མཚོ་སྔོན་གྱི་བསིལ་བའི་ནམ་ཟླས་ཡུལ་སྐོར་གྱི་ཚ་རླབས་བསླངས་པ།
2017.07.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

སྤྱི་ཟླ་བདུན་པར། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་དབྱར་གཞུང་དུ་ཐོན་པ་ན་ཚ་བ་རབ་ཏུ་རྒྱས་པ་སྟེ། ཙོག་ནས་བསྡད་ན་རླངས་པའི་ནང་བཙོ་བ་དང་ཉལ་ནས་བསྡད་ན་ལྕགས་ལེབ་སྟེང་དུ་བསྲེགས་པ་ལྟ་བུ་ཞིག་རེད།

སྐབས་དེར། སྤྱི་ལེ་གྲུ་བཞི་མ་ཁྲི་དོན་གཉིས་ཀྱི་མཚོ་སྔོན་གྱི་ཡུལ་གྲུ་ཀུན་ཏུ་རྒྱལ་ཡོངས་ཀྱི་ཚ་བྱོལ་གནས་མཆོག་ཏུ་གྱུར་ཡོད། གསར་དུ་བསྒྲགས་པའི་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་ཚ་བྱོལ་སྤྲོ་གསེང་ཡུལ་མཆོག་རྫོང་མཁར་གྱི་མིང་ཐོ་ཡི་ཁྲོད་དུ། མཚོ་སྔོན་གྱི་རྫོང་བཞི་དེའི་གྲས་སུ་ཚུད་ཡོད། ཞུན་ཧྭ་དང་ཧུའུ་ཀྲུའུ། ཧོང་ཀྲུང་། ཧོང་ཡོན་བཅས་ཡིན། གོ་ལ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་དབྱར་དུས་བསིལ་མོའི་ཡུལ་སྐོར་བྱ་ཡུལ་མཚམས་སྦྱོར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ཀྱིས་ཚ་བྱོལ་སྤྲོ་གསེང་བྱེད་དུ་འགྲོ་བར་སྟབས་བདེ་བཟོས་པ་རེད།

སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ། མཚོ་སྔོན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི་གཅིག་ཉིས་བརྒྱ་ཞེ་གཅིག་དང་གྲངས་ཆུང་ལྔ་གསུམ་སྣེ་ལེན་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་དྲུག་ལ་འཕར། ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར་གཅིག་ལྷག་མངོན་འགྱུར་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་གཉིས་འཕར། དེའི་ནང་ཟླ་དྲུག་པ་ཁོ་ནར། ཡུལ་སྐོར་པ་མི་ཐེངས་ཁྲི་བཞི་བརྒྱ་དང་ཞེ་བདུན་གྲངས་ཆུང་སོ་བཞི་སྣེ་ལེན་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་གཉིས་འཕར། ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར་ལྔ་བཅུ་དང་གྲངས་ཆུང་ཉེར་བཞི་མངོན་འགྱུར་བྱས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔ་དང་གྲངས་ཆུང་གསུམ་འཕར། དུས་མཉམ་དུ། སྐར་རིམ་མགྲོན་ཁང་སོ་སོར་སྡོད་པའི་ཚད་བསྟུད་མར་ཇེ་མང་དུ་སོང་བ་དང་། ཐ་ན་མལ་ཁྲི་གཅིག་ཀྱང་མི་ལྷག་པའི་དུས་ཀྱང་ཡོད། སྤྱི་ཚོགས་ཀྱི་མགྲོན་ཁང་སོ་སོའི་ཚོང་ཧ་ཅང་བཟང་། ཁུལ་དང་རྫོང་སོ་སོའི་མགྲོན་ཁང་གི་ཚོང་ཡང་བཟང་། ཆེད་མཁས་མི་སྣས་སྔོན་དཔག་བྱས་པ་ལྟར་ན། ཕྱིན་ཆད་ཀྱི་དུས་ཡུན་ཞིག་ལ། མཚོ་སྔོན་ཡུལ་སྐོར་གྱི་ཐོན་ཁུངས་ལེགས་པོ་སྣ་ཚོགས་འབུར་དུ་ཐོན་ནས། “ཚ་རླབས་དགུན་དུ་འཕྱུར་བ”ཡི་སྣང་ཚུལ་འབྱུང་ངེས་རེད།

སྤྱི་ཟླ་བདུན་པར། “གསེར་ཉ་ཆུ་མོ་གྱེན་རྐྱལ”གྱི་ལྟད་མོ་ནི་ཚེ་སྲོག་གི་ངོ་མཚར་དང་སྐྱེ་ཁམས་ཀྱི་འཆམ་མཐུན་མངོན་པ་ཡིན་ལ། གཙོ་རྒྱུག་སྨྱན་བྱད་དང་ཡན་ལག་སྨྱན་བྱད་ཀྱིས་དྲིལ་སྒྲོག་བྱེད་པའི་མཐོ་རླབས་ཡང་དང་བསྐྱར་དུ་བསླངས་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་གྲགས་སུ་བཅུག མིན་ཡོན་གྱི“ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་ཐང་ཆེན”གྱི་བརྗིད་ཉམས་དང་། གངས་ཀྱིས་གཡོགས་པའི་གངས་དཀར་རི་བོའི་མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་པ་མང་པོའི་མིག་དབང་རབ་ཏུ་བཀུག “ལྷ་ཡུལ་ལྟ་བུའི་མདོ་ལ”ཡིས་མཛེས་སྡུག་གི་སྒེག་ཉམས་མངོན་པས། རང་ཤུགས་སུ་མི་སྔར་ལས་མང་པོ་ཞིག་གི་ཧ་ཅང་སྐྱོད་འདོད་ཆེ་བའི་ཡུལ་དུ་གྱུར། ཟི་ལིང་མཐའ་འཁོར་གྱི་ཁུལ་དང་རྫོང་སོ་སོས་ཐོན་ཁུངས་སྔོག་འདོན་བྱས་པ་སྟེ། མེ་ཏོག་གི་ཐང་ཆེན་དང་སྐྱེ་ཁམས་ར་བ། ཞིང་གྲོང་བཅས་ཀྱི་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་ཡུལ་སྐོར་པ་མང་པོ་བཀུག་སྟེ། མི་རྣམས་ལ“མེ་ཏོག་གི་ཐང་ཆེན་དང་སྔོ་ལྗང་གི་དབུགས་སྒམ”ནང་དུ་བསྡད་ནས་རང་བྱུང་གི་ཚོར་བ་དང་ཞིང་ཁར་ཉམས་ལེན་བྱེད་པའི་འཚོ་བ་རོལ་མྱོང་བྱེད་དུ་བཅུག འདི་དག་ནི་མཚོ་སྔོན་གྱི་མཛེས་ལྗོངས་ཁྲོད་ཀྱི་ཁ་ཤས་ཤིག་ཡིན་ལ། ད་རུང་བརྗིད་ཆགས་ཀྱི་མཛེས་ལྗོངས་སྔར་བས་མང་པོ་ཞིག་ཡུལ་སྐོར་པ་རྣམས་ཀྱིས་ཤེས་མེད་ལ། རོལ་མྱོང་ཡང་བྱས་མྱོང་མེད།


དུས་ཆེན་དང་འགྲན་སྡུར་གྱིས་ཡུལ་སྐོར་དཔལ་འབྱོར་ལ་སྣེ་འཁྲིད་བྱས་པ། སྤྱི་ཟླ་བདུན་པ་ནི་མཚོ་སྔོན་གྱི་དམངས་སྲོལ་བྱ་འགུལ་ཆེས་མང་བའི་དུས་ཚིགས་ཤིག་ཡིན་པས། སྐབས་འདིའི་རྨ་ལྷོ་ཁུལ་ཐུན་རིན་རྫོང་གི“དྲུག་པའི་ཀླུ་རོལ” ནི་གནའ་བོའི་གོམས་སྲོལ་མ་ཉམས་པའི་དམངས་སྲོལ་ཡུལ་སྲོལ་ཞིག་ཡིན། ཧུའུ་ཀྲུའུ“ནཱ་ཏུན་སྒྱུ་རྩལ་དུས་ཆེན”གྱིས་ཧོར་རིགས་ཀྱི་དམངས་སྲོལ་རིག་གནས་མཚོན། མི་སྟོང་ཅན་གྱི་ཨ་འགྲོ་བྲོ་གར་དང་མི་ཁྲིའི་རྒྱ་གཞས་ལས་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་དུང་ཞིང་མོས་པ་མཚོན། སྤྱི་ཟླ་བདུན་པ་ནི་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྤེལ་བའི་དུས་ཚིགས་ཡིན་ལ། རྒྱལ་ཁབ་སོ་སོའི་ལུས་རྩལ་པ་མང་པོ་ཞུགས་སུ་བཅུག་པར་མ་ཟད། དུས་མཉམ་དུ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོའང་མཚོ་སྔོན་དུ་སླེབས་ཏེ་དངོས་སུ་ཉམས་ལེན་བྱེད་པ་ཞིག་ཡིན། ད་རུང་རྨ་ཆུར་འཕྲེད་བརྒལ་འགྲན་སློང་འགྲན་སྡུར་དང་རླངས་འཁོར་འགྲན་སྡུར། ཡུས་ཧྲུའུ་ཡི་ཆུ་ཁར་གཡེང་འགྲོ་དང་རྟ་རྒྱུག་སོགས་ཀྱི་འགྲན་སྡུར་ཡོད་པས། མཚོ་སྔོན་དུ་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་རེད།


ཉེ་ལམ། གསར་འགོད་པ་སྐར་རིམ་མགྲོན་ཁང་ཁ་ཤས་དང་ཞིང་པའི་སྤྲོ་སྐྱིད་ཁང་ཁ་ཤས་སུ་བཅར་འདྲིར་སོང་བ་ན། མགྲོན་ཁང་མང་ཆེ་བའི་ནང་དུ་མགྲོན་པོ་འདུག་ཚད་བརྒྱ་ཆའི་དགུ་བཅུ་ལ་སླེབས་ཟིན། ཡུལ་སྐོར་དུས་ཚིགས་མ་ཡིན་པ་དང་བསྡུར་ན་རིན་གོང་ལ་ཁྱད་པར་ཅུང་ཡོད།

སྤྱི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་ཡི་སྟེང་དུ། ཡུལ་སྐོར་ཁང་ག་གེ་མོ་ཞིག་གི་སྦྱིན་བདག་གིས་བཤད་རྒྱུར། ཁོ་མོས་སྔ་དྲོ་ཞིག་ལ་ཁ་པར་སུམ་བཅུ་ཙམ་ལ་ཉན་པ་ཡིན་ཟེར། མཚོ་སྔོན་གྱི་ཡུལ་སྐོར་དུས་གཞུང་དུ་ཐོན་པའི་སྐབས་སུ། ཐོན་ཁུངས་སྣ་ཚོགས་ཅུང་དཀོན་པ་དང་ཡུལ་སྐོར་ཚོགས་པ་དང་འབྲེལ་བའི་དོན་དག་ཐག་གཅོད་བྱེད་པའང་ལྟོས་བཅས་ཀྱིས་མང་དུ་སོང་ཡོད།

མཚོ་སྔོན་ཐཱེན་ལུའུ་དབྱར་རྩྭ་དགུན་འབུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ཏཱ་ཅིན་གྱིས་བཤད་རྒྱུར། ཉིན་འདི་འགར་ཡུལ་སྐོར་དུ་ཡོང་བའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། ཡུལ་སྐོར་ཚོང་རྫས་དང་མཚོ་སྔོན་གྱི་ཁྱད་ཐོན་དངོས་རྫས་ཉོ་མཁན་ཡང་ཇེ་མང་དུ་སོང་ཞིང་། ཚོང་ཡང་རིམ་བཞིན་ཇེ་ལེགས་སུ་སོང་། ན་ནིང་དང་བསྡུར་ན། ཡུལ་སྐོར་ཐོན་རྫས་ཉོ་མཁན་ཇེ་མང་དུ་སོང་ཡོད།

རྩོམ་སྒྲིག་པ། སྐར་མ་མཚོ།