
གཙང་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད། 2016ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ནས་ཚེས་ཉེར་བཞིའི་ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་དགོས་ཞེས་ནན་གྱིས་བསྟན།
2017ལོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གནད་འགག་གི་ལོ་ཡིན་ལ། རྨ་འབྲི་རྫ་གསུམ་གྱི་ཆུ་དྭངས་བར་བྱེད་ཆེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལོ་དང་པོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མ་སྟེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྤེལ་མགོ་བརྩམས་པས། སྐྱེ་ཁམས་སྔོན་མ་བྱེད་པའི་འདུ་ཤེས་དེ་མིའི་སེམས་སུ་ཟུག་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་ཟུང་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། རང་ཉིད་ཀྱི་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བང་ཀའོ་ཧྲིན་གྱིས་བཤད་པ་ནང་བཞིན། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ནི་མཚོ་སྔོན་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་བར་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ང་ཚོས་གཙང་གསུམ་འབྱུང་ཡུལ་དེ་མཛེས་སྡུག་གི་ཀྲུང་གོ་འཛམ་གླིང་ལ་བསྐྱོད་པའི་ལྗང་མདོག་གི་མིང་བྱང་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས།
མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི། མཚོ་སྔོན་གྱི་འདོར་དུ་མེད་པའི་འགན་འཁྲི་གལ་ཆེན་ཡིན་པས། དེ་སྣང་མེད་དུ་གཏན་ནས་འཇོག་མི་རུང་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ནི་མཚོ་སྔོན་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་བར་སྐུལ་འདེད་བྱེད་པའི་བྱེད་ཐབས་དང་ནང་དོན་གལ་ཆེན་ཞིག་ཡིན།
མིག་སྔར། གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན་སོགས་གྲུབ་ཆ་གཙོ་བོ་ཡིན་པའི་སྲུང་སྐྱོབ་ཁུལ་རིགས་དགུ་ཡོད། བརླན་ས་དང་ནགས་ས། ཞིང་ཕྱུགས། ལྗོངས་ཁུལ་སོགས་ལ་འབྲེལ་ཡོད་དོ་དམ་སྡེ་ཁག་མང་པོས་དོ་དམ་བྱེད་ཀྱིན་ཡོད་པས། བསྐྱར་ཟློས་ཀྱི་རྣམ་པ་ཚབས་ཆེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པ་ནི། སྤྱི་གླིང་ཁྱབ་ཁོངས་ཀྱི་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་འགན་དབང་གསལ་བོ་བྱེད་པ་དང་། གཅིག་གྱུར་གྱིས་དོ་དམ་བྱེད་པ། སྲུང་སྐྱོབ་ཁུལ་སྣ་ཚོགས་དང་བྱེད་ནུས་ཁུལ་ཁག་བགོས་དང་རང་སོ་སོས་བདག་གཉེར་དོ་དམ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྒྲིག་སྲོལ་ནང་རྐྱེན་ལེགས་སྒྲིག་བྱས་ཏེ། སྲུང་སྐྱོབ་དོ་དམ་ཀྱི་ཐབས་ལམ་གསར་བ་ཞིག་གཏོད་རྒྱུ་དེ་རེད།
2016ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས་པ་དང་། ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་ལ་ཁེབས་པའི་རིམ་པ་བཞིའི་ཕན་ནུས་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་སྒྲིག་གཞི་བཙུགས།
ཟླ་དྲུག་པའི་ཚེས་བདུན་ཉིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས།
ལེགས་བཅོས་ཧྲིལ་བསྡུས་དང་གཅིག་གྱུར་ཚད་ལྡན། སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་མི་བྱེད་པ། སྲིད་འཛིན་ལས་དོན་སྒྲིག་གཞི་གསར་དུ་ཁ་སྣོན་མི་བྱེད་པ། དོ་དམ་མ་ལག་འཛུགས་པ། དོ་དམ་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་བཅས་ཀྱི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བས་སྔར་ཡོད་སྒྲིག་སྲོལ་གྱི་ཞན་ཆ་སེལ་ཏེ། སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱས།
ཞིང་ཆེན་རིམ་པའི་ངོས་ཐད་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཙུགས་པ་དང་། དེའི་མངའ་འོག་ཏུ་དོ་དམ་ཁོངས་གཏོགས་ལྔ་ཡོད། ཁུལ་དང་རྫོང་རིམ་པའི་ངོས་ཐད་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་འབྲི་ཆུའི་འབྱུང་ཡུལ་གྱི་འབྲི་སྟོད་དང་ཆུ་དམར་ལེབ། ཨ་ཆེན་གངས་རྒྱབ་བཅས་དོ་དམ་ཁོངས་གཏོགས་གསུམ་བཙུགས་ཡོད། དུས་མཚུངས་སུ། འབྲེལ་ཡོད་དོ་དམ་དང་ཁྲིམས་འཛིན་སྒྲིག་གཞི་ཧྲིལ་བསྡུས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ཞང་སྲིད་གཞུང་བཅུ་གཉིས་གྱིས་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱི་སྒོ་བྱང་བཀལ་བ་དང་། འབྲེལ་ཡོད་ཀྱི་སྲུང་སྐྱོབ་དང་དོ་དམ་འགན་ནུས་ཁ་སྣོན་བྱས་ཤིང་། ཞང་ཏང་ཨུའི་ཧྲུའུ་ཅི་དང་ཞང་གཙོ་ཡིས་སོ་སོར་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་དང་མགོ་གཙོ་གཞོན་པའི་འགན་འཁུར་བའི་དུས་མཚུངས་སུ། ད་རུང་སྡེ་བའི་སྐྱེ་ཁམས་ལྟ་སྲུང་རུ་ཁག་བར་དུ་འགན་འཁུར།
2016ལོར། མཚོ་སྔོན་ཞིང་ཆེན་གྱིས་སྲུང་སྐྱོབ་ས་ཁུལ་མང་པོ་ཞིག་ལེགས་བཅོས་བསྐྱར་སྒྲིག་བྱས། སྲུང་སྐྱོབ་སྔོན་མ་བྱེད་པ་དང་རང་ཤུགས་སུ་སླར་གསོ་འབྱུང་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་གནས་ཆོས་ཉིད་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་བརྩི་སྲུང་བྱེད་པ་དང་། རི་ཆུ་ནགས་ཚལ་དང་རྩྭ་ས། མཚེའུ་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་ཀྱི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན། འཐུང་ཆུའི་འབྱུང་ཡུལ་གྱི་སྲུང་སྐྱོབ་ཁུལ་གལ་ཆེན། མིང་གྲགས་མཛེས་ལྗོངས་ཁུལ། རང་བྱུང་ཤུལ་བཞག་མིང་འདོན་ཁུལ་སོགས་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་ལེགས་བཅོས་བསྐྱར་སྒྲིག་བྱས་ཏེ། གཅིག་བསྡུས་དང་གཅིག་གྱུར་གྱིས་དོ་དམ་བྱས་ཤིང་། གླིང་ཁུལ་གྱི་བྱེད་ནུས་ཁུལ་སོ་སོའི་བར་གྱི་སྤྱི་ཡོངས་རང་བཞིན་དང་འབྲེལ་མཐུད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། སྲུང་སྐྱོབ་ཁུལ་སྣ་ཚོགས་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ཉམས་གསོ། གཞི་གཅིག་ཅན་གྱི་དོ་དམ་བྱས་པ་དང་། སྲུང་སྐྱོབ་ཁུལ་དང་བྱེད་ནུས་ཁུལ་སྣ་ཚོགས་སོ་སོར་བགོ་བ་དང་སོ་སོར་འཛིན་པ། དུམ་བུར་དོ་དམ་བྱེད་པ། མཉམ་འབྲེལ་མི་བྱེད་པ་བཅས་ཀྱི་སྒྲིག་སྲོལ་ཞན་ཆ་སེལ།
འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་སོང་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་བ། ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་དོ་དམ་དངོས་ཕུང་བཙུགས་པས། གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི་དོ་དམ་སྲུང་སྐྱོབ་མ་ལག་རིམ་བཞིན་ཆགས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ཇུས་གལ་ཆེན་དེ་མཚོ་སྔོན་དུ་གསོན་ཉམས་དོད་པོས་ལག་ལེན་བྱས་པ་ཡིན་ལ། བསྒྱུར་བ་བཞི་གཏིང་ཟབ་ཏུ་ལག་ལེན་མཐའ་འཁྱོལ་བྱེད་པའི་གནད་འགག་ཀྱང་ཡིན།
འདས་པའི་ལོ་གཅིག་གི་ནང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་གྱིས་བྱེ་འགོག་རྩྭ་གསོ་དང་རི་བཀག་ནགས་གསོ། བརླན་ས་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་། རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་སོགས་དངུལ་གཏོང་ལས་གཞིའི་ནང་འདུས་པའི་བྱ་བ་ཡོངས་འགྲུབ་བྱས།
ད་ལོར་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་སྟེ། ལས་གཞི་དག་གཙོ་བོ་ཡུས་ཧྲུའུ་དང་མགོ་ལོག་ཏུ་གཅིག་བསྡུས་བྱས་ཤིང་། དེའི་ནང་ས་ནག་ཐང་བཅོས་སྐྱོང་དང་སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། བྱེ་མ་འགོག་བཅོས། དེ་མིན་མིའི་ཐབས་ཀྱིས་ཆར་འབེབས་པ། སྐྱེ་ཁམས་ལྟ་སྐུལ་ཚད་ལེན། ཚན་རྩལ་ཞིབ་འཇུག་ཁྱབ་སྤེལ་དང་གསོ་སྦྱོང་སོགས་ཀྱི་ལས་གཞི་འདུས་ཡོད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་ནང་རྐྱེན་གསར་སྐྲུན་བྱས་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་དབུལ་ཐར་གྱི་གནད་ཕིགས་དབུལ་སྐྱོར་དཔེ་དབྱིབས་གསར་བ་བསྐྲུན་པ་དང་། སྐྱེ་ཁམས་ལྟ་སྲུང་པར་སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་རང་ལ་ཚེ་གང་པོར་འཚོ་རྟེན་ཡོད་པར་གྱུར།
རྩྭ་ཐང་གི་འབྲོག་པ་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་བས། རྫ་སྟོད་རྫོང་རྣམ་སྲས་ཞང་གི་སྐྱེ་ཁམས་ལྟ་སྲུང་པ་ཡིད་དགའ་ཡིས་རང་ཉིད་ཀྱི་བྱ་བར་དེ་བས་མཐོང་ཆེན་བྱས་ཏེ། ཉི་མ་རེ་རེར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་ཞེས་བྲིས་ཡོད་པའི་དཔུང་རྟགས་དམར་པོ་དེ་བཏགས་ནས་ནགས་རི་དང་རྩྭ་སར་སྐོར་གཡེང་བྱེད་ཀྱིན་ཡོད། ཁོ་ལ་ཟླ་རེར་སྒོར་ཆིག་སྟོང་བརྒྱད་བརྒྱའི་གླ་ཕོགས་ཡོད་པ་རེད།
སྔར་ཡོད་ཀྱི་སྐྱེ་ཁམས་ལྟ་སྲུང་ལས་རྐང་ཉིས་སྟོང་ལྔ་བརྒྱ་ང་བཞི་ཡོད་པའི་རྨང་གཞིའི་སྟེང་། གླིང་ཁུལ་གྱི་ཕྱོགས་བསྡུས་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཀོད་སྒྲིག་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ཏེ། གླིང་ཁུལ་གྱི་ཡིག་ཚགས་འཛུགས་པ་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ནས་མགོ་བརྩམས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་སྟོང་བདུན་བཞི་བརྒྱ་ཉེར་གཅིག་གསར་དུ་བཙུགས། མིག་སྔར་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་སྟོང་དགུ་དགུ་བརྒྱ་དོན་ལྔ་ཡིས་དཔང་ཡིག་ལྟར་ལས་རྐང་དུ་ཞུགས་ནས་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད།
མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལག་བསྟར་བྱས་ནས་ལོ་བཅུ་འགོར་བ་དང་། ལོ་བཅུའི་དུས་ཡུན་ནང་མ་དངུལ་སྒོར་དུང་ཕྱུར་གྱ་ལྔ་ལྷག་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་གྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱས་པ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་བྱེད་ནུས་མཐོར་འདེགས་བྱུང་སྟེ། གནད་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་གནས་བབ་མངོན་གསལ་དུ་ཇེ་ལེགས་སུ་སོང་།
རྫ་སྟོད་རྫོང་རྣམ་སྲས་ཞང་གི་ཏང་ཨུའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་པ་ནས་བཟུང་། ས་གནས་རོང་འབྲོག་མང་ཚོགས་ཀྱིས་རང་རྟོགས་སྒོས་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་འོས་འགན་དང་འགན་འཁྲི་ཕྲག་ཏུ་བླངས་ཤིང་། ལོ་རེ་རེར་རི་སྐྱེས་སྲོག་ཆགས་ཀྱིས་མང་ཚོགས་ཀྱི་ནོར་ལུག་ལ་གནོད་པ་ཆེན་པོ་བཏང་ནའང་། མང་ཚོགས་ཀྱིས་ད་རུང་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཟེར།
མིག་སྔར། ང་ཚོས་རྫ་སྟོད་རྫོང་དུ་རི་དྭགས་གསའ་ཅི་ཙམ་ཡོད་པ་སྡོམ་རྩིས་བྱེད་དཀའ་མོད། འོན་ཀྱང་པར་ལེན་འཕྲུལ་ཆས་ལས་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་ཡོད་པའི་ཁྱབ་ཁོངས་སུ་རི་དྭགས་གསའ་དང་གཟིག་ལོ་རེར་ཇེ་མང་ཡིན་པ་མཐོང་ཐུབ་ལ། དེར་མ་ཟད། པར་ལེན་འཕྲུལ་ཆས་ལས་ད་རུང་གཡི་དང་ཝ། ཤ་སྐྱ། དགོ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་དག་མཐོང་ཐུབ་ཅེས་རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའི་ཅུས་ཀྲང་ཉི་དགའ་ཡིས་དེ་ལྟར་བཤད་བྱུང་།
སྐྱེ་ཁམས་ནི་མཚོ་སྔོན་གྱི་ཐོན་ཁུངས་རྩ་ཆེན་དང་ཁྱད་སྟོབས་ཆེན་པོ་ཞིག་ཡིན་ལ། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི། མཚོ་སྔོན་གྱི་མ་འོངས་པའི་འཐས་ཇུས་བཀོད་སྒྲིག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་གཏོང་བའི་འགན་འཁྲི་ཡིན་པ་དང་། དཔལ་འབྱོར་འཕར་སྟངས་ལེགས་བསྒྱུར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད། སྐྱེ་ཁམས་ཁྱབ་ཁོངས་བཅོས་སྒྱུར་གྱི་དགོས་ངེས་བླང་བྱ་དང་རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན་པ་རེད།
ས་ཁུལ་ཞིག་ལ་མཚོན་ན། ལེགས་ཆ་འདོན་སྤེལ་དང་ཞན་ཆ་ཁ་གསབ་བྱས་ཚེ། ད་གཟོད་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལྟར་རང་ཉིད་ཀྱི་དོན་དངོས་དང་མཐུན་ཞིང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་འགྲོ་ལམ་བཟང་པོ་ཞིག་འཚོལ་ཐུབ།
སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་ཀྱི་སྦས་ཤུགས་ཆེན་པོ་སྔོན་འདོན་བྱེད་དགོས།
ཡུས་ཧྲུའུ་ཡི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ། འབྲི་ཆུ་དང་རྫ་ཆུའི་འབྱུང་ཡུལ་དང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་ཡུས་ཧྲུའུ་རུ་ཡོད་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་ཡུས་ཧྲུའུ་ལ་མཚོན་ན་གོ་སྐབས་ལེགས་པོ་ཞིག་དང་འགྲན་རྩོད་ཆེན་པོ་ཞིག་ཡིན་པ་རེད། ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པ་བང་ཞང་ཀའོ་ཡིས་བཤད་རྒྱུར། ཡུས་ཧྲུའུ་ཁུལ2017ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འགུལ་སྐྱོད་ལོར་གཏན་འཁེལ་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དེ་ཡུས་ཧྲུའུ་ཡི་བཟོ་སྐྲུན་ཆེས་གལ་ཆེན་པོ་ཞིག་ཏུ་བརྩི་རྒྱུ་ཡིན་ཟེར།
སྲུང་སྐྱོབ་ནི་སྔོན་འགྲོ་དང་ཐོན་སྐྱེད་ནི་རྨང་གཞི། འཚོ་བ་ནི་དམིགས་འབེན་བཅས་ཡིན་ལ། མཇུག་མཐའི་དམིགས་འབེན་ནི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ལ་ཕན་འབྲས་ལེགས་པོ་ཐོབ་པ་མངོན་འགྱུར་བྱེད་རྒྱུ་དེ་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་དཔེ་སྟོན་ཁུལ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མཚོ་བོད་མཐོ་སྒང་གི་རང་བྱུང་ཁམས་ཆེན་པོ་སྲུང་སྐྱོབ་འགྲེམ་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་དར་སྤེལ་ཁུལ་བཅས་སུ་འཛུགས་སྐྲུན་བྱེད་དགོས། འབད་བརྩོན་སྒོས་དཔལ་འབྱོར་ཆུང་བའི་ཞིང་ཆེན་ནས་སྐྱེ་ཁམས་ཆེན་པོའི་ཞིང་ཆེན་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་བར་བྱེད་རྒྱུ་དེ་ནི་མཚོ་སྔོན་གྱི་ཚན་རིག་འཕེལ་རྒྱས་ལྟ་བ་ཡིན་ལ། མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བའི་ཇུས་གཞི་ཆེན་པོ་ཞིག་ཡིན་པ་རེད།
ལོ་ཙཱ་བ།སྒྲོལ་མ་སྐྱིད།