིས་མངོན་འགྱུར་བྱས་ཤིང་། རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་ལ་ཕན་ནུས་མངོན་བྱུང་།

 རིག་གནས་རྒྱུན་འཛིན་དེ་གཞི་ཁྱོན་ཕན་ནུས་འདུས་པའི་ཁྲོད།ཉིན་རེ་བཞིན་དར་རྒྱས་གོང་འཕེལ་འགྲོ་བ་དང་། “རེབ་གོང་རིག་གནས”དང་བསྡོངས་ནས་རྒྱུན་འཛིན་བྱེད་པའི་ཁྲོད་ཉིན་རེ་བཞིན་ཕུན་སུམ་ཚོགས་པ་དང་དར་རྒྱས་གོང་འཕེལ་འགྲོ་བ་དང་། ཐུན་རིན་རྫོང་གིས་རྒྱལ་ཁབ་རིམ་པའི་བཟོ་རྩལ་ལྷ་རིས་མཁན་པོ་བཞི་དང་རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་རྒྱུན་འཛིན་པ་དགུ་དང་།ཞིང་ཆེན་རིམ་པའི་བཟོ་རྩལ་ལྷ་རིས་མཁན་པོ་རེ་གསུམ། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་རྒྱུན་འཛིན་པ་དགུ་བཅས་སྐྱེད་སྲིང་བྱས། ལས་གཉེར་མི་སྣ་ཉིན་རེ་བཞིན་མང་དུ་བསྐྱེད་པ་དང་བསྟུན་ནས། རོང་བོ་གྲོང་རྡལ་སེང་གེ་གཤོང་སྡེ་བ “ཀྲུང་གོ་ཐང་གའི་ཕ་ཡུལ”དུ་བདམས་ཤིང་། གཉན་ཐོག་ཞང་གཉན་ཐོག་སྡེ་བ“ཀྲུང་གོ་གཙགས་དྲུབ་ཀྱི་ཕ་ཡུལ”དུ་བདམས་པ་དང་།“རེབ་གོང་སྒྱུ་རྩལ”གྱི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་གླིང་གི་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཁོ་ཚོའི་ཐང་གའི་བརྩམས་ཆོས་དག་རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་བྱེད་ས་ཉིས་བརྒྱ་ལྷག་ལ་ཞུགས་ཟིན་པ་དང་།འཛམ་གླིང་གི་རྩེ་གྲས་རིམ་པའི་དངོས་མང་བཤམས་སྟོན་ཁང་བཞི་ཡི་ཁྲོད་ནས་བཤམས་སྟོན་ཁང་གསུམ་གྱི་ནང་དུ་ང་ཚོའི་བརྩམས་ཆོས་བཤམས་སྟོན་བྱས་ཡོད་པ་དང་། དམིགས་ཡུལ་ནི“རེབ་གོང་སྒྱུ་རྩལ”དེ་རྒྱུན་འཛིན་བྱེད་པའི་ཁྲོད་དེ་བས་ཀྱང་རྒྱ་ཆེ་བའི་རྒྱལ་སྤྱིའི་གར་སྟེགས་སུ་ཁྱབ་སྤེལ་གཏོང་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། སྐར་མ་མཚོ།