མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞིའི་རྨང་འདིང་མཛད་སྒོ་བསྡུས་པ།
2017.07.26 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 50

ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞིའི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)རྨང་འདིང་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་ཁུལ་གསར་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཁུལ་དཔལ་འབྱོར་ཚོང་ལས་ཆ་འཕྲིན་ཨུ་ཡོན་ལྷན་ཁང། ཁུལ་འཛུགས་སྐྲུན་ཅུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་གདན་དྲངས་བ་ལྟར་རྨང་འདིང་མཛད་སྒོར་ཞུགས།

མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དགེ་འདུན་རྒྱལ་གྱིས་ཤིས་ཚིག་ཕུལ་སྐབས་བཤད་རྒྱུར། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)ནི་ཕྱི་དབྱིབས་ཁྱད་དུ་འཕགས་ཤིང་རྣམ་པ་གསར་བའི་ས་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་པའི་ཆ་ནས་སང་ལོར་ལེགས་འགྲུབ་འབྱུང་ངེས་ཤིང་། ལས་གཞི་འདིའི་ལས་མགོ་བརྩམས་པར་མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞིང་གི་མགོ་ཁྲིད་དང་འབྲེལ་ཡོད་བྱ་བའི་སྡེ་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་ཤིང་། ཇུས་འགོད་དང་རྩད་ཞིབ་ཐིག་ལེན། དེ་ནས་འཛུགས་སྐྲུན་གྱི་ལས་མགོ་རྩོམ་པ་བཅས་ནས་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པ། ཆུ་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་གྱི་བྱ་བའི་ཕྱོགས་སོ་སོ་ལེགས་འགྲུབ་བྱེད་དགོས། མ་འོངས་པར་མཚོ་ལྷོ་ཁུལ་གྱི་ཆ་འཕྲིན་ཅན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་གྲངས་མཛོད་ཆེན་མོའི་ཐོན་ལས་སྐུལ་སྤེལ་བྱེད་པར་ནུས་པ་ཆེན་པོ་ཐོན་ངེས།

མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ལོ་ཡིས་རྨང་འདིང་མཛད་སྒོའི་སྟེང་བཤད་རྒྱུར། ལས་གཞི་འདིའི་འཛུགས་སྐྲུན་ལས་ཁུངས་ཡིན་པའི་ཆ་ནས། མགོ་བརྩམས་མ་ཐག་ནས་ང་ཚོས་མི་ཤུགས་དང་དངོས་ཤུགས་གང་མང་བཏང་ཡོད་ཅིང་། ཇུས་འགོད་ཀྱི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཇུས་འགོད་ལས་ཁུངས་གདན་དྲངས་ནས་འཛུགས་སྐྲུན་ལ་ཇུས་འགོད་བྱེད་དུ་བཅུག་པ་དང་། ལས་གཞིའི་བཟོ་བཀོད་ལྟ་ཞིབ་པའི་ཐད་ནས་ཞིང་ཆེན་དུ་མིང་གྲགས་ལྡན་པའི་ལྟ་ཞིབ་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། བཟོ་བཀོད་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་པ་ཡིན། ཨར་ལས་སྡེ་ཁག་སྟེ་ཧོང་ཞིན་ཀུང་ཟིའི་ཆ་རྐྱེན་དེ་ཀུང་ཟི13ལས་གཟེངས་སུ་ཐོན་པས། ང་ཚོའི་རེ་བ་ནི་ཨར་ལས་སྡེ་ཁག་གིས་སེམས་ཞིབ་མོས་འཛུགས་སྐྲུན་བྱས་ཏེ་ཕུལ་བྱུང་གི་བཟོ་བཀོད་ཅིག་ལེགས་འགྲུབ་འབྱུང་བ་མ་ཟད། སྤུས་ཚད་ཁག་ཐེག་ཡིན་པའི་སྔོན་འགྲོའི་འོག་སྔོན་དཔགས་ཀྱི་མྱུར་ཚད་དམིགས་འབེན་དུ་བསླེབས་པར་བྱེད་དགོས།

ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)ནི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་སྒྲུབ་ཁང་ཡིན་ཞིང་། སྤྱིའི་མ་དངུལ་སྒོར་བྱེ་བ་བདུན་ས་ཡ་བདུན་འབུམ་བརྒྱད་ཁྲི་གཉིས་བཏང་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གཅིག་སྟོང་དྲུག་དགུ་བརྒྱ་བཅུ་བདུན་ཡོད། དེ་ཡོངས་འཛིན་གྲངས་མཛོད་ལྟེ་གནས་དང་། ཐོན་རྫས་མྱོང་ཚོར་ལྟེ་གནས། གྲངས་མཛོད་གསོ་སྦྱོང་ལྟེ་གནས་བཅས་སུ་དབྱེ་ཞིང་། ས་འོག་ཐོག་བརྩེགས་གཅིག་དང་ས་སྟེང་ཐོག་བརྩེགས་གསུམ་ཡོད། འཆར་འགོད་ལྟར་ན་ད་ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་གྱི་ཕྱི་དབྱིབས་འགྲུབ་སྟེ་ཁང་ཀླད་འགེབ་པ་དང་། སང་ལོའི་ལོ་མཇུག་ཏུ་ཡོངས་སུ་ལེགས་འགྲུབ་བྱེད་པ་མ་ཟད་བེད་སྤྱོད་གཏོང་ཐུབ་པར་བྱེད་རྒྱུ་རེད།

ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི(ཡོངས་འཛིན་གྲངས་མཛོད་ཆེན་མོའི་ལྟེ་གནས)ལེགས་འགྲུབ་བྱུང་རྗེས་ཡོངས་འཛིན་འཚོལ་བཤེར་གྱི་ཁྱད་འཕགས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་སྲིད་ལ། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཐོག་མར་ཡོངས་འཛིན་འཚོལ་བཤེར་གྱི་ལག་རྩལ་ནུས་ཤུགས་ཇེ་དྲག་དང་ཚོང་རྟགས་གྲགས་ཅན་ཁྱབ་སྤེལ། ཆེད་ལས་དཔུང་སྡེ་ཇེ་ཆེ་སོགས་ཀྱི་ཐད་ནས་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ཐུབ། དེ་ནས་རྟེན་གཞི་འཛུགས་སྐྲུན་ལ་བརྟེན་ནས་མཚོ་ལྷོ་ཁུལ་གྱི་གློག་རྡུལ་ཐོན་ལས་འཕེལ་རྒྱས་སྟེགས་བུ་བསྐྲུན་པ་དང་། ཡོངས་འཛིན་མྱོང་ཚོར་ལྟེ་གནས་འཛུགས་པ་བརྒྱུད། བོད་ཡིག་གློག་རྡུལ་ཐོན་རྫས་འགྲེམ་སྟོན་དང་ཐོན་རྫས་གསར་བ་ཁྱབ་སྒྲོག ཞིབ་འཇུག་གསར་སྤེལ་དང་གསར་འདོན་མཉམ་སྤྱོད། ཐོན་རྫས་སྤྱོད་ནུས་མྱོང་ཚོར་བཅས་གཞི་གཅིག་ཏུ་འདུས་བའི་ཐོན་རྫས་ཁྱད་ཆོས་ཕྱིར་ཚོང་རྣམ་པ་གྲུབ་སྟེ། མཚོ་ལྷོ་ཁུལ་གྱི་མཐུན་སྦྲེལ་དྲ་བའི་ཚན་རྩལ་གསར་སྐྲུན་སྐུལ་འདེད་དུ་གཏོང་བ་དང་བོད་ཡིག་ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བ། གཞན་ཡང་། བོད་ཁུལ་གྱི་ཆ་འཕྲིན་ཅན་དང་མཐུན་སྦྲེལ་དྲ་བའི་ཁྲོད་ཁེ་ལས་འབྲིང་ཆུང་རྟེན་གཞི་འདིར་གནས་བཅའ་བ་དང་། ཚན་ཞིབ་སྔོག་འདོན་འདོན་སྤྲོད། གསོ་སྦྱོང་། ཁྱབ་སྤེལ་སོགས་ཆ་རྐྱེན་གྱིས་ཁེ་ལས་འབྲིང་ཆུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་། གསར་སྐྲུན་དང་ཕན་ནུས་མཐོ་བའི་སློབ་སྦྱོང་རང་བཞིན་གྱི་ལས་སྐྲུན་ཁོར་ཡུག་མངོན་འགྱུར་བྱས་ནས། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།

མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནི2009ལོའི་ཟླ6པར་བཙུགས་ཤིང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་སྤྱི་ཕན་རང་བཞིན་གྱི་ལས་དོན་སྡེ་ཚན་ཞིག་ཡིན། བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་འབད་པ་དང་། བོད་ཡིག་ཆ་འཕྲིན་གྱི་ཐོན་ཁུངས་སྔོག་འདོན། བོད་ཡིག་ཆ་འཕྲིན་ལེགས་སྒྲིག་ཞིབ་འཇུག་གྲུབ་འབྲས་ཀྱི་ལག་རྩལ་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་བྱེད་པ་མ་ཟད། མཐུན་སྦྲེལ་དྲ་བའི་ལག་རྩལ་བེད་སྤྱོད་སྒོས་མཚོ་སྔོན་པོ་དྲ་བ་འཛུགས་སྐྲུན་བྱས་ཞིང་། རང་ཉིད་ཀྱི་ཤེས་བྱའི་ཐོན་དབང་ཡོད་པའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་བསྐྲུན། མ་ལག་འདིས་མཚོ་ལྷོ་ཁུལ་གྱི་མིང་གྲགས་མཐོར་འདེགས་དང་། བོད་ཁུལ་གྱི་སྤྱི་ཚོགས་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས། རིག་གནས་ཕུན་སུམ་ཇེ་ཚོགས། མི་རིགས་མཐུན་སྒྲིལ་དང་ཕྱི་ཕྱོགས་སུ་འབྲེལ་འདྲིས་སོགས་ཕྱོགས་མང་པོའི་ཐད་ནུས་པ་ཆེན་པོ་འདོན་ཐུབ།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།