ཉིས་སྟོང་བཅུའི་ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐག་གཅོད་དངོས་འབེབ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་དེ་ཆབ་སྲིད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྩ་འཛུགས་མགོ་ཁྲིད་འཐུས་ཚང་དུ་གཏོང་བ་དང་། མཐུན་སྦྱོར་ལ་ཡར་སྐུལ་བྱེད་པ། ཁ་གཏད་རོགས་སྐྱོར་བྱེད་པའི་སྒྲིག་གཞི་གསུམ་བཙུགས་ཏེ། གྲོང་ཁྱེར་གཅིག་གིས་རྫོང་གཅིག་ལ་གཏན་ཁེལ་གྱི་སྒོ་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལག་བསྟར་བྱས་པ་དང་། ལྷག་པར་དུ་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་། བེ་ཧའེ་གྲོང་ཁྱེར་དང་། ལིན་ཞི་གྲོང་ཁྱེར། ལེའོ་ཁྲིན་གྲོང་ཁྱེར། པིན་ཀྲིག་གྲོང་ཁྱེར་སོགས་ཀྱིས་མིན་ཡོན་རྫོང་དང་། མདའ་བཞི་རྫོང་། རྐང་ཚ་རྫོང་། ཆུ་ལེན་རྫོང་གི་ཞང་དང་གྲོང་རྡལ་གཅིག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབྲེལ་བ་བཙུགས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་།
རོགས་སྐྱོར་ལས་གཞི་དངོས་འབེབ་བྱས་པ་སྟོབས་དང་ལྡན་པ།
ཧྲན་ཏུང་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ཏེ། བྱ་བའི་འགན་ཁུར་ཡི་གེ་དང་། དུས་ཚོད་རེའུ་མིག ལས་འགན་རི་མོ་བཅས་གཏན་ཁེལ་གསལ་བོ་བྱས་ལ། བྱེད་ཐབས་སོ་སོ་དངོས་འབེབ་བྱས་པ་དོན་དང་མཐུན། ལས་གཞི་བརྒྱ་ལྷག་ལག་བསྟར་བྱས་པ་དེ་མཁར་གྲོང་སྡོད་དམངས་ཀྱི་སྡོད་ཁང་དང་། ཞང་གྲོང་གི་རྨང་གཞིའི་སྒྲིག་ཆས། སྤྱི་ཚོགས་ལས་དོན། སྐྱེ་ཁམས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། གཞི་རིམ་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྲུན་བྱེད་པ། ཏང་སྲིད་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་སོགས་རོགས་འཛུགས་ལས་གཞིའི་ཁྱབ་ཁོངས་སོ་སོར་འབྲེལ་ཡོད།
ཐོན་ལས་རོགས་འཛུགས་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་པ།
ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དེ་གྲོང་ཁྱེར་ཐེངས་ཐེངས་བཅོ་བརྒྱད་པ་བྱས་ཏེ། ཤུགས་ཆེན་པོའི་སྒོ་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱད་སྟོབས་གསོ་སྤེལ་དང་། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་དང་། མཐོ་སྒང་གི་དེང་རབས་སྐྱེ་ཁམས་གནས་སྐོར་ཚོད་ལྟ་ཁུལ། ཁྱད་ཆོས་ལྡན་པའི་བཟོ་ལས་གཅིག་བསྡུས་འཕེལ་རྒྱས་ཁུལ་འཛུགས་སྐྲུན་ཐད་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་གཙོ་བོར་བཞག་སྟེ། རྒྱུན་མཐུད་འཕེལ་རྒྱས་ནུས་པ་ཇེ་མཐོར་བཏང་། ལོ་དྲུག་གི་རིང་ལ། ཧྲན་ཏུང་ཞིང་ཆེན་གྱི་སྡེ་ཁག་ལས་ཁུངས་ཉི་ཤུས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་འཐབ་ཕྱོགས་མཉམ་ལས་ཀྱི་ཁ་གཏད་རོགས་སྐྱོར་གྲོས་མཐུན་བཀོད།
དམངས་ཀྱི་འཚོ་བའི་འགན་སྲུང་སྔར་ལས་འཐུས་ཚང་དུ་བཏང་བ།
ལེགས་བཅོས་རྨང་གཞི་དང་། དམངས་ཀྱི་འཚོ་བར་ཕན་པའི་ལས་གཞི་བཟང་པོ་སྐོར་ཞིག་བཙུགས་ཏེ། སློབ་གསོ་དང་། འཕྲོད་བསྟེན། དམངས་སྲིད། ལས་ཞུགས་སོགས་དམངས་ཀྱི་འཚོ་བའི་ཁྱབ་ཁོངས་ཀྱི་གནད་དོན་གྱི་བྱེད་ཐབས་གསར་བ་སྐོར་ཞིག་ལ་ཡར་སྐུལ་བྱས་ནས། གཅིག་བསྡུས་ཀྱི་སྒོ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གནད་དོན་སྐོར་ཞིག་ཐག་གཅོད་བྱས་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པར་ཡར་སྐུལ་བྱས།
བློ་སྟོབས་ལ་བརྟེན་ནས་གཏིང་ཟབ་པའི་སྒོ་ནས་རོགས་སྐྱོར་བྱ་བར་ཡར་སྐུལ་བྱས་པ།
ནང་དུ་ཡོང་བ་དང་ཕྱི་ལ་འགྲོ་བ་རྒྱུན་འཁྱོངས་བྱས་པ་བརྒྱུད། ཁ་གཏད་རོགས་འཛུགས་བྱས་པ་ནས་བཟུང་ས་ཁུལ་གཉིས་ཀྱིས་ཕན་ཚུན་ལ་མཚམས་འདྲིར་བྱས་པའི་མི་སྟོང་ལྔ་དང་ལྔ་བརྒྱར་སླེབས། དེ་དག་གི་ཕྱོགས་གཅིག་ནི་ཧྲན་ཏུང་ཞིང་ཆེན་གྱི་ཆེད་མཁས་པའི་ཚོགས་པ་དང་། སྨན་བཅོས་རུ་ཁག དགེ་རྒན་སོགས་བདམས་ཐོན་བྱས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་སྟེ་ཞབས་ཞུའི་བྱ་བ་སྤེལ་བ་དང་། ཕྱོགས་གཞན་ཞིག་ནི་ས་གནས་རང་གི་ལས་བྱེད་པའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་བྱེད་པའི་དཔུང་སྡེ་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་བཏང་བ་དེ་ཡིན། མིག་སྔའི་བར་དུ། ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་སྐབས་ཉིས་བརྒྱ་དང་རེ་བཞིར་བསྡུས་པ་དང་། མི་སྟོང་བརྒྱད་དང་བརྒྱ་དང་རེ་བཞི་ལ་གསོ་སྦྱོང་བྱས་པ་དང་། ཆེད་མཁས་པ་བདུན་རྒྱ་དང་ཉེར་གསུམ་བདམས་མངགས་བྱས་ནས་བློ་སྟོབས་ཀྱིས་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་ཞིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་སྲིད་ལས་བྱེད་པ་གྱ་གཅིག་དང་ལག་རྩལ་མི་སྣ་ལྔ་བརྒྱ་དང་རེ་དགུ་བདམས་ནས་ཧྲན་ཏུང་ཞིང་ཆེན་དུ་ལས་འཁུར་སྦྱོང་བརྡར་བྱེད་དུ་མངགས།
རོགས་སྐྱོར་འཛུགས་སྐྲུན་རྣམ་པ་མུ་མཐུད་དུ་གསར་སྐྲུན་བྱས་པ། ཐེངས་གསུམ་པར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ལས་གནས་སུ་འབྱོར་རྗེས། ཆེས་ཐོག་མར་དགེ་རྒན་གྱིས་སློབ་མ་སྐྱོང་བའི་རྣམ་པར་བརྟེན་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་ལས་ལག་རྩལ་མི་སྣར་སྣེ་ཁྲིད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཆེས་ཐོག་མར་རྩ་འཛུགས་བྱས་པའི་གནས་སྐོར་ཆེད་མཁས་པ་དང་། གནས་སྐོར་གསར་འགྱུར་སྨྱན་བྱད་གསར་འགོད་པ། གནས་སྐོར་ཁང་། གནས་སྐོར་ཐོན་རྫས་ཁེ་ལས་འགན་ཁུར་མི་སྣ་ཞུགས་པའི་ཕྱོགས་བསྡུས་དཔུང་སྡེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་ཕྱོགས་ཡོངས་ནས་ལས་ཀར་འབྲེལ་མཐུད་བྱས་པ་དང་། ཆེས་ཐོག་མར་སྨན་བཅོས་མ་ལག་འཛུགས་སྐྲུན་དེ་གཙོ་གནད་དུ་བཞག་སྟེ། ཆེས་ཐོག་མར་མཚོ་སྔོན་གྱི་ཞང་གྲོང་དུ་རོགས་སྐྱོར་བྱེད་པའི་འཆར་འགོད་དང་། ཆེས་ཐོག་མར་ཁ་གཏད་རོགས་སྐྱོར་དང་གནད་ཕིགས་དབུལ་སྐྱོར་ཟུང་འབྲེལ་བྱེད་པའི་བྱ་བ་ལག་བསྟར་བྱེད་རྒྱུ་རེད།
ཉིས་སྟོང་བཅུ་ལོ་ནས་བཟུང་། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་དང་། བུའུ་ཁོང་སྡེ་ཚོགས། ཧྲིན་ཧྭ་སྡེ་ཚོགས། ཀྲུང་གོ་ཧ་ཡང་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཀྲུང་དབྱང་ཁེ་ལས་ཀྱིས་སོ་སོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་མིན་ཡོན་དང་། ཆི་ལེན། རྐང་ཚ། མདའ་བཞི་རྫོང་བཞི་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཉེ་བའི་ལོ་འགའི་རིང་ལ། ཀྲུང་དབྱང་ཁེ་ལས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐེངས་ལྔ་བཅུ་ལྷག་དང་། མི་སྣ་དགུ་བརྒྱ་ལྷག་གིས་ཕན་ཚུན་ལ་འཚམས་འདྲི་བྱས་པ་དང་། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ་རོགས་འཛུགས་བྱ་བར་དངོས་ཡོད་རང་བཞིན་ལྡན་པའི་འཕེལ་རྒྱས་བྱུང་།
བུའུ་ཁོངས་སྡེ་ཚོགས་ཀྱིས་ཆི་ལེན་རྫོང་ནས་རྩྭ་ས་བསྙེགས་ནས་ཕྱུགས་འཚོ་བའི་འབྲོག་པར་གཏན་སྡོད་ཁང་བ་ལས་པ་དང་། ཁྱད་ཆོས་ལྡན་པའི་ཚོད་ལྟའི་སྡེ་བ་སོགས་སུ་ལས་གཞི་འཛུགས་སྐྲུན་བྱེད་པའི་བྱ་བ་ལག་བསྟར་བྱས་ལ། ཧྲིན་ཧྭ་སྡེ་ཚོགས་ཀྱིས་རྐང་ཚ་རྫོང་ནས་འབྲོག་ཁུལ་གྱི་ཉེན་ཁང་བསྒྱུར་བཀོད་དང་ཁོར་ཡུག་བཅོས་སྐྱོང་བྱེད་པ། འབྲོག་པའི་གཏན་སྡོད་འདུག་ཁུལ་གྱི་ཆ་ཚང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས། ཀྲུང་གོ་ཧ་ཡང་ཀུང་ཟིས་མདའ་བཞི་རྫོང་བཅའ་སྡོད་སློབ་ཆུང་གི་ལུས་རྩལ་རྭ་བ་འཛུགས་སྐྲུན་བྱེད་པའི་ལས་གཞི་དང་། དམངས་སྲིད་ཕན་བདེ་ཁང་གི་འཛུགས་སྐྲུན་ལས་གཞི། མདའ་བཞི་རྫོང་གི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་ལས་གཞི། མདའ་བཞི་རྫོང་གི་གནས་སྐོར་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལས་གཞི་སོགས་ལག་བསྟར་བྱས། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱིས་མིན་ཡོན་རྫོང་དུ་སྤྱི་བའི་འཕྲོད་བསྟེན་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་ལས་གཞི་དང་། རིག་གནས་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་སོགས་ལག་བསྟར་བྱས།
ཀྲུང་གོ་བུའུ་ཁོངས་སྡེ་ཚོགས་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་ལྷག་བཏང་སྟེ། སྡོད་ཁང་དང་། ཟ་ཁང་། རོལ་རྩེད། ཁམས་གསོ། གྲོས་ཚོགས་ཁང་སོགས་གཞི་གཅིག་ཅན་གྱི་སྐར་ལྔ་རིམ་པའི་མདོ་ལ་ལྷ་ཡི་ཞིང་ཁམས་མགྲོན་ཁང་ཆེན་མོ་ཞེས་པ་ཞིག་གཉེར་ཏེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དང་། ཧྲིན་ཧྭ་སྡེ་ཚོགས་ཀྱིས་སྟོང་ཝ་འབུམ་གཉིས་ལྷག་གི་རླུང་ཤུགས་ཀྱིས་གློག་གསར་སྤེལ་བྱེད་པའི་ལས་གཞི་ཡོངས་འགྲུབ་བྱས་ཏེ་ཞིབ་བཤེར་བྱེད་པར་གྲ་སྒྲིག་བྱེད་ཆོག་པ་དང་། མིག་སྔའི་བར་འབྲེལ་ཡོད་སྙན་ཞུའི་རྒྱུ་ཆ་ཚང་མ་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་ལ་སྤྲད་ཡོད། ཧྲིན་ཧྭ་སྡེ་ཚོགས་ཀྱིས་རྐང་ཚ་རྫོང་དུ་ཕག་ཤ་དང་། སྐམ་ཤ ལུག་ཤ་ཉོ་བསྡུའི་རྒྱུན་ལྡན་ཅན་གྱི་སྒྲིག་གཞི་ཐོག་མར་བཙུགས་པ་དང་། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱིས་མིན་ཡོན་རྫོང་གི་ཕྱུགས་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལྔ་དང་མཉམ་འབྲེལ་བྱས་ཏེ་དྲ་སྟེང་ནས་ཉོ་འཚོང་བྱེད་པའི་བྱ་བར་འབྲེལ་མཐུད་བྱས་པ་དང་། མིན་ཡོན་གྱི་སྦྲང་རྩི་ཡང་དྲ་སྟེང་ནས་ཕྱི་ཕྱོགས་སུ་བཙོངས།
མཚོ་སྔོན་དུ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་བྱེད་པས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། བོད་ཡུལ་དེ་རང་གི་ཕ་སར་བརྩིས་ནས་རོགས་འཛུགས་ལས་གཞི་དང་། སྟེགས་བུ་འཛུགས་པར་རམ་འདེགས་བྱེད་པ་གསོ་སྐྱོང་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ལ་དོན་དངོས་ཀྱི་བྱ་བ་དང་གྲུབ་འབྲས་ཀྱིས་ཕྱུག་པར་ཡར་སྐུལ་བྱས་པས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཐོབ། དེ་དང་ཆབས་ཅིག་ཏུ། སྒྲིག་ལམ་ནན་འཛིན་དང་། མཐུན་སྒྲིལ་ལ་གཙིགས་ཆེན། དོ་དམ་དང་བསྟུན་པ། ལས་གནས་བརྟན་སྲུང་བྱེད་པ་སོགས་བྱས་པས་དཀའ་ངལ་ལ་གདོང་གིས་གཏོད་ཐུབ་པ་དང་། ལྷིང་འཇགས་ངང་སྡོད་ཚུགས་པ། ཧམ་པ་ཆུང་བ། གནས་བརྟན་སྲུང་བྱེད་ཐུབ་པ་བཅས་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་སྣང་བརྙན་བཟང་པོ་ཞིག་སྐྲུན། གོམ་རིམ་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ཏེ། ཞིང་ཆེན་ཏང་ཨུའི་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་དང་། ཞིང་ཆེན་ཏང་སྲིད་འཐུས་ཚོགས་པ་ཧྲན་ཏུང་ཞིང་ཆེན་དུ་སློབ་སྦྱོང་རྟོག་ཞིབ་བྱེད་པར་སོང་བའི་འབྲེལ་ཡོད་ནང་དོན་མཛུབ་སྟོན་དུ་བཟུང་སྟེ། མུ་མཐུད་དུ་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། བྱེད་ཐབས་སོ་སོ་དངོས་འབེབ་བྱས་ཏེ། ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་རང་སྐྱོང་ཁུལ་དུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གཙོ་བོར་བཟུང་བ་དང་། འབད་བརྩོན་ཆེན་པོས་དཔལ་འབྱོར་དང་། ལས་བྱེད་པ། ཤེས་ལྡན་མི་སྣ། སློབ་གསོ། ཚན་རྩལ་སོགས་དང་ཟུང་འབྲེལ་སྒོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་ཞིག་བཙུགས་ནས་བརྒལ་གཏོར་ཆེན་པོ་བཞི་མངོན་འགྱུར་བྱེད་པར་འབད་བརྩོན་བྱས། གཅིག་ནི་དབུལ་སྐྱོར་མཁྲེགས་གཏོར་ཀྱི་ཐད་ནས་བརྒལ་གཏོར་གསར་བ་མངོན་འགྱུར་བྱུང་བ་སྟེ། དབུལ་ཕོངས་ཞིང་སྡེའི་ཁྱད་ཆོས་མི་འདྲ་བ་དང་ཟུང་འབྲེལ་བྱས་པ་དང་། ཁྱིམ་ཚང་ལ་བརྟེན་ནས་ལས་གཞི་གཏན་ཁེལ་བྱེད་པ་དང་། དབུལ་སྐྱོར་བྱེད་ཡུལ་ནས་ཐོན་ལས་ཀྱི་ཡོང་སྒོ་འཕར་བར་རྒྱབ་སྐྱོར་དང་། ལྟོས་བཅོས་ཀྱིས་བརྟན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་འབད་བརྩོན་གྱིས་གྲུབ་པར་བྱས། གཉིས་ནི་ཐོན་ལས་ཀྱིས་རོགས་སྐྱོར་མཉམ་ལས་སྟེང་བརྒལ་གཏོར་གསར་བ་མངོན་འགྱུར་བྱུང་བ་སྟེ། མུ་མཐུད་དུ་ཐོན་ལས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས་ཐོན་ལས་རེ་རེའི་རོགས་འཛུགས་ལས་གཞི་དེ་ནུས་པ་བཟང་པོའི་ལས་གཞི་བཟང་པོར་འགྱུར་བར་འབད་བརྩོན་བྱས། ས་ཁུལ་གཉིས་ཀྱིས་ཐོན་སྐྱེད་སློབ་སྦྱོང་ཞིབ་འཇུག་ཐད་ནས་མཉམ་ལས་བྱེད་པར་སྐུལ་འདེད་བྱས་ཏེ། ཕན་ཁེ་དང་ཉེན་ཁ་མཉམ་དུ་འཁུར་བ་དང་། ལག་རྩལ་གྲུབ་ཆའི་ཐོན་སྐྱེད་དང་སློབ་སྦྱོང་ཞིབ་འཇུག་བཅས་ཀྱི་མཉམ་ལས་སྒྲིག་གཞི་ཞིག་ཆགས་པར་བྱེད་དགོས། གསུམ་ནི་བློ་རིག་ལ་བརྟེན་ནས་རོགས་སྐྱོར་བྱེད་པའི་སྟེང་བརྒལ་གཏོར་གསར་བ་མངོན་འགྱུར་བྱེད་པ་སྟེ། ཁ་གཏད་རོགས་སྐྱོར་སྒྲིག་གཞི་དང་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། མུ་མཐུད་དུ་རིགས་སོ་སོའི་གསོ་སྦྱོང་བྱ་བར་ཡར་སྐུལ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་རོགས་སྐྱོར་ཕྱོགས་ཁག་གི་ཤེས་ལྡན་མི་སྣའི་བློ་ཤུགས་ཐོན་ཁུངས་ནང་འདྲེན་བྱེད་པར་གཙིགས་འཛིན་དང་། རོགས་སྐྱོར་ཕྱོགས་ཁག་གི་ཆེད་མཁས་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་འཆད་ཁྲིད་སྤེལ་བ་གནད་སར་བཟུང་ཞིང་། སྐོར་བསྐྱོད་མཛུབ་སྟོན་བྱ་བ་སྤེལ་བ་དང་། སྨན་བཅོས་དང་། སློབ་གསོ། ཞིང་ལས། ཁེ་ལས་སོགས་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཧྲན་ཏུང་ཞིང་ཆེན་དུ་སོང་ནས་ལས་རིགས་གསོ་སྦྱོང་བྱེད་པའི་བྱ་བ་བཟང་པོར་སྤེལ་ཞིང་། སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ། རྒྱང་སྒྲོག་བརྙན་འཕྲིན་སོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དང་རོང་འབྲོག་པའི་དངོས་བཀོལ་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་པ་གནད་སར་བཞག་སྟེ། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣའི་དཔུང་སྡེའི་རྒྱུ་སྤུས་དང་སྤྱི་ཚོགས་ལས་ཞུགས་ཀྱི་ཆུ་ཚད་ཇེ་མཐོར་བཏང་། བཞི་ནི་བརྗེ་རེས་དང་། འགྲོ་འོང་། མཉམ་བསྲེས་བཅས་ཐད་ལ་བརྒལ་གཏོར་གསར་བ་མངོན་འགྱུར་བྱུང་བ་སྟེ། ཁ་ཕྱོགས་ངེས་གཏན་གྱི་སྒོ་ནས་རོགས་སྐྱོར་ཕྱོགས་ཁག་གིས་ཡར་ཞུའི་བྱ་བའི་སྒྲིག་གཞི་དང་གྲོས་མོལ་སྒྲིག་གཞི་སོགས་རིམ་བཞིན་འཐུས་ཚང་དུ་བཏང་སྟེ། རོགས་སྐྱོར་ཕྱོགས་ཁག་གཉིས་ཀའི་ས་ཁུལ་དང་། སྡེ་ཁག ལས་ཁུངས་བར་དུ་གྲོགས་སྒྲིག་རོགས་སྐྱོར་བྱ་འགུལ་སྤེལ་ཏེ། ཕྱོགས་ཡོངས་ནས་ཁ་གཏད་རོགས་སྐྱོར་གཏིང་ཟབ་སྒོས་སྤེལ་བར་ཡར་སྐུལ་བྱས།
ལོ་ཙཱ། ཚེ་རིང་སྒྲོལ་མ།