ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་ཕུན་ཚོགས་སུ་བཏང་བ།
2017.08.16 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 33

ཞིང་ལས་པུའུ་ཡིས་སྤེལ་བའི་གསར་འགྱུར་ལྟར་ན། རང་རྒྱལ་གྱིས་འདེབས་འཛུགས་ལས་རིགས་དང་ཕྱུགས་ལས། ཉ་ལས་བཅས་ཀྱི་གྲུབ་ཚུལ་གནད་སར་བཞག་སྟེ་ལེགས་སྒྲིག་བྱས་ནས་ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་བར་སྐུལ་འདེད་གཏོང་རྒྱུ་རེད། ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་ལ་ནང་དོན་གང་དག་འདུ་བ་དང་། མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གང་དག་བྱུང་བ། ཞིང་བའི་ཁེ་བཟང་ལ་ཇི་ལྟར་འགན་ལེན་བྱེད་པ་བཅས་ལ་དམིགས་ནས། ཉེ་ལམ། ཞིང་ལས་སྡེ་ཁག་གིས་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཐོག་ཏུ། ཞིང་ལས་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་གོང་གསལ་གྱི་གནད་དོན་གཙོ་བོ་དག་ལ་ལན་བཏབ་ཡོད།

མ་རྨོས་ལོ་ཏོག་གི་འདེབས་རྒྱ་ཇེ་ཉུང་དུ་བཏང་ནས། འབྲུ་རིགས་དཀྱུས་མ་དང་སྲན་རིགས་དཀྱུས་མ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཇེ་མང་དུ་གཏོང་བ།

མིག་སྔར། འབྲུ་རིགས་ཐོན་ཚད“ལོ་བཅུ་གཉིས་བསྟུད་མར་འཕར་བ”མངོན་འགྱུར་བྱུང་རྗེས། རང་རྒྱལ་གྱི་ཞིང་ལས་ཀྱི་འགལ་བ་གཙོ་བོ་དེ་སྤྱི་འབོར་མི་འདང་བ་ནས་གྲུབ་ཚུལ་རང་བཞིན་གྱི་འགལ་བར་གྱུར། གྲོ་དང་འབྲས་སོགས་བཟའ་འབྲུའི་མཁོ་སྤྲོད་དོ་སྙོམས་དང་། མ་རྨོས་ལོ་ཏོག་དུས་རིམ་རང་བཞིན་གྱི་མཁོ་ཚད་ལས་འདོན་ཚད་མང་བའི་གནས་ཚུལ་བྱུང་། སྲན་མའི་མཁོ་འདོན་ཚད་མི་འདང་བའི་གནས་ཚུལ་ལོ་རེ་བཞིན་ཇེ་དྲག་ཏུ་གྱུར། སྲིང་བལ་དང་སྣུམ་རྒྱུ། མངར་ཆའི་རྒྱུ་ཆ་སོགས་ནང་འདྲེན་བྱེད་ཚད་འཕར། དེ་དང་ཆབས་ཅིག་ཏུ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཇེ་ཆེར་སོང་བ་དང་། འཛད་སྤྱོད་གྲུབ་ཚུལ་གྱི་རིམ་པ་སྤར་བའི་དགོས་མཁོ་ཡང་ཇེ་མཐོར་འགྲོ་བཞིན་ཡོད།

ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཞིན་རུང་གིས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་པུའུ་ཡིས«རྒྱལ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་གྲུབ་ཚུལ་ལེགས་སྒྲིག་འཆར་འགོད(2016—2020ལོ)»སྒྲིག་བཟོ་བྱས་ལ། སྤྱིའི་བསམ་གཞིག་ནི། བཟའ་འབྲུ་དང་ལོ་ཏོག་འགན་སྲུང་བྱེད་པ་དང་། སྲིང་བལ་དང་རྩི་ཤིང་གི་བཟའ་སྣུམ། མངར་ཆ་སོགས་ཀྱི་རང་ཁ་རང་གསོའི་ཆུ་ཚད་བརྟན་བརླིང་བྱེད་པ། སྔོ་ཚོད་དོ་སྙོམས་ཐོན་སྐྱེད་དང་མཁོ་འདོན་ལ་འགན་སྲུང་བྱ་རྒྱུ་དེ་ཡིན།

འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གཙོ་གནད་ནི་མ་རྨོས་ལོ་ཏོག་ཡིན། ཞིང་ལས་པུའུ་ཡིས་བསམ་འཆར་དངོས་སུ་བཏོན་ཏེ། ལེགས་ཆ་ལྡན་པའི་ཐོན་ཁུལ་སྲ་བརྟན་དང་ཡར་འདེགས་གཏོང་བ་དང་། ལེགས་ཆ་མི་ལྡན་པའི་ཐོན་ཁུལ་གྱི་ཞིང་བས་མ་རྨོས་ལོ་ཏོག་འདེབས་པ་ནས་ཁྲོམ་རའི་དགོས་མཁོ་ཆེ་ཞིང་ཕན་འབྲས་བཟང་བའི་ལོ་ཏོག་གཞན་དག་འདེབས་པ། ད་དུང་མ་རྨོས་ལོ་ཏོག་གཞན་སྒྱུར་ལས་སྣོན་ལ་སྐུལ་འདེད་གཏོང་རྒྱུདེ་ཡིན་ལ། གཙོ་བོ་བྱང་ཤར་གྲང་ཁུལ་དང་། བྱང་ཕྱོགས་རོང་མ་འབྲོག་གི་ས་ཁུལ། ནུབ་བྱང་གི་ཐན་ཁུལ། ལྷོ་ནུབ་ཀྱི་བྱེ་རྡོ་ཅན་དུ་གྱུར་པའི་ས་ཁུལ་སོགས་ཀྱི་མ་རྨོས་ལོ་ཏོག་འདེབས་རྒྱ་ཉུང་འཕྲི་བཏང་ནས། ཞིང་པའི་སྣེ་ཁྲིད་དེ་སྲན་མ་དང་ཞོག་ཁོག་རིགས་ཀྱི་འབྲུ་རིགས་དཀྱུས་མ་དང་། མ་རྨོས་ལོ་ཏོག་དང་སྤུས་ལེགས་གཟན་རྩྭ་སོགས་འདེབས་དགོས།

ཞིང་ལས་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། སྔོན་དཔག་བྱས་ན་ད་ལོར་མ་རྨོས་ལོ་ཏོག་འདེབས་རྒྱ་མུའུ་བྱེ་བ་གཉིས་ཡན་ཆད་ཉུང་འཕྲི་བཏང་བས། ཉེ་བའི་ལོ་བཅུ་གསུམ་རིང་ལ་ཐོག་མར་ཉུང་དུ་བཏང་བ་ཡིན། སྔོན་དཔག་བྱས་ན་སྲན་ཆེན་གྱི་འདེབས་རྒྱ་མུའུ་ས་ཡ་དྲུག་ལྷག་འཕར་སྣོན་བྱས་པ་དང་། རྒྱ་ཁྱོན་ཆེ་རུ་བཏང་ས་གཙོ་བོ་བྱང་ཤར་ས་ཁུལ་ཡིན། ཁྲོམ་རའི་དགོས་མཁོ་ཅུང་ཙམ་ཆེ་བའི་རིགས་ཇེ་མང་དུ་བཏང་བ་དང་། སྔོན་དཔག་བྱས་ན་འབྲུ་རིགས་དཀྱུས་མ་དང་སྲན་རིགས་དཀྱུས་མ་ཐོན་འབབ་མང་བའི་འཕེལ་ཕྱོགས་མངོན་པས། མ་རྨོས་ལོ་ཏོག་དང་སྤུས་ལེགས་གཟན་རྩྭའི་རྒྱ་ཁྱོན་ཇེ་མང་དུ་སོང་ཡོད།

ལུག་དང་ཕག ནོར་གསུམ་གྱི་ཤ་དང་འོ་རྫས་ཀྱི་ཐོན་ནུས་དང་སྤུས་ཚད་ཇེ་མཐོར་གཏོང་བ།
ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་ཤའི་རིགས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་སོང་མོད། འོན་ཀྱང་། འཕེལ་རྒྱས་བྱེད་སྟངས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཚོད་འཛིན་བྱེད་ཤུགས་ཇེ་དམ་དུ་སོང་བས། དེ་ནི་ཕྱུགས་ལས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་ཞིག་རེད།

ཞིང་ལས་པུའུ་ཕྱུགས་ལས་སིའི་སི་ཀྲང་མ་ཡིའུ་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། རྗེས་མར་ཞིང་ལས་པུའུ་ཡིས་ས་གནས་དང་འཚམ་པའི་གསོ་སྤེལ་ས་ཁུལ་དང་གསོ་སྤེལ་བཀག་སྡོམ་ས་ཁུལ་ལུགས་མཐུན་གྱིས་དབྱེ་མཚམས་འབྱེད་པར་མཛུབ་སྟོན་དང་སྐུལ་སྤེལ་བཏང་སྟེ། ལྷོ་ཕྱོགས་ཀྱི་ཆུ་ལག་ཆུ་ཕྲན་འཕྲེད་གཞུང་དུ་ཆགས་པའི་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་གསོ་ཕག་ཚད་ལྡན་ཅན་གྱི་དཔེ་སྟོན་ར་བ་བརྒྱ་དང་ཕྱུགས་ལས་འཆམ་མཐུན་འཕེལ་རྒྱས་དཔེ་སྟོན་རྫོང་བཅུ་བཙུགས་པ་དང་། ཏུང་ཐིང་མཚེའུ་ཁུལ་དུ་སྒོ་ཕྱུགས་དང་ཁྱིམ་བྱ། ཆུ་ཐོན་གསོ་སྤེལ་ཉུང་འཕྲི་གཏོང་བའི“ཉུང་གཏོང་གཉིས”ཚོད་ལྟ་བྱས་ཏེ། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་ལས་བཟོས་པའི་སྦགས་བཙོག་བཅོས་སྐྱོང་བྱེད་པར་ཉམས་མྱོང་གསོག་འཇོག་བྱས།

དུས་མཚུངས་སུ། འབྲེལ་ཡོད་སྡེ་ཁག་གིས་གསོ་ཕག་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱིས་གསོ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གཙོ་བོ་ལུད་ལས་བཟོས་པའི་སྦགས་བཙོག་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཅིང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་གསོ་ཕག་རིན་གོང་སྟོན་གྲངས་འགན་ལེན་བྱེད་པའི་གྲོན་དངུལ་ཐད་ཁ་གསབ་བྱེད་ཐབས་ཞིབ་འཇུག་བྱས་ཏེ། རྒྱལ་ཡོངས་ཀྱི་གསོ་ཕག་གསོ་སྤེལ་རྫོང་ཆེན་དག་གི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་དང་། ཕག་གསོ་ཁེ་ལས་ཆེ་གྲས་ཁྲོད་དུ་གོ་སྐབས་དང་བསྟུན་ནས་ཁྱོན་ཡོངས་སུ་ལག་བསྟར་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།

སྤུས་ལེགས་ཉ་ལས་ཐོན་ཁུངས་རྒྱུན་མཐུད་ངང་མཁོ་འདོན་བྱེད་པར་སྐུལ་འདེད་གཏོང་བ།
ངོ་སྤྲོད་བྱས་པ་ལྟར་ན། ཞིང་ལས་པུའུ་ཡིས་ཆུ་ཐོན་གསོ་སྤེལ་བྱེད་སྟངས་བསྒྱུར་བ་དང་ཉ་ལས་ཐོན་ཁུངས་བདག་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་སོགས་ལ་དམིགས་ནས། ཉ་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔའི་བར། ཆུ་ཐོན་ལྷད་མེད་གསོ་སྤེལ་དཔེ་སྟོན་ར་བ་སྟོང་ལྔ་དང་བརྒྱད་བརྒྱ་ང་དྲུག་ལ་སླེབས། དུས་ཚིགས་ལྟར་རྒྱ་མཚོའི་ཉ་འཛིན་མཚམས་འཇོག་པ་དང་། འབྲི་ཆུ་དང་ཀྲུའུ་ཅང་དུ་ཉ་འཛིན་མཚམས་བཞག་སྟེ། གཞི་ཁྱོན་ཆེ་བའི་ངང་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྐྱེ་འཕེལ་སླར་གསོ་བྱེད་པ་དང་། རྒྱ་མཚོའི་གསོ་ར་འཛུགས་སྐྲུན་བྱེད་པ་བཅས་ཀྱིས་རྩ་ཆེན་ཡིན་ཞིང་ཉེན་ཁར་བཅར་བའི་ཆུ་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།