རང་རྒྱལ་ནུབ་རྒྱུད་དུ་འཚོ་གནས་བྱེད་བཞིན་པའི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་གནས་བབ་ག་འདྲ་ཡིན་ནམ། དབུལ་ཐར་འགག་སྒྲོལ་གྱི་འཕེལ་རིམ་ག་འདྲ་ཡིན་ནམ། ཉེ་ལམ་གསར་འགོད་པ་རང་རྒྱལ་བོད་ཁུལ་གྱི་སྡེ་བ་དང་ཁྱིམ་ཚང་ལ་སོང་ནས་བཅར་འདྲི་བྱས།
མཐོ་སྒང་གི་རི་རྩེར་ཉི་འོད་འཕྲོས་པ་ན། བོད་ལྗོངས་ཤར་རྒྱུད་ས་ཁུལ་གྱི་ས་གཞིའི་སྟེང་དུ་ཉི་འོད་ལམ་ལམ་འཕྲོས་ཤིང་། སྐྱེ་དགུ་མ་ལུས་དྲོད་ཀྱིས་བསྐྱངས་སོང་། གསར་དུ་བསྐྲུན་པའི་བོད་ལུགས་ཁང་ཁྱིམ་དག་ནི་སྣོལ་མར་ཆགས་ཏེ་ཡིད་དུ་འོང་ཞིང་། ཨར་འདམ་གྱི་ལམ་ནི་ཁྱིམ་ཚང་རེ་རེའི་སྒོ་ཁར་ལས་ཡོད་པ་དང་། སྡེ་མི་འགས་ལྷས་ར་བདག་བྱེད་བཞིན་འདུག དེ་དག་ནི་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་སྟག་གཞོང་ཐེན་ཅིན་སྡེ་གསར་ནས་མཐོང་བའི་སྣང་ཚུལ་རེད།
སྟག་གཞོང་ཐེན་ཅིན་སྡེ་གསར་ནི་ན་ནིང་གི་ལོ་མཇུག་ལ་རང་བྱུང་སྡེ་བ་དྲུག་གནས་སྤོར་ཏེ་གྲུབ་པ་ཞིག་རེད། བསྡོམས་པས་ཁྱིམ་ཚང་བརྒྱ་དང་དོན་གཉིས་དང་མི་གྲངས་ལྔ་བརྒྱ་བརྒྱད་ཅུ་ལྷག་ཡོད། གནས་སྤོར་མ་བྱས་པའི་སྔོན་ལ་ལམ་ཐག་ཆེས་རིང་བའི་རང་བྱུང་སྡེ་བ་ཝ་འབོད་སྡེ་བ་དང་གཞུང་ལམ་བར་ལ་སྤྱི་ལེ་བཅོ་བརྒྱད་ཡོད་པ་དང་དེར་འཕྲུལ་རྟ་ཁོ་ན་བགྲོད་ཐུབ།
“རི་མ་ས་ཁུལ་དུ་མི་རབས་ནས་མི་རབས་བར་གནམ་ལ་རེ་ནས་ནས་འདེབས་པ་དང་ནོར་བཅུ་ལྷག་འཚོས་པ་ཡིན། ལོ་གཅིག་ལ་ཡོང་འབབ་སྒོར་སྟོང་གཉིས་ལྷག་ཡོད། ” ལོ་ཞེ་བཞི་ཡིན་པའི་ཏིང་འཛིན་རབ་རྒྱས་ལ་སྨི་གྲུ་བཞི་མ་དགུ་བཅུ་ཡོད་པའི་ཁང་གསར་ཞིག་བགོས་བྱུང་། “ང་རང་གསལ་ལ་ཡངས་ཤིང་གཙང་དག་ཡིན་པའི་ཁང་པ་འདི་འདྲ་ཞིག་གི་ནང་དུ་འདུག་ཐུབ་པ་ངའི་ཡིད་ལ་ཡང་ཤར་མ་མྱོང་། སྔོན་ཆད་གྲོང་རྡལ་དུ་འགྲོ་དགོས་ན་རྐང་ཐང་ལ་དུས་ཚོད་གསུམ་སོང་སྟེ་གཞུང་ལམ་འགྲམ་ནས་རླངས་འཁོར་ལ་བསྒུག་དགོས། དོན་ཞིག་བསྒྲུབས་ན་ཉིན་གཅིག་གི་དུས་ཡུན་འགོར་འགྲོ། ད་ལྟ་གཞུང་ལམ་དང་ཐག་ཉེ་བ་རེད། ད་ལོར་ངས་དངུལ་བུན་བསྐྱིས་ཏེ་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་བྱས་ན་ཉིན་རེར་སྒོར་ཉིས་བརྒྱ་ལོན་ཐུབ། ”
བྱིས་པ་ཚོ་སློབ་གྲྭར་འགྲོ་རྒྱུ་ཡང་ལས་སླ་མོར་གྱུར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་འཕྲིན་ལས་ཀྱིས“ད་ལོར་ང་ཚོས་སྡེ་བའི་ནང་དུ་བུ་བཅོལ་ཁང་ཞིག་འཛུགས་པའི་འཆར་གཞི་བཀོད་ཡོད། སློབ་མ་བུ་བཅོལ་ཁང་ནས་མཐར་ཕྱིན་རྗེས་ཁྱིམ་མཚེས་སྡེ་བ་རུ་སློབ་ཆུང་ལོ་རིམ་གསུམ་པའི་བར་འགྲིམ་ཐུབ ”ཟེར།
ན་ནིང་བོད་ལྗོངས་ཀྱིས་གནས་སྤོར་མ་དངུལ་སྒོར་དུང་ཕྱུར་བཞི་བཅུ་ལས་བརྒལ་བ་དངོས་འབེབས་བྱས་པ་དང་། མི་ཁྲི་གསུམ་ལྷག་གནས་སྤོ་གཏན་སྡོད་བྱས། བོད་ལྗོངས་སུ་དབུལ་ཕོངས་མི་གྲངས་ཧ་ལམ་འབུམ་ལྔ་དང་ཁྲི་དགུ་ཡོད་པ་དང་། ན་ནིང་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ལྷག་དབུལ་ཐར་བྱས། ད་ལོར་མི་གྲངས་འབུམ་གཅིག་དང་ཁྲི་གསུམ་དབུལ་ཐར་བྱ་རྒྱུ་རེད།
ཞིང་ཕྱུགས་ལས་ས་ཁུལ་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་ནི་བོད་ཁུལ་ཕྱུག་བསྒྱུར་གྱི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུར་འགྱུར་བཞིན་ཡོད། རྡོ་རྗེ་ཚེ་རིང་གིས“བོད་ལྭ་ཞིག་བཟོས་ན་སྒོར་སོ་ལྔ་ལོན་ཐུབ། ཆེས་མང་དུས་བོད་ལྭ་བཅུ་བཟོ་ཐུབ་པས། ཉིན་གཉིས་ཀྱི་ནང་ལུག་གཅིག་གི་རིན་གོང་དང་མཉམ་པའི་ཡོང་འབབ་ལོན་ཐུབ་ལ། ཞིང་འདེབས་པ་དང་ཕྱུགས་འཚོ་བ་ལས་འདིའི་ཡོང་སྒོ་མང་བ་དང་།” མཉམ་ལས་ཁང་ཡོད་པས་དབུལ་ཐར་ཕྱུག་བསྒྱུར་ལ་རེ་བ་ལྡན་ཟེར།
རྡོ་རྗེ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སུམ་མདོ་སྡེ་བའི་སྡེ་མི་རེད། ལོ་གཉིས་ཀྱི་ཡར་སྔོན་ལ་རང་སྡེ་བའི་མ་རྐང་ལམ་ལུགས་ཀྱི་བྱེད་སྟངས་སྤྱད་དེ་བཙུགས་པའི་མཉམ་ལས་ཁང་སྟེ་གསེར་ཁང་གྱོན་གོས་ཚད་ཡོད་འགན་ལེན་ཀུང་སིའི་ནང་དུ་ཞུགས།
སྔོན་ཆད་སུམ་མདོ་སྡེ་བའི་སྡེ་དམངས་ཀྱི་ཕྱེད་ཙམ་ནི་དབུལ་བོ་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ས་གནས་སྲིད་གཞུང་གིས་གནས་དེ་རུ་གྱོན་གོས་ལས་སྣོན་དང་ཞིང་པའི་སྤྲོ་སྐྱིད་ཁང་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟབས། ད་ལྟ་སྡེ་བ་ཡོངས་དབུལ་ཕོངས་ལས་ཐར་ཡོད་པ་རེད།
སུམ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་འབུམ་རྒྱལ་གྱིས“ད་ལྟ་ཁྱིམ་ཚང་བརྒྱ་དང་བཞི་བཅུ་གྱོན་གོས་ལས་སྣོན་གྱི་གྲས་སུ་ཞུགས་ཡོད་པ་དང་། སྡེ་དམངས་ཉིས་བརྒྱ་ལྷག་གིས་གནས་དེར་ལས་ཀ་ལས་བཞིན་ཡོད། ན་ནིང་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་འབུམ་དགུ་ཡོད་པ་དང་། ཁྱིམ་ཚང་རེར་ཐོབ་ཆ་བགོས་ན་སྒོར་སྟོང་གསུམ་ལ་ཉེ་བ་ཡོད ”ཟེར།
མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མ་ཀྲེང་ཅུན་གྱིས་ངོ་སྤྲོད་བྱས་དོན། མཚོ་སྔོན་གྱིས་ཁྱད་འབྱེད་རང་བཞིན་གྱི་རོགས་སྐྱོར་སྲིད་ཇུས་གཏན་འབེབས་བྱས་ཏེ། ཕྱུགས་ལས་ས་ཁུལ་གྱི་གནས་སྤོར་ཁྱིམ་ཚང་རེ་ལ་སྒོར་ཁྲི་དགུ་ནས་འབུམ་གཅིག་གི་ཁ་གསབ་རོགས་དངུལ་བྱིན་པ་དང་། ཁྱིམ་ཚང་གི་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་ཐད་མི་རེར་སྒོར་སྟོང་དྲུག་དང་བཞི་བརྒྱ་ཡི་ཁ་གསབ་རོགས་དངུལ་བྱིན། མཚོ་སྔོན་བོད་ཁུལ་དུ་དབུལ་ཕོངས་ཁྱིམ་ཚང་བསྡོམས་པས་ཁྲི་བརྒྱད་དང་སྟོང་བདུན་དང་དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་བརྒྱད་ཡོད། དབུལ་ཕོངས་ཀྱི་བསྡུར་ཚད་བརྒྱ་ཆའི་བཅོ་བརྒྱད་རེད། ན་ནིང་གི་ཚུན་ལ་ཁྱིམ་ཚང་ཁྲི་གཅིག་དང་སྟོང་དྲུག་དང་མི་གྲངས་ཁྲི་ལྔ་དབུལ་ཐར་བྱས། ཡུལ་སྐོར་ལས་རིགས་ནི་སི་ཁྲོན་བོད་ཁུལ་དབུལ་ཐར་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུར་འགྱུར་བཞིན་ཡོད། སྔོན་ཆད་འདབ་པ་ཉི་སྟེན་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གི་ཆེས་དབུལ་བའི་ས་ཁུལ་རེད། ཡུལ་སྐོར་ལས་རིགས་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། མཛེས་ལྗོངས་ཡོད་སའི་ཉེ་འགྲམ་གྱི་སྡེ་བ་ལ་ལ་རིམ་གྱིས་ཕྱུག་པོར་གྱུར།
ལོ་ཉེར་བཞི་ལ་སོན་པའི་རིང་གྲོང་གི་སྡེ་དམངས་རྡོ་རྗེ་ཡིས་གསར་འགོད་པར“ སྔོན་ཆད། ང་ཚོའི་སྡེ་བ་དབུལ་པོ་ཡིན་པས་གཞན་སྡེ་བུ་མོ་ཚོ་འདིར་གནས་ཡོང་མཁན་མེད ”ཅེས་བཤད། ད་ལྟ། འགྲིམ་འགྲུལ་སྟབས་ཇེ་བདེ་ནས་ཇེ་བདེ་ཡིན་པས། ཡུལ་སྐོར་པ་ཡང་ལོ་རེར་ཇེ་མང་ནས་ཇེ་མང་རེད།
རྡོ་རྗེ་ཡིས་ལོ་གཅིག་གི་ཉིན་ལྔ་བཅུ་ལྷག་གི་ནང་དུ་ཡུལ་སྐོར་པ་རྟ་ལ་ཞོན་དུ་བཅུག་པའི་ཡོང་འབབ་ཧ་ལམ་སྒོར་ཁྲི་ལྔ་ལྷག་ལོན་ཐུབ། རང་ཁྱིམ་ས་གཞན་གྱི་ཚོང་བདག་ལ་གླས་ན་ལོ་རེར་ཡོང་འབབ་སྒོར་འབུམ་གཉིས་ལྷག་ཡོད་པ་རེད། རིང་གྲོང་གི་སྡེ་དམངས་ཕྱེད་ཀ་ལ་བརྒལ་བས་རང་ཁྱིམ་ཚོང་བར་གླས་ཏེ། གླས་གླ་ཆེས་མཐོ་བ་ལོ་གཅིག་ལ་སྒོར་འབུམ་དྲུག་ལེན་བཞིན་ཡོད།
སི་ཁྲོན་བོད་ཁུལ་གྱིས་ནུས་ཤུགས་ཆེན་པོས་དབུལ་ཕོངས་སྡེ་བ་ཡོངས་སྐུལ་སྤེལ་བྱེད་པ་དང་། དབུལ་སྐྱོར་གནས་སྤོར་བྱེད་པ། རྒུད་གསབ་ལས་སྤྲོད་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས། 2016ལོར་སི་ཁྲོན་བོད་ཁུལ་གྱི་དབུལ་ཕོངས་སྡེ་བ་སུམ་བརྒྱ་སོ་ལྔ་དང་མི་གྲངས་ཁྲི་ལྔ་དང་སྟོང་གསུམ་དགུ་བརྒྱ་དབུལ་ཐར་བྱས། དབུལ་ཕོངས་སུ་གྱུར་ཚད2012ལོའི་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གསུམ་ནས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དགུ་ལ་མར་ཆགས།
ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་རིམ་གྱིས་ཡུན་ནན་བོད་ཁུལ་དབུལ་ཐར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་ཞེ་དྲུག་ལ་སོན་པའི་ཤར་སྟེང་ལྷ་མོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ཅང་ཕོ་སྡེ་བའི་སྡེ་མི་རེད། ན་ནིང་དབུལ་ཐར་བྱས་པའི་མོ་རང་ལ་མྱོང་ཚོར་ཟབ་མོ་སྐྱེས་ཡོད། “སྔོན་ཆད། ངེད་ཚང་གིས་ནས་དང་གྲོ་བཏབ་ལ། ཕག་ཀྱང་རེ་གཉིས་ཤིག་གསོས་མོད། སོན་སྤེལ་ལག་རྩལ་མི་ཤེས་པའི་རྐྱེན་གྱིས་ཡོང་འབབ་མང་པོ་མེད”ཟེར།
2015ལོར་ཤར་སྟེང་ལྷ་མོས་གསོ་སྤེལ་ལག་རྩལ་སྦྱངས་ཏེ་རིགས་རྒྱུད་ལེགས་པོ་བདམས་སྐྱོང་བྱས་པར་མ་ཟད། རྒུན་འབྲུམ་སོགས་སིལ་ཏོག་སྣ་མང་བཏབ།“ན་ནིང་ངེད་ཚང་གི་མི་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་སྟོང་བཞི་ཡོད་པས་འཚོ་བ་ཇེ་བཟང་ནས་ཇེ་བཟང་རེད ”ཅེས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད།
ན་ནིང་། བསྡོམས་པས་བདེ་ཆེན་གྱི་དབུལ་ཕོངས་རྫོང་གསུམ་དང་དབུལ་ཕོངས་སྡེ་བ་སོ་ལྔ་ཡི་དབུལ་ཕོངས་མི་གྲངས་ཁྲི་གསུམ་དང་སྟོང་ལྔ་དབུལ་ཐར་བྱས། ད་ལོར་དབུལ་ཕོངས་མི་གྲངས་ཁྲི་གསུམ་དབུལ་ཐར་བྱ་ཐུབ་རྒྱུ་རེད།
དངུལ་རྩས་དབུལ་སྐྱོར་བྱེད་པ་ནི་ཀན་སུའུ་བོད་ཁུལ་འཕེལ་རྒྱས་ཀྱི་སྐུལ་འདེད་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དངུལ་རྩའི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། སྒྲིག་གཞི་ཚང་བའི་སྡེ་བ་དྲུག་བརྒྱ་རེ་བཞི་རུ་དབུལ་སྐྱོར་རོགས་རེས་མཉམ་ལས་ཁང་བཙུགས་པ་དང་།“དངུལ་བུན་བསྐྱི་དགོས་པར་མྱུར་མོར་སྐྱི་བ”ཡི་དབུལ་སྐྱོར་གྱི་གྲངས་འབོར་ཆུང་བའི་ཡིད་རྟོན་དངུལ་བུན་བསྐྱིས། རིམ་བསགས་ཀྱིས་བརྩིས་ན་སྒོར་དུང་ཕྱུར་ང་བཞི་ཡི་དངུལ་བུན་བསྐྱིས་པ་རེད། ཁུལ་ཡོངས་སུ་རིམ་གྱིས་ཡུལ་སྐོར་རིག་གནས་ཐོན་ལས་དང་སྐྱེ་ཁམས་ཞིང་ཕྱུགས་ལས་གཉིས་ཀྱིས་སྣེ་ཁྲིད་པ་དང་། རྒྱུ་མང་དམངས་ཕྱུག་ཐོན་ལས་སྣ་མང་དུས་གཅིག་ཏུ་སྒྲུབ་པའི་གནས་བབ་ཆགས་ཡོད།
ད་ལྟ། ཀན་ལྷོ་དབུལ་སྐྱོར་རོགས་རེས་མ་དངུལ་གྱི་རྣམ་གྲངས་ནི་སྒྲིག་གཞི་ཚང་བའི་སྡེ་བ་ཡོངས་སུ་ཁེབས་པ་དང་། མ་དངུལ་ཧ་ལམ་སྒོར་དུང་ཕྱུར་གཉིས་ལ་སླེབས་ཡོད། མཉམ་ལས་ཁང་དུ་ཞུགས་པའི་རོང་འབྲོག་ཁྱིམ་ཚང་ཁྲི་གཉིས་དང་སྟོང་དྲུག་ལ་སླེབས་པ་དང་། རིམ་བསགས་ཀྱིས་བརྩིས་ན་སྒོར་དུང་ཕྱུར་གཅིག་ལ་ཉེ་བའི་དངུལ་བུན་བཏང་སྟེ་དབུལ་ཕོངས་མང་ཚོགས་ལ་མ་དངུལ་མི་འདང་བའི་གནད་དོན་ཞི་ལྷོད་དུ་བཏང་བ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།