སྐྱ་འཁྱོག་འབྲོག་པའི་ཕྱུག་བསྒྱུར་ལམ་བུ།
2017.07.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བདུན་པའི་ཡུས་ཧྲུའུ་ལ་ཆར་བ་མཚམས་མེད་པར་འབབ་བཞིན་ཡོད་ལ། ཆར་ཆུའི་རྗེས་ཀྱི་རྩྭ་ཐང་སྔར་ལས་ལྟ་ན་སྡུག་པ་ཞིག་རེད།

ཟླ་བདུན་པའི་ཚེས་བརྒྱད་ཉིན། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ར་སྟོད་གོང་མ་ཞང་སྐྱ་འཁྱོག་སྡེ་བར་ཐོན་པ་དང་། རིན་ཆེན་ཉི་མ་དང་ཆུང་མས་ཕྱུགས་ཕྱིར་དེད་ཡོང་བ་དང་འཕྲད། ཁོ་ཚོས་འབྲོང་ཚ་ར་སྐོར་དུ་བཅུག་རྗེས། ཉིན་གཅིག་གི་འཚོ་བ་མཇུག་རྫོགས་པ་རེད།

ཕྱུགས་འཚོ་བ་ཧ་ཅང་སུན་སྣང་སྐྱེས་པ་ཞིག་ཡིན་རུང་། འདས་ཟིན་པའི་ལོ་ཟླའི་དཀའ་ཁག་གི་གནས་བབ་ལ་འདང་ཞིག་བརྒྱབ་ཚེ། རིན་ཆེན་ཉི་མའི་ཆུང་མ་ད་ལྟའི་འཚོ་བར་ཡིད་ཚིམས་བཞིན་ཡོད།

དེ་སྔོན། རིན་ཆེན་ཉི་མ་ནི་སྐྱ་འཁྱོག་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། ཁྱིམ་དུ་རྩྭ་ས་དང་ནོར་ལུག་མེད་པ་མ་ཟད། ཁོ་ཚོས་ཕྱུགས་འཚོ་མི་ཤེས་ལ། དབྱར་རྩྭ་བརྐོ་རྒྱུ་མེད་པ། ཕྱི་རུ་ཞོར་ལས་སུ་མི་འགྲོ་བ། ལོ་རེའི་དགུན་ཁར་མི་རྣམས་ཀྱི་དགུན་ཤ་གྲ་སྒྲིག་བྱེད་སྐབས་ཁོ་ཚོའི་ནོར་ལུག་བཤའ་བའི་ཡོང་སྒོ་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། བོད་ཁུལ་དུ་ནོར་ལུག་བཤའ་བའི་ལས་ཀ་གཉེར་མཁན་ཧ་ཅང་ཉུང་ལ། སྐབས་དེར་ནོར་གཅིག་བཤས་ན་ལས་གླ་སྒོར་སུམ་ཅུ་ཡིན་པ་དང་། ལོ་གཅིག་གི་ནང་ནོར་བརྒྱ་བཤའ་མི་ཐུབ་པས། རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ལ་སྒུག་ནས་བསྡད་ཡོད། དེ་བས། རིན་ཆེན་ཉི་མ་སྡེ་མི་རྣམས་ཀྱི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད།

2015ལོར། སྐྱ་འཁྱོག་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་གིས་སྡེ་བ་ཡོངས་ཀྱི་རྩྭ་ས་སྤྱི་ཆིང་སྟོང་ལྔ་དང་བཞི་བརྒྱ་རེ་དྲུག་དང་ནོར་དགུ་བརྒྱ་རེ་གཅིག་གཅིག་བསྡུས་བྱས་ལ། ཁྱིམ་ཚང་བརྒྱ་དང་ཉེར་གཅིག་ཚང་མ་མཉམ་ལས་ཁང་དུ་ཞུགས། དེའི་ཁྲོད་ཡིག་ཚགས་བཙུགས་པའི་དབུལ་ཕོངས་ཁྱིམ་ཚང་གྱ་བདུན་ཡོད་པ་དང་། རིན་ཆེན་ཉི་མ་ནི་དེའི་ཁྲོད་ཀྱི་ཁྱིམ་ཚང་གཅིག་རེད།

རིན་ཆེན་ཉི་མ་བཟའ་ཟླ་གཉིས་མཉམ་ལས་ཁང་དུ་ཞུགས་རྗེས། སྔོན་ལ་ཕྱུགས་ཟོག་འཚོ་རྒྱུར་སློབ་སྦྱོང་བྱས་པ་དང་། དེའི་རྗེས་རྩྭ་ས་ལྕགས་ར་སྐོར་རྒྱུ་སློབ་སྦྱོང་བྱས་པས། བཟའ་ཟླ་གཉིས་མཉམ་ལས་ཁང་གིས་དུས་ཡུན་རིང་བའི་ལས་བཟོ་བར་གྱུར་ཡོད། ལོ་རེའི་གླ་ཕོག་སྒོར་ཁྲི་གསུམ་དང་སྟོང་དྲུག་ཡོད་པ་དང་། སྐབས་རེར་མཉམ་ལས་ཁང་དུ་དུས་ཡུན་ཐུང་ངུའི་ལས་ཀ་ལས་མཁན་དུ་གྱུར་ཡོད་པས། ཕྱུགས་འཚོ་བ་ལས་གཞན་གྱི་ལས་ཀ་ཙག་ཙིག་ལས་ན། ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་ལ་སླེབས་ཡོད་ལ། ལོ་གཅིག་གི་ནང་བསྡོམས་པས་ཡོང་སྒོ་སྒོར་ཁྲི་དྲུག་ལེན་བཞིན་ཡོད།

སྐྱ་འཁྱོག་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་ཀརྨ་བཟང་བོས་བཤད་རྒྱུར། རིན་ཆེན་ཉི་མས་དེ་སྔོན་ཅི་ཡང་བསྒྲུབ་མི་ཤེས་ལ། ད་ལྟ་སྡེ་བའི་ནང་གི་ཕྱུགས་རྫི་གྲགས་ཅན་དུ་གྱུར་ཡོད་ལ། ཁོང་བཟའ་ཟླ་གཉིས་ཀྱིས་འགན་ཁུར་བཞིན་པའི་འབྲོང་ཚའི་གསོ་སྤེལ་རྟེན་གཞི་རུ། འབྲོང་ཚ་བཞི་བརྒྱ་ལྷག་ཡོད་པ་དང་། 2015ལོ་ནས་ད་བར་དུ་འབྲོང་ཚ་གཅིག་ཀྱང་ཤི་མ་མྱོང་།

དོན་དངོས་སུ། སྐྱ་འཁྱོག་སྡེ་བ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་གཉིས་དང་སྟོང་ལྔ་རེ་དྲུག་ཡོད་པ་དང་། ནོར་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་དགུ། སྡེ་བ་ཡོངས་སུ་ཁྱིམ་ཚང་སུམ་བརྒྱ་གཉིས་དང་མི་གྲངས་སྟོང་གཅིག་དང་སུམ་བརྒྱ་དོན་དགུ་ཡོད་པ་དང་། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཉེར་བཞི་དང་མི་གྲངས་བཞི་བརྒྱ་ཞེ་བཞི་ཡོད། འོན་ཀྱང་། སྐྱ་འཁྱོག་སྡེ་བའི་སྐྱེ་ཁམས་ཕྱུགས་ཆེད་ལས་མཉམ་ལས་ཁང་གི་ཐོན་ཁུངས་གཅིག་བསྡུས་བྱས་ཚད་བརྒྱ་ཆའི་བཅུ་ལ་ཡང་སླེབས་མི་ཐུབ་པས། དེ་གཙོ་བོར་གནད་དོན་གང་ལ་ཐུག་ཡོད་དམ།

ར་སྟོད་གོང་མ་ཞང་གི་ཞང་གཙོ་གུ་བཀྲ་ཡིས་དེའི་རྒྱུ་མཚན་གྱི་སྐོར་ནས་བཤད་རྒྱུར། མཉམ་ལས་ཁང་དང་ཐོག་འཛུགས་སྐབས་ཕྱུགས་རྒྱུད་ལེགས་བཅོས་བྱེད་རྒྱུ་དེ་ཡིན་ལ། རིམ་བཞིན་རྒྱུ་སྤུས་མི་བཟང་བའི་ནོར་རིམ་བཞིན་མེད་པར་གཏོང་རྒྱུ་དེ་རེད། དེ་བས་མཉམ་ལས་ཁང་གིས་གསོ་སྤེལ་རྟེན་གཞི་གསུམ་བཙུགས་པ་དང་། འབྲོང་ཚ་གསོ་སྤེལ་རྟེན་གཞི་དང་མཐོ་སྒང་གི་ནོར་ནག་གསོ་སྤེལ་རྟེན་གཞི། ཕྱུགས་ཟོག་ཚོ་གསོའི་རྟེན་གཞི་བཅས་ཡོད་པ་དང་། སྡེ་བ་ཡོངས་ཀྱི་འབྲོང་ཚ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། ལོ་རེར། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་གསུམ་གྱིས་མོ་ཕྱུགས་མཉམ་ལས་ཁང་དུ་བཞག་ནས་འབྲོང་ཚ་གསོ་སྤེལ་རྟེན་གཞི་རུ་རྒྱུད་སྤེལ་བྱེད་བཞིན་ཡོད་ཟེར།

གུ་བཀྲ་ཡིས་འགྲེལ་བཤད་བྱས་ཏེ་བཤད་རྒྱུར། ད་ལྟ་ཐོན་ཁུངས་གཅིག་བསྡུས་བྱས་ཚད་དམའ་རུང་། འོན་ཀྱང་། དེ་ནི་མཉམ་ལས་ཁང་གི་རྩྭ་སའི་ཐེག་ནུས་དང་། མ་དངུལ་གྱི་ཐེག་ནུས། ཕྱུགས་ཟོག་གསོན་ཚད་སོགས་རྒྱུ་རྐྱེན་དག་ལ་བསམ་གཞིགས་གང་ལེགས་བཏང་བ་མ་ཟད། མཉམ་ལས་ཁང་གིས་ཉམས་མྱོང་མང་པོ་བསགས་རྗེས་མི་མང་པོས་སྣེ་ཁྲིད་བྱས་ཆོག་ལ། མཐར་མཇུག་མཉམ་ལས་ཁང་གིས་ནོར་སྟོང་གཉིས་བསྡུ་ལེན་བྱས་ཆོག་པ་དང་། ད་ཡོད་ཀྱི་ནོར་སྟོང་འགའ་མཉམ་ལས་ཁང་དུ་འཇོག་རྩིས་ཡོད་ཞེས་བཤད།

མཉམ་ལས་ཁང་གིས་ཁེ་ཕན་ལེན་བཞིན་པ་མཐོང་བས། འབྲོག་པ་རྣམས་ཀྱིས་མཉམ་ལས་ཁང་དུ་ཞུགས་རྒྱུར་རེ་ཞུ་བྱེད་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ན་མཉམ་གྱི་འབྲོང་ཚ་དང་མཐོ་སྒང་ནོར་ནག་གཉིས་བསྡུར་ན། ཤའི་བསྡུར་ཚད་རྒྱ་མ་ཉིས་བརྒྱ་བཞི་བཅུ་ནས་བཞི་བརྒྱ་དྲུག་བཅུའི་བར་ཁྱད་ཡོད་པ་མ་ཟད། འབྲོང་ཚའི་ཤ་ཕྱིར་བཙོང་གི་རིན་གོང་མཐོ་སྒང་ནོར་ནག་ལས་མཐོ། གསོན་པོ་ཕྱིར་བཙོང་བྱེད་སྐབས་ཀྱང་འབྲོང་ཚའི་ཕྱིར་བཙོང་རིན་གོང་དེ་མཐོ་སྒང་ནོར་ནག་ལས་མཐོ། མཉམ་ལས་ཁང་གི་ཁྲོད་འབྲོང་ཚ་གཅིག་གི་ཕྱིར་བཙོང་རིན་གོང་སྒོར་ཁྲི་གསུམ་དང་སྟོང་ལྔ་ལ་སླེབས་ཡོད། གཞན་ད་དུང་། འབྲོག་པའི་ནོར་ལུག་མཉམ་ལས་ཁང་དུ་སྤྲད་ནས། རང་ཉིད་ཀྱིས་ལས་ཀ་གཞན་བཙལ་ཏེ་ལས་རིགས་ཀྱི་ཡོང་སྒོ་བཙལ་བཞིན་ཡོད།

རིན་ཆེན་ཉི་མ་དང་འདྲ་བར། གྲགས་པ་རྒྱལ་མཚན་ཡང་མཉམ་ལས་ཁང་གི་ཕྱུགས་རྫི་ཡིན་པ་དང་། ཁོས་དེ་སྔོན་མ་ཎི་རྡོ་བརྐོ་བརྐོས་ནས་འཚོ་བ་རོལ་བཞིན་ཡོད་ལ། རྡོ་བརྐོས་སྒྱུ་རྩལ་ཡང་ཆེད་གཉེར་དགེ་རྒན་ལ་བརྟེན་ནས་སྦྱངས་བ་མིན་པས། ལག་རྩལ་ཧ་ཅང་སྤྱིར་བཏང་བ་ཞིག་རེད། བརྐོས་པའི་ཐོན་རྫས་ཀྱང་དགའ་བསུ་ཆེན་པོ་ཐོབ་ཀྱིན་མེད་པས། བཟའ་མི་དྲུག་པོའི་ལོ་གཅིག་གི་ཡོང་སྒོ་སྒོར་སྟོང་དྲུག་ཙམ་ལས་མེད། རིན་ཆེན་ཉི་མ་བཟའ་ཟླ་གཉིས་མཉམ་ལས་ཁང་དུ་ཞུགས་རྗེས། ལོ་རེའི་ཡོང་སྒོ་བཟང་བས། གྲགས་པ་རྒྱལ་མཚན་གྱི་སེམས་ལ་གཡོ་འགུལ་ཐེབས་སོང་། རིན་ཆེན་ཉི་མས་དེ་སྔོན་ཅི་ཡང་སྒྲུབ་མི་ཤེས་ལ། ད་ལྟ་འདི་དག་ཚང་མ་ལས་ཤེས་པས། ང་རང་རིན་ཆེན་ཉི་མ་ལས་ཀྱང་བཟང་བོ་ཞིག་བྱེད་རྒྱུ་ཡིན་ཟེར།

གཞན་ལས་རྒྱལ་བའི་སེམས་ཡོད་པ་ནི་ཁམས་པ་རྣམས་ཀྱི་རུས་རྐང་དུ་ཡོད་པའི་གོམས་གཤིས་ཡིན་ལ། འོན་ཀྱང་། མཉམ་ལས་ཁང་གིས་བཙུགས་པའི་སྟེགས་བུ་དེ་བརྒྱུད་ནས། དབུལ་ཕོངས་ཁྱིམ་ཚང་གི་བསམ་བློའི་འདུ་ཤེས་བསྒྱུར་བ་དང་། དེ་སྔོན་སྲིད་གཞུང་གིས་ང་ཚོ་དབུལ་ཐར་བྱེད་དུ་འཇུག་བཞིན་ཡོད་ལ། ད་ལྟ་ང་ཚོས་རང་ཉིད་དབུལ་ཐར་བྱེད་པར་བརྩོན་བཞིན་ཡོད་པས། དབུལ་ཕོངས་ཁྱིམ་ཚང་རེའི་སེམས་སུ་ང་རང་ཆེས་མཐའ་མ་མ་ཡིན་པར། ང་རང་ཁོ་ཚོ་ལས་ཀྱང་བཟང་དགོས་འདོད་ཡོད།

མིག་སྔར་མཉམ་ལས་ཁང་དུ་རིན་ཆེན་ཉི་མ་དང་གྲགས་པ་རྒྱལ་མཚན་དང་འདྲ་བར་དུས་ཡུན་རིང་བོའི་ཕྱུགས་རྫི་ཁྱིམ་ཚང་བཅུ་གཉིས་ཡོད་པ་དང་། ཁྱིམ་ཚང་བཅུ་གཉིས་པོ་ཚང་མ་ནི་སྐྱ་འཁྱོག་སྡེ་བའི་ཡིག་ཚགས་བཙུགས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་། ད་དུང་དུས་ཡུན་ཐུང་བའི་ལས་བཟོ་བ་བདུན་ཅུ་ལྷག་ཡོད་ལ། དེ་དག་མང་ཆེ་ཤོས་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་རེད། ཁོ་ཚོ་ཚང་མས་མཉམ་ལས་ཁང་དུ་བྱ་བ་སྒྲུབ་རྒྱུ་བརྩོན་ལེན་བྱེད་བཞིན་ཡོད།

སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ལྷག་མ་རྣམས་ཀྱིས་ནོར་ལུག་མཉམ་ལས་ཁང་དུ་སྤྲད་རྗེས། ཕྱུགས་བསྒྱུར་གྱི་ཐབས་ལམ་གཞན་འཚོལ་བཞིན་ཡོད། རྡོ་རྗེ་གྲགས་པས་རང་ཁྱིམ་གྱི་ནོར་ལུག་མཉམ་ལས་ཁང་དུ་སྤྲད་རྗེས། མཉམ་ལས་ཁང་ཕྱེས་པའི་ཉིན་དེར་རྡོ་རྗེ་གྲགས་པ་ཡིས་རྒྱལ་ལམ214དང་ཞིང་ཆེན་གྱི་བགྲོད་ལམ308ཀྱི་འབྲེལ་མཚམས་སུ་ཟ་ཁང་ཅིག་ཕྱེས་པ་དང་། བཟའ་ཟླ་གཉིས་ཀྱི་ཟ་ཁང་གི་ཚོང་ལས་གཉེར་བས། ལོ་གཅིག་ལ་སྒོར་ཁྲི་གཉིས་ཙམ་གྱི་ཡོང་སྒོ་ལེན་བཞིན་ཡོད།

རྡོ་རྗེ་གྲགས་པས་ཟ་ཁང་འབྱེད་པ་དེ་དུས་ཡུན་རིང་བོའི་ཐབས་ཇུས་མིན་པར་བསམ་ནས། བཟའ་ཟླ་གཉིས་ཀྱིས་བསམ་གཞིགས་གང་མང་བཏང་རྗེས། ལག་རྩལ་ཞིག་སྦྱངས་དགོས་སྙམ་ནས། ཟ་ཁང་ཕྱིར་གླས་རྗེས་བཟའ་ཟླ་གཉིས་ཁུལ་ཐོག་ཏུ་སོང་ནས་གསེར་དངུལ་ལས་སྣོན་ལག་རྩལ་སྦྱངས་བ་བྱས། ད་ལྟ། རྡོ་རྗེ་གྲགས་པས་གསེར་དངུལ་ལས་སྣོན་སློབ་སྦྱོང་བྱས་ནས་ལོ་གཅིག་འགོར་བ་དང་། སློབ་སྦྱོང་བྱེད་སྐབས་ཟླ་རེར་སྒོར་སྟོང་གཉིས་ཀྱི་གླ་ཕོག་ཡོད་པ་དང་། གསེར་དངུལ་ལས་སྣོན་བསླབ་རྗེས་བསམ་ཚུལ་ཅི་ཡོད་པའི་ཐད་ནས། རྡོ་རྗེ་གྲགས་པས་བཤད་རྒྱུར། སློབ་སྦྱོང་ལེགས་འགྲུབ་བྱུང་རྗེས་ཕྱིར་སྡེ་བའི་ནང་དུ་སོང་ནས། གསེར་དངུལ་ལས་སྣོན་གྱི་ཚོང་ཁང་ཆུང་བ་ཞིག་ཕྱེས་ཏེ། རང་ཉིད་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཆབས་ཅིག སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་བྱས་ཆོག་ཟེར།

དབུལ་ཕོངས་ལས་བསྒྱུར་ན་སྔོན་ལ་བསམ་བློའི་གོ་རྟོགས་བསྒྱུར་དགོས། བསམ་བློའི་འདུ་ཤེས་བསྒྱུར་བའི་འོག སྐྱ་འཁྱོག་སྡེ་བའི་འབྲོག་པའི་རང་འགུལ་གྱིས་བྱེད་ཐབས་བཙལ་ནས་དབུལ་ཐར་བྱེད་བཞིན་ཡོད། རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་དང་མང་ཚོགས་ཀྱི་རང་སྟེང་གི་འབད་པ་བྱས་འོག སྐྱ་འཁྱོག་སྡེ་བའི་སང་ཉིན་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་སྲིད་ལ། འབྲོག་པ་རྣམས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་ངེས་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།