ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས«ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ»དཔར་འགྲེམ་
2017.08.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

ཟླ་བརྒྱད་པའི་ཚེས་དགུ་ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་བརྒྱུད་སྒྲུབ་དང་སྤྲོད་སྒྲུབ། སྐུལ་སྒྲུབ་བཅས་བྱེད་པའི་ལས་དོན་གྱི་ཐག་གཅོད་བྱ་བ་ལེགས་སྒྲུབ་བྱེད་པའི་ཆེད་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུབ་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཉམ་དུ«ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ»དཔར་འགྲེམ་བྱས། བརྡ་ཐོའི་ནང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོས་མཐོང་ཆེན་ཚད་མཐོན་པོ་གནང་ནས་མྱུར་དུ་སྒྲུབ་པ་དང་། ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་པ། མཇུག་འབྲས་ཡོངས་བསྒྲགས། འགན་འཁྲི་ནན་མོ། ཁག་བགོས་སྐུལ་སྒྲུབ་བཅས་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་བླང་བྱ་བཏོན་པ་སྟེ། གཅིག་ནས་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིག་གཏུག་ཐེར་འདོན་གནད་དོན་ཐག་གཅོད་པའི་འགན་ཁུར་མཁན་གཙོ་བོ་ཡིན་པའི་ཆ་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་ཨང་བདུན་པས་བརྒྱུད་སྒྲུབ་དང་སྤྲོད་སྒྲུབ། སྐུལ་སྒྲུབ་བཅས་བྱེད་པའི་ལས་དོན་གྱི་ཐག་གཅོད་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་ཤིང་། ཆེད་མི་བཀོད་སྒྲིག་བྱས་ནས་དུས་ཚོད་ཉེར་བཞིའི་རིང་འགན་ཁུར་དང་ལེན་བྱེད་པ་དང་། འགན་འཁྲི་གསལ་བོ་དང་མྱུར་དུ་ཐག་གཅོད་བྱེད་དགོས། བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱེད་པའི་ཞོར་དུ«ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་ཨང་བདུན་པས་སྤྲོད་སྒྲུབ་བྱས་པའི་དག་ཐེར་གནད་དོན་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་པའི་སྙན་ཞུ་ཐོ་ཡིག»སྦྲགས་ནས། ཏང་སྲིད་མགོ་ཁྲིད་གཙོ་བོས་མིང་རྟགས་བཀོད་རྗེས། གཏན་འཁེལ་གྱི་དུས་ཡུན་ནང་དུ་གསང་གནད་ལས་ཁུངས་བརྒྱུད་དེ་ཡིག་གཏུག་སྣེ་ལེན་ཚན་ཁག་ལ་ཞུ་འབུལ་བྱེད་དགོས།

གཉིས་ནས་མྱུར་དུ་སྒྲུབ་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་ཨང་བདུན་པས་མཚོ་སྔོན་དུ་སྡོད་སྐབས་ཡིག་གཏུག་སྣེ་ལེན་ཚན་ཁག་གིས་ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཁང་གི་མིང་ཐོག་ནས། བརྒྱུད་སྒྲུབ་དང་སྐུལ་སྒྲུབ་ཀྱི་ནང་དོན་གཞིར་བཟུང་ནས་སྐུལ་སྒྲུབ་བརྡ་ཐོ་གཏོང་བ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ལ་ལྟ་སྐུལ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཨང་བདུན་པ་ལ་རྩིས་སྤྲོད་བྱས་པའི་ཁོར་ཡུག་གནད་དོན་གྱི་ཁུངས་སྣེ་ལ། མྱུར་དུ་རྩ་འཛུགས་བྱས་ནས་བདེན་མིན་ཞིབ་བཤེར་དང་ཐག་གཅོད་བྱེད་པར་མ་ཟད། སྙན་སེང་ཞུ་དགོས་ཤིང་། གནས་པའི་གནད་དོན་མྱུར་དུ་དག་ཐེར་བཅོས་སྐྱོང་བྱེད་དགོས་པ་དང་། དག་ཐེར་བཅོས་སྐྱོང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། དུས་ཐོག་ཏུ་དག་ཐེར་བཅོས་སྐྱོང་བྱེད་མི་ཐུབ་ན། དག་ཐེར་བཅོས་སྐྱོང་གི་ཇུས་གཞི་བཟོས་ནས། དག་ཐེར་བཅོས་སྐྱོང་གི་དམིགས་འབེན་བཟོ་བ་དང་། འགན་འཁྲི་ལས་ཁུངས་གསལ་བོ་བྱེད་པ་དང་དུས་བཅད་ནང་འགྲུབ་པར་བྱེད་དགོས་ཤིང་། ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།

གསུམ་ནས་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་དངོས་གནས་འགན་འཁྲི་ཕྲག་ཏུ་བླངས་ཏེ། དུས་ཐོག་ཏུ་སྐུལ་སྒྲུབ་དམིགས་སར་འབྱོར་བར་བྱེད་པ་དང་། ལྟ་ཞིབ་ཚོགས་པའི་བླང་བྱ་ལྟར་ཉིན་ལྔའི་རིང་ལ་སྒྲུབ་ཚར་བ་དང་དག་ཐེར་བཅོས་སྐྱོང་དངོས་འབེབས་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་ནན་མོ་བྱེད་དགོས། བརྒྱུད་སྒྲུབ་དང་སྤྲོད་སྒྲུབ་དང་སྐུལ་སྒྲུབ་བྱས་པའི་གནས་ཚུལ་དག་རེ་རེ་བཞིན་མཉམ་འབྲེལ་མིང་རྟགས་འགོད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་ཏེ། གནད་དོན་དག་ཐེར་བཅོས་སྐྱོང་གི་འགན་འཁུར་མཁན་གཙོ་བོས་མིང་རྟགས་འགོད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་ལྟ་སྐུལ་དོ་དམ་ཞིབ་བཤེར་འགན་འཁུར་མཁན་གྱིས་མིང་རྟགས་འགོད་པ། གྲོང་ཁྱེར་དང་ཁུལ་ཏང་སྲིད་འགན་འཁུར་མཁན་གཙོ་བོས་མིང་རྟགས་འགོད་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པས་མཚོ་སྔོན་དུ་སྡོད་སྐབས་ཕྱོགས་བསྡུས་འབྲེལ་གཏུག་ཚན་ཁག་གི་སྤྱི་ཁྱབ་འབྲེལ་གཏུག་པས་རིམ་པ་བཞིན་ཞིབ་བཤེར་མིང་རྟགས་འགོད་དགོས།

བཞི་ནས་མཇུག་འབྲས་ཡོངས་བསྒྲགས་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པའི་བླང་བྱ་ལྟར། ལྟ་ཞིབ་བཅའ་སྡོད་ཀྱི་སྐབས་སུ། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་སྲིད་གཞུང་དྲ་བ། དེ་མིན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་དྲ་ཚིགས་ཀྱིས་ལེ་ཚན་བཙུགས་ནས། དུས་ལྟར་གྲོང་ཁྱེར་དང་ཁུལ་སོ་སོའི་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱས་པའི་གནས་ཚུལ་ཕྱོགས་སྡོམ་བྱེད་པར་མ་ཟད། མངོན་གསལ་དུ་ཡོངས་བསྒྲགས་བྱེད་དགོས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི«མཚོ་སྔོན་གསར་འགྱུར་མཉམ་སྒྲོག»ལེ་ཚན་གྱིས་དུས་དང་འཚམ་པར་དུས་ཚོད་ངེས་ཅན་བཀོད་སྒྲིག་བྱས་ནས་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱས་པའི་གནས་ཚུལ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོའི་བྱེད་ཐབས་བཟང་པོ་དང་། དཔེ་མཚོན་གྱོད་དོན། འགན་འཁྲི་རྩད་གཅོད་གནས་ཚུལ་དང་མང་ཚོགས་ཀྱི་བསམ་འཆར་སོགས་ཆེད་དུ་བསྒྲགས་དགོས།

ལྔ་ནས་འགན་འཁྲི་ནན་མོ་བྱེད་དགོས། ཡིག་གཏུག་སྣེ་ལེན་ཚན་ཁག་གིས་ཁ་པར་གྱི་ལམ་ནས་ཡར་གཏུག་མཁན་ལ་ལན་འདེབས་པ་དང་། མངོན་ལྐོག་གཉིས་ནས་རྩད་གཅོད། ཡུལ་དངོས་ནས་སྐུལ་སྒྲུབ་སོགས་ཀྱི་བྱེད་སྟངས་སྤྱད་ནས། ལས་ཁུངས་སོ་སོའི་ཡིག་གཏུག་ཐེར་འདོན་གནད་དོན་བསྒྲུབས་པའི་གནས་ཚུལ་ལ་དཔེ་འཐེན་ཞིབ་བཤེར་བྱེད་དགོས། དུས་སྔོན་དུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི“ཕྱིར་མིག་བལྟ་བ”ལ་ཞུགས་པའི་བྱ་བའི་ཚན་ཁག་བཞི་ཡིས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལས་ཁུངས་མི་འགྱུར་བ་དང་། མི་སྣ་མི་འགྱུར་བའི་རྩ་དོན་ལྟར་འཐེན་ཞིབ་དང་བདེན་མིན་ཞིབ་བཤེར་གྱི་བྱ་བར་ཞུགས་དགོས། ཡིག་གཏུག་སྣེ་ལེན་ཚན་ཁག་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི“ཕྱིར་མིག་བལྟ་བ”ལ་ཞུགས་པའི་བྱ་བའི་ཚན་ཁག་བཞི་ཡིས་འཐེན་ཞིབ་དང་བདེན་མིན་ཞིབ་བཤེར་བྱས་ཚད་ཀྱི་བསྡོམས་གྲངས་དེ་སྤྲོད་སྒྲུབ་དོན་ཚན་སྤྱི་གྲངས་ཀྱི་བརྒྱ་ཆའི་བཅུ་ལས་དམའ་མི་རུང་། སྒྲུབ་པའི་བྱ་བ་གཙིགས་སུ་མི་འཛིན་པ་དང་བསྒྲུབས་པའི་གནས་ཚུལ་ལ་ཕྱིར་ལན་བཏབ་པ་ནན་མོ་མིན་པ་དང་དུས་ཐོག་མིན་པ། དག་ཐེར་བཅོས་སྐྱོང་དངོས་འབེབས་བྱ་བ་དོན་ཐོག་ཏུ་མ་འཁྱོལ་བ་དང་ཁུར་མ་ཕོད་པ། ཐ་ན་མི་བདེན་རྫུན་བཟོ་དང་རྫུན་འབུལ་སྐུང་ཞུ་བྱེད་མཁན་ལ། ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་ལས་ཁུངས་དང་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁུར་མཁན་གཙོ་བོ་ཡིན་པའི་ཆ་ནས། གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཟིན་པའི་རྗེས་འདེད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། གནད་དོན་ཕྱིར་འཕར་བ་སྔོན་འགོག་བྱེད་པ་དང་ཆབས་ཅིག མཉམ་འབྲེལ་མིང་རྟགས་བཀོད་དེ་དག་ཐེར་བཅོས་སྐྱོང་བྱས་ཟིན་པའི་གནད་དོན་ཡང་བསྐྱར་འབྱུང་བ་ཡིན་ན། གཏོགས་ས་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་འགན་རྩད་གཅོད་ནན་མོ་བྱེད་དགོས།

དྲུག་ནས་ཁག་བགོས་སྐུལ་སྒྲུབ་བྱེད་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་ཨང་བདུན་པས་ཕར་སྤྲོད་བརྒྱུད་སྒྲུབ་བྱས་པའི་ཐག་གཅོད་བྱ་བའི་དགོས་མཁོ་གཞིར་བཟུང་ནས། ཕར་སྤྲོད་བརྒྱུད་སྒྲུབ་ཀྱི་གནད་དོན་དུས་ཐོག་ཏུ་དག་ཐེར་བཅོས་སྐྱོང་དོན་ཐོག་ཏུ་འཁྱོལ་བ་ཁག་ཐེག་ནན་མོ་བྱེད་དགོས་ཤིང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱི་ཁག་བགོས་སྐུལ་སྒྲུབ་ལམ་ལུགས་ལག་བསྟར་བྱས་ནས། ཞིང་ཆེན་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་མཚོ་སྔོན་དུ་སྡོད་སྐབས་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གིས་སྤྱིའི་འགན་འཁུར་བ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་བརྒྱད་ཀྱིས་བྱེ་བྲག་ཏུ་འགན་འཁུར་བ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བརྒྱད་ཀྱིས་ཕར་སྤྲོད་བརྒྱུད་སྒྲུབ་གནད་དོན་ལ་ཁག་བགོས་སྐུལ་སྒྲུབ་བྱེད་དགོས་པ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་ལ་སྐུལ་མ་བཏང་ནས། གནད་དོན་དག་ཐེར་བཅོས་སྐྱོང་གི་སྤྱི་ཡོངས་འདུ་ཤེས་བཙུགས་ཏེ། ས་ཁུལ་དང་སྡེ་ཁག་གི་མགོ་གཙོ་དང་པོ་ཡི་འགན་འཁྲི་ལམ་ལུགས་འཛུགས་དགོས། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི“ཕྱིར་མིག་བལྟ་བ”རྒྱུན་མཐུད་སྒོས་སྤེལ་དགོས་ཤིང་། དག་ཐེར་བཅོས་སྐྱོང་གི་འགན་འཁྲི་ལག་བསྟར་ཅི་ཐུབ་བྱས་ཏེ། གནད་དོན་ནུས་ལྡན་སྒོས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་གྱི་བྱེད་སྟངས་དང་བསྡུར་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྟ་ཞིབ་བྱེད་ཞོར་དག་ཐེར་བྱེད་པའི་བྱ་བའི་ལས་ཁུངས་དང་ཁག་བགོས་སྐུལ་སྒྲུབ་ལམ་ལུགས་མྱུར་དུ་འཛུགས་དགོས་ཤིང་། རིམ་པ་རེ་རེ་བཞིན་འགན་འཁུར་བ་དང་རིམ་པ་རེ་རེ་བཞིན་གནད་འགག་དམ་འཛིན་བྱས་ནས། དག་ཐེར་བཅོས་སྐྱོང་གི་སྤུས་ཚད་ཁག་ཐེག་ནན་མོ་བྱེད་དགོས།

«བརྡ་ཐོའི»ནང་ཁག་བགོས་སྐུལ་སྒྲུབ་ཀྱི་གཙོ་གནད་ལས་འགན་གསལ་བོ་བྱས་ཡོད་དེ།

གཅིག ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་ཤེས་ན་དག་ཐེར་བཅོས་སྐྱོང་དངོས་འབེབས་དམིགས་སར་འབྱོར་བའི་གནས་ཚུལ་དང་གྲུབ་འབྲས་ལེན་པ།

གཉིས། རང་ཞིང་གི«མཁའ་དབུགས་བཙོག་འགྱུར་འགོག་བཅོས་སྲོལ་ཡིག»དང«ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག»དང་མཁའ་དབུགས་དང་ཆུ། ས་གཤིས་བཙོག་འགྱུར་འགོག་བཅོས་བྱ་བའི་ཇུས་གཞི་སོགས་ཀྱི་ཁྲིམས་སྲོལ་སྲིད་ཇུས་ལག་བསྟར་གནས་ཚུལ།

གསུམ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཇུས་ཆོད་བཀོད་སྒྲིག་དང་ཁོར་ཡུག་སྦགས་བཙོག་འགོག་བཅོས། སྦགས་བཙོག་འབྱུང་ཡུལ་གཙོ་བའི་ཆེད་དམིགས་བཅོས་སྐྱོང་སོགས་ཀྱི་ལས་འགན་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱས་པའི་གནས་ཚུལ།

བཞི། རིམ་པ་རེ་རེ་བཞིན་ཁོར་ཡུག་སྲུང་སྐྱོབ་མགོ་ཁྲིད་འགན་འཁྲི་མ་ལག་འཛུགས་པ་དང་། ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས་དངོས་འབེབས་བྱེད་པ་སོགས་ཀྱི་གནས་ཚུལ།

ལྔ། འགན་ནུས་སྡེ་ཁག་གིས་འགན་འཁྲི་ཅི་ལྕོགས་ཀྱིས་སྒྲུབ་པ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག ཁོར་ཡུག་ཁྲིམས་ལྟར་ཤུགས་སྣོན། ཁྲིམས་ལ་བརྟེན་ནས་ཁོར་ཡུག་གི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱས་པའི་གནས་ཚུལ།

དྲུག མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པའི་ཁོར་ཡུག་གནད་དོན་འབུར་ཐོན་ལ་འཕྲལ་སྒྲུབ་མྱུར་སྒྲུབ་བྱས་པའི་གནས་ཚུལ་དང་མི་དམངས་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱས་པའི་གནས་ཚུལ།

བདུན། ནན་སྒྲུབ་མ་བྱས་པ་དང་ཁུར་དུ་མ་བླངས་བ། གང་བྱུང་དུ་སྒྲུབ་པ་སོགས་ཀྱི་འཐུས་ཤོར་འགན་འཛོལ་བྱ་སྤྱོད་དག་ལ་འགན་འཁྲི་རྩད་གཅོད་བྱེད་དགོས།

«བརྡ་ཐོའི»ནང་ད་རུང་། དྲིལ་སྒྲོག་སྒྲོལ་སྤེལ་དང་བརྟག་དཔྱད་ཞིབ་འཇུག བཅར་འདྲི་སྐུལ་འདེད། མི་མངོན་སར་ལྟ་ཞིབ། མངོན་ལྐོག་གཉིས་ཀར་རྩད་འདྲི་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཁག་བགོས་སྐུལ་སྒྲུབ་བྱེད་དགོས་པའི་རེ་བ་བཏོན་ཡོད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།