ནུས་ཤུགས་ཡོད་དགུས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་རྒྱུ་བར་ཁག་ཐེག་བྱ་དགོས།
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

1.jpg

རྟ་ཐང་ཧོས་རིགས་རང་སྐྱོང་རྫོང་གི་ཆོ་ཐིག་གྲོང་རྡལ་དུ་ཆུ་སྤུས་ལ་ཞིབ་བཤེར་བྱེད་པའི་རྒྱུ་ཆ་ལེན་བཞིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་དང་འགན་འཁྲི་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་རེད་ཅེས་གསུང་བཤད་གལ་ཆེན་གནང་།

ལོ་གཅིག་ཕར་འདས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མངག་བཅོལ་ལག་བསྟར་བྱས་པ་ཅི་འདྲ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་བསམ་བློ་བརྗེ་རེས་བྱས་པའི་མི་དེ་དག་ལ་འགྱུར་ལྡོག་ཅི་འདྲ་ཞིག་བྱུང་ཡོད་དམ། ང་ཚོས་མཉམ་དུ་ཁོ་ཚོའི་བསམ་ཚུལ་ལྟར་ལོ་གཅིག་གི་འགྱུར་ལྡོག་དང་འཕེལ་རྒྱས་ལ་རོལ་མྱོང་ཅིག་བྱེད།

མགོ་ལོག་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཱེ་ཅུས་ཆོན་གྱིས་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མིའི་སེམས་སུ་ཟུག་ཡོད།

ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བརྙན་རིས་དྲ་འབྲེལ་གྱི་བསམ་བློ་བརྗེ་རེས་བྱེད་སྐབས། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་གྱིས་སྐུལ་མ་ཐེབས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་དང་རེ་བ་ནན་མོ་རྣ་ལམ་དུ་ནམ་ཡང་རྒྱུ་བཞིན་ཡོད།

བརྙན་རིས་དྲ་འབྲེལ་གྱི་བསམ་བློ་བརྗེ་རེས་བྱས་རྗེས། ང་ཚོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཚོགས་ལ་སེམས་ཤུགས་བསྐྱེད་ཡོད་པ་དང་། གོང་ནས་འོག་ཏུ་རང་འགུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་སྤེལ་བྱེད་པའི་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟེང་བཞག་ཡོད། སྐྱེ་ཁམས་སྲུང་སྐྱོབ་དེ་གོ་གནས་དང་པོར་བཞག་ནས། མི་ཚང་མས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་སུ་ཟུག་ཡོད།

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་དགོངས་དོན་དངོས་འབེབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་དུ་བཟུང་ནས་གཙོ་བོར་གཤམ་གྱི་བྱ་བ་འགའ་སྤེལ་ཡོད། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ཇེ་མང་དུ་བཏང་སྟེ། དོ་དམ་སྲུང་སྐྱོབ་ཀྱི་ནུས་ཤུགས་གཅིག་བསྡུས་བྱས་པ་དང་། “གནས་དྲུག་གཞི་གཅིག”གི་སྐྱེ་ཁམས་ཐོན་ཁུངས་བར་སྟོང་དྲ་མིག་ཅན་གྱི་སྲུང་སྐྱོབ་མ་ལག་ཡོངས་སུ་ལེགས་འགྲུབ་བྱུང་བ་དང་། རྩ་འཛུགས་ཅན་གྱི་སྐོར་སྐྱོད་སྲུང་སྐྱོབ་བྱ་བ་སྤེལ་བས། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དེ་རྒྱུན་སྲོལ་དུ་གྱུར་བ་མ་ཟད་ཁུལ་ཡོངས་སུ་ཁྱབ་གདལ་དུ་བཏང་། ནུས་ཤུགས་ཡོད་དགུས་ཁོར་ཡུག་གཙང་སྦྲ་དང་ལེགས་བཅོས་བྱེད་པའི་བྱ་འགུལ་སྤེལ་ནས། མངའ་ཁོངས་ཡོངས་སུ་བཟོ་སྐྲུན་བྱས་ཏེ་གཏོར་བརླག་ཐེབས་པའི་གནས་སུ་ཕྱོགས་ཡོངས་ནས་བསྐྱར་བསྐྲུན་དང་བསྐྱར་འདེབས་བྱས་པ་དང་། མངའ་ཁོངས་ཡོངས་ཀྱི་གད་སྙིགས་གཙང་སེལ་བྱས་པས། ཐུམ་འབུའི་ནད་དང་མི་ཕྱུགས་ལ་ནད་འབྱུང་བར་ཕྱོགས་བསྡུས་སྒོས་སྔོན་འགོག་བྱས་པ་མ་ཟད། མཁར་གྲོང་གི་བཙོག་སེལ་སྒྲིག་ཆས་འཐུས་ཚང་དང་བསྒྱུར་བཀོད་བྱས་ཏེ། ནུས་ཁུངས་གཙང་སེལ་དང་བཀོལ་སྤྱོད་སོགས་ཀྱི་བྱ་བ་མང་པོ་སྤེལ།

བྱ་བ་ཐམས་ཅད་ཕན་ནུས་ཡོད་པ་དང་ཏན་ཏིག་གིས་སྒྲུབ་པས་རྩ་བ་ཚུགས་པར་བྱས་ཡོད་པ་དང་། ལས་བྱེད་མང་ཚོགས་ཚང་མས་བདེ་སྐྱིད་ལྡན་ཚད་ཇེ་མཐོར་སོང་ཡོད་པས། ཧུར་ཐག་གིས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གལ་ཆེན་ལག་བསྟར་བྱེད་བཞིན་ཡོད་ཟེར།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་བསོད་བསོད་ཀྱིས་བཤད་རྒྱུར། ང་ཚོ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་དངོས་འཛུགས་སྐྲུན་མཁན་དང་སྲུང་སྐྱོབ་མཁན་བྱེད་འདོད་ཡོད། ངས་ནམ་ཡང་བརྗེད་ཐབས་མེད་པ་ནི་ན་ནིང་གི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ང་ཚོས་བརྙན་རིས་དྲ་འབྲེལ་བྱས་པ་དེ་རེད། སྐབས་དེར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དོ་དམ་སྲུང་སྐྱོབ་མི་སྣའི་ལས་འགན་དྲིས་པ་མ་ཟད། ད་དུང་ང་ཚོའི་ཡོང་སྒོ་དང་འགྲིམ་འགྲུལ་ཡོ་བྱད་ཅི་ཡིན་པ་དྲིས་པས། སྤྱི་ལེ་སྟོང་ཕྲག་གི་གནས་སུ་ཡོད་པའི་གཙང་གསུམ་འབྱུང་ཡུལ་དང་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སེམས་ཁུར་བྱེད་བཞིན་པར་མྱོང་ཚོར་ཟབ་མོ་ཐེབས་ཡོད།

རྩྭ་ཐང་ནི་ང་ཚོ་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཡིན་ལ། ན་ནིང་གི་ཚུན་ལ་ང་དང་འདྲ་བའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དོ་དམ་མི་སྣ་ཇེ་མང་ནས་ཇེ་མང་ཡིན་པ་དང་། དོ་དམ་སྲུང་སྐྱོབ་མཁན་རྣམས་ཀྱིས་སེམས་ཞིབ་མོས་སྲུང་སྐྱོབ་བྱས་པས། རྩྭ་སའི་སྐྱེ་ཁམས་རིམ་བཞིན་ཇེ་ལེགས་སུ་སོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འཚོ་བའི་ཁོར་ཡུག་ཀྱང་སྔར་ལས་ཇེ་བཟང་དུ་གྱུར་ཡོད།

འཚོ་བའི་ཁོར་ཡུག་ཇེ་ལེགས་དང་ཇེ་མཛེས་སུ་སོང་བ་དང་ཆབས་ཅིག ངེད་ཚང་གི་འཚོ་བ་ཡང་སྔར་ལས་འགན་སྲུང་ཡོད་པར་གྱུར་བ་དང་། ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱའི་སྐྱེ་ཁམས་ཁ་གསབ་ཡོད་ལ། རྩྭ་སའི་ཁ་གསབ་བྱ་དགའི་དངུལ་དང་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ཡོང་སྒོ་བགོ་བཤའ་བཅས་ཡོད་པས། ང་ཚོའི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཡོད། སྐྱེ་ཁམས་སྲུང་སྐྱོབ་ནི་རྗེས་ཕྱོགས་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། མ་འོངས་པར་ང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཀྱི་འདུ་ཤེས་བརྒྱུད་ནས། ཚན་རིག་ལྟར་ཕྱུགས་གསོས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་གཉིས་མཉམ་དུ་རྒྱལ་བར་བྱས་ཆོག

ང་རང་ཡོད་སའི་སྲུང་སྐྱོབ་མངའ་ཁོངས་ཏེ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་ཚུད་ཡོད་པ་དང་། དེ་ནི་ང་ཚོའི་འབྲོག་པ་རྣམས་དབུལ་ཐར་ཕྱུག་བསྒྱུར་བྱས་ཏེ་འབྱོར་འབྲིང་དུ་བསྐྱོད་པའི་གོ་སྐབས་བཟང་བོ་ཡིན་ལ། ང་ཚོའི་བདེ་སྐྱིད་འཚོ་བ་རེ་སྙེག་བྱེད་པའི་རེ་ལྟོས་གསར་བ་རེད། ང་ཚོས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བའི་འགན་འཁྲི་ལྕི་མོ་དང་ལེན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཡུལ་དངོས་འཛུགས་སྐྲུན་མཁན་དང་སྲུང་སྐྱོབ་མཁན་བཟང་བོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་བྱས་པའི་དོན་དག་ནན་ཏན་སྒོས་བཟང་བོར་སྒྲུབ་དགོས་ཟེར།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ཁོར་ཡུག་ཆ་འཕྲིན་ལྟེ་གནས་ཀྲུའུ་རིན་གྱི་ལས་རོགས་པ་ཁྲིན་ལིང་པའོ་ཡིས་བཤད་རྒྱུར། ཚན་རྩལ་འདེགས་སྐྱོར་ནུས་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྒྲུབ་དགོས།

ན་ནིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱད་ཚད་ལེན་ལྟེ་གནས་སུ་གཟིགས་ཞིབ་མཛད་སྐབས། སྨྱན་མང་གཟུགས་ཀྱི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ། དེ་མིན་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན། ཡུལ་དངོས་ཀྱི་ལག་རྩལ་འགན་སྲུང་མི་སྣ་ཞིག་ཡིན་པའི་ཆ་ནས་ང་རང་དངོས་གནས་ཡིད་སྤྲོ་བ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཡི་གཟིགས་ཞིབ་མཛད་སྐབས་སུ། ང་ཚོས་རྒྱང་བསྟེན་བརྙན་རིས་དྲ་འབྲེལ་ཚོགས་འདུའི་མ་ལག་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཆེད་གཉེར་དྲ་བ་སོགས་སྟེགས་བུ་མང་པོའི་འདེགས་སྐྱོར་འོག ཕྱོགས་སོ་སོའི་ཤུགས་སྒྲིལ་རོགས་རེས་དང་གཞོག་འདེགས་བྱས་པ་བརྒྱུད། མཐར་མཇུག་བརྙན་རིས་དང་ཡུལ་དངོས་དྲ་འབྲེལ་བྱེད་པའི་བྱ་འགུལ་གྱི་འགན་སྲུང་ལས་འགན་ཡོངས་འགྲུབ་བྱས།

མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེན་ཡིན་ལ་ཁྱད་ཆོས་ལྡན་པ་དང་། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་དང་ལེན་བྱེད་དགོས། ལོ་གཅིག་གི་བྱ་བའི་ཁྲོད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངག་བཅོལ་སེམས་སུ་དམ་པོར་བཟུང་ནས། ཚན་རིག་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་འགན་སྲུང་དང་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད། མིག་སྔར། ང་ཚོའི་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། མདོ་ལ་རི་བོ། ཚྭ་འདམ་གཞོང་སོགས་སྐྱེ་ཁམས་བྱེད་ནུས་ས་ཁུལ་གལ་ཆེན་ཏེ་གཙོར་བཟུང་ནས། མཚོ་སྔོན་གྱི་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་ཚད་ལེན་མ་ལག་ཆགས་ཤིང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བའི་རྨང་གཞིའི་བྱ་བ་སྔར་ལས་ལེགས་པོར་སྒྲུབ།

དེ་སྔོན་ང་ཚོས་ཕྱི་རྒྱལ་གྱི་ལག་རྩལ་བེད་སྤྱད་དེ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པ་མི་འདང་ས་མང་པོ་གནས་ཡོད། ད་ལྟ་ང་ཚོས་རང་རྒྱལ་གྱིས་བཟོས་པའི་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་གཙང་གསུམ་འབྱུང་ཡུལ་དང་ཐ་ན་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཞིབ་ཅིང་ཁུངས་བཙན་པའི་རྨང་གཞིའི་གཞི་གྲངས་རྒྱུ་ཆ་འདོན་སྤྲོད་བྱེད་ཐུབ་ཡོད། རྗེས་ཕྱོགས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་སྐུལ་མ་སེམས་སུ་དམ་པོར་བཅངས་ནས། མུ་མཐུད་དུ་ཁོར་ཡུག་ལྟ་བཤེར་ཚད་ལེན་གྱི་གནམ་ས་དང་མི་གཞི་གཅིག་ཅན་གྱི་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཕྱོགས་མང་པོའི་ནུས་པ་གཅིག་ཏུ་བསྡུས་ནས་ཀྲུང་ཧྭའི་ཆུ་མཛོད་དང་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱ་དགོས་ཟེར།
 

ལོ་ཙཱ་བ། ཤ་བོ་རིན་མཚོ།