མཚོ་སྔོན་བོད་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པའི་སྤྱིའི་གནས་ཚུལ།
2017.09.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཉེ་ལམ་མི་སེམས་དྲོ་བར་བྱེད་པའི་གནས་ཚུལ་ལྟར་ན། ལོ་ངོ་གཉིས་རིང་གི་དཀའ་སྤྱད་འཛུགས་སྐྲུན་ལ་བརྟེན་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་དང་དགའ་བདེ། དར་ལག པདྨ་བཅས་རྫོང་ཁག་བཞི་སྦྲེལ་བྱེད་ཀྱི་རྒྱལ་ལམ227དེ་རྟ་བོ་ནས་དར་ལག་བརྒྱུད་དེ་པདྨར་སླེབས་པའི་རིམ་པ་གཉིས་པའི་གཞུང་ལམ་རྒྱ་བསྐྱེད་འཛུགས་སྐྲུན་བཟོ་འགོད་དེ་མིག་སྔར་ལམ་གཞི་ཡོངས་སུ་གྲུབ་ཡོད།

གཞུང་ལམ་དེ་ནི་མཚོ་སྔོན་བོད་ཁུལ་གྱི་ཆེས་མཐའ་མཇུག་གི་རྫོང་དང་རྫོང་སྦྲེལ་བའི་རིམ་པ་གཉིས་པའི་གཞུང་ལམ་ཞིག་ཡིན་ལ། ཡུས་ཧྲུའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་སྦྲེལ་བྱེད་ཀྱི་ལམ་ཡང་རེད། ལམ་འགྲུབ་རྗེས་མགོ་ལོག་ས་ཁུལ་ནས་བྱང་དུ་ཟི་ལིང་ལ་བསླེབ་ཐུབ་ཅིང་ལྷོ་རུ་སི་ཁྲོན་དང་ཀན་སུའུ་ལ་བསླེབ་ཐུབ་པའི་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ཀྱི་རྒྱུ་ལམ་གལ་ཆེན་ཞིག་གྲུབ་པ་རེད། དེར་མ་ཟད་དགའ་བདེ་དང་དར་ལག པདྨ་བཅས་རྫོང་ཁག་གསུམ་ལ་སྦྲེལ་བའི་རིམ་པ་གཉིས་པའི་གཞུང་ལམ་ཞིག་ལེགས་འགྲུབ་བྱུང་སྟེ། མཚོ་སྔོན་གྱི་རྫོང་དང་རྫོང་སྦྲེལ་བའི་གཞུང་ལམ་ཡོངས་རྫོགས་རིམ་པ་གཉིས་ཅན་དུ་གྱུར།

རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་ཁྲོད་ཀྱི་དྲུག་ནི་མཚོ་སྔོན་ན་ཡོད་ཅིང་། བོད་ཁུལ་གྱི་ས་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད། དེ་བས་བོད་ཁུལ་ལ་འཕེལ་རྒྱས་བྱུང་ན་ད་གཟོད་མཚོ་སྔོན་ལ་འཕེལ་རྒྱས་འབྱུང་ལ། བོད་ཁུལ་འབྱོར་འབྲིང་ལ་སླེབས་ན་ད་གཟོད་མཚོ་སྔོན་ཡང“རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ”ཡི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་བོད་ཁུལ་ཐོད་བརྒལ་འཕེལ་རྒྱས་སུ་འབྱུང་བའི་གནད་འགག་ཅིག་ཏུ་བརྩི་བཞིན་ཡོད།

རྨང་གཞིའི་འཛུགས་སྐྲུན་སྲ་བརྟན་དུ་བཏང་ནས་བོད་ཁུལ་རང་གི་འཕེལ་སྟོབས་མཐོར་འདེགས་སུ་བཏང་།

མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་ལས་གཞི་ཞིང་ཆེན་ཡོངས་སུ་སྤེལ་བ་དང་བསྟུན། འཛུགས་སྐྲུན་དང་ཆུ་བེད། དབུལ་སྐྱོར། དམངས་སྲིད་སོགས་སྡེ་ཁག་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་མ་དངུལ་ཚང་མ་ཐུའོ་ལེ་ཐའེ་སྡེ་བ་རུ་འདུས། དེ་འདྲའི་མ་དངུལ་མང་པོའི་རྒྱབ་སྐྱོར་ལ་བརྟེན་ནས། ལས་ལ་བརྩོན་པའི་སྡེ་མི་རྣམས་ཀྱིས་ས་བསྙམས་ཤིང་ཁྱིམ་གཞིས་འཛུགས་པ། སྡོང་འཛུགས་ནགས་སྐྲུན་སོགས་བྱས་པས། ས་ཆ་དེ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས།

དེ་མིན་ད་དུང་མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་ལས་ཐུའོ་ལེ་ཐའེ་སྡེ་བ“མཛེས་པའི་ཞིང་སྡེ”ཞིག་ཏུ་གྱུར་པར་མ་ཟད། འཚོ་བ་ཡང་སྔར་ལས་ཇེ་བཟང་དུ་སོང་སྟེ་ཡུན་བརྟན་གྱི་འགན་སྲུང་ཡོད་པར་གྱུར།

ཁོ་ཚོས་ཚ་རྔ་འགག་གི་ཆུ་མཛོད་ལ་བརྟེན་ནས་ཆུ་སྐྱེས་གསོ་སྤེལ་གྱི་ལས་སྒོ་གཉེར་བ་དང་། ཆུ་བེད་སྒྲིག་ཆས་འཛོམས་པར་གྱུར། ས་ཞིང་ལ་རྒྱ་སྲན་འདེབས་པ་སོགས་བྱས།

ཉེ་བའི་ལོ་འགའི་རིང་ལ། ལས་གཞི་གལ་ཆེན་མང་པོ་བསྟུད་མར་དངོས་འབེབས་བྱས་པ་དང་། མ་དངུལ་འབོར་ཆེན་མང་པོ་ཡང་བསྟུད་མར་བཏང་བས། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་ཉིན་རེ་ནས་ཉིན་རེར་ཇེ་ཆེར་ཕྱིན།

རང་ཞིང་གིས་ཞན་ཆ་དག་ལ་གཞིགས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ལེགས་སྒྱུར་བྱས་ཤིང་། སྡེ་ཁག་ཕན་ཚུན་དང་གོང་འོག་ཕན་ཚུན་གཅིག་སྒྲིལ་གྱིས་འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་སོགས་ཀྱི་ལས་གཞིའི་མཛོད་གལ་ཆེན་སྐོར་ཞིག་ལ་འཆར་འགོད་བྱས་པ་དང་། ཧུར་ཐག་གིས་སྲིད་ཇུས་ཀྱི་སྦྲེལ་མཐུད་དང་ལས་གཞིའི་སྦྲེལ་མཐུད་བྱ་བ་ལེགས་པར་བསྒྲུབས་ཏེ། བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་པ་གསར་པ་ཞིག་ཏུ་འཕར་བར་སྐུལ་འདེད་བྱས།

དགའ་འོས་པའི་གཏམ་བཟང་མང་པོ་ཐོས་པ་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་དཔེ་སྟོན་རྟེན་གཞི་བཙུགས་ཤིང་། དག་གཙང་ནུས་ཁུངས་ཐོག་མར་ཞིང་ཆེན་ལས་བརྒལ་ནས་སྤྱད་པ་དང་ཉི་ནུས་གློག་ཚིགས་ཀྱི་ཤོང་ཚད་སྟོང་ཝ་འབུམ་བདུན་ལ་ཉེ།

མགོ་ལོག་གི་རྫོང་གསུམ་དྲ་འབྲེལ་བཟོ་འགོད་ཡོངས་སུ་ལེགས་འགྲུབ་བྱུང་སྟེ་ཞིང་ཆེན་ཡོངས་ཀྱི་གློག་དྲ་རྫོང་ཁོངས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་།

བོད་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་ངང་འགྲུབ་པར་བྱེད་པ། མགོ་ལོག་གནམ་གྲུ་ཐང་ཤར་གཏོང་བྱས་པ་དང་། ཆི་ལེན་གནམ་གྲུ་ཐང་དང་ན་གོར་མོ་གནམ་གྲུ་ཐང་རྒྱ་བསྐྱེད་གཏོང་བའི་བཟོ་འགོད་ཕྱོགས་ཡོངས་ནས་ལས་མགོ་བརྩམས་པ། མཚོ་བོད་ལྕགས་ལམ་བཅས་ཀྱི་ལམ་མཚམས་ཞིག་གསོ་རྒྱ་བསྐྱེད་བྱེད་པའི་བཟོ་འགོད་མགྱོགས་མྱུར་གྱིས་སྤེལ་བ། ཟི་ལིང་ལྟེ་བར་བྱས་ཏེ་བོད་ཁུལ་གྱི་ཁུལ་དྲུག་ལ་འབྲེལ་བའི་མྱུར་ལམ་གྱི་སྒྲོམ་གཞི་ལེགས་འགྲུབ་བྱུང་སྟེ། བོད་ཁུལ་གྱི་ཁུལ་ཐོག་དང་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་སྦྲེལ་བྱེད་ཀྱི་མྱུར་ལམ་དང་རིམ་པ་གཉིས་པ་ཡན་གྱི་གཞུང་ལམ་རྫོང་དང་ཁུལ་དུ་སླེབས་པ་མངོན་འགྱུར་བྱུང་།

བོད་ཁུལ་མཁར་གྲོང་ཅན་དུ་བསྒྱུར་བའི་ཆུ་ཚད་བསྟུད་མར་ཇེ་མཐོར་ཕྱིན་པ། 2016ལོར། མཁར་གྲོང་ཅན་དུ་བསྒྱུར་ཚད་བརྒྱ་ཆའི་ལྔ་བཅུ་གྲངས་ཆུང་གསུམ་ལ་སླེབས། མཛེས་སྡུག་ལྡན་པའི་མཁར་གྲོང་བཅུ་དྲུག་དང་མཐོ་སྒང་གི་མཛེས་པའི་ཞིང་གྲོང་སུམ་བརྒྱ་འཛུགས་པའི་ལོ་དེའི་འོས་འགན་ཡོངས་སུ་གྲུབ། གུང་ཧོ་དང་ཐུན་རིན་སོགས་རྫོང་ལྔ་གྲོང་ཁྱེར་དུ་བསྒྱུར་བའི་གྲ་སྒྲིག་བྱ་བའང་ཧུར་ཐག་གིས་སྤེལ།

བོད་ཁུལ་གྱི་འཛུགས་སྐྲུན་ལ་བསྟུད་མར་འཕེལ་རྒྱས་གསར་པ་བྱུང་བ། ལྗང་མདོག་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་སྒོ་དངོས་སུ་མགོ་བརྩམས་པ་དང་། ཡངས་ལམ་དྲ་རྒྱའི་མཚོ་སྔོན་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྤེལ་བ། རྒྱལ་ཡོངས་ཀྱི་བོད་ཡིག་བཤེར་འཚོལ་དྲ་ལམ“ཡོངས་འཛིན”དངོས་སུ་སྒོ་ཕྱེ་བ་སོགས་ཀྱི་གཏམ་བཟང་དེ་དག་ནི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབྱུང་བའི་རྒྱབ་སྐྱོར་དང་སྒུལ་ཤུགས་འབའ་ཞིག་ཡིན་པ་སྨོས་ཅི་དགོས།

ཡུས་ཧྲུའུ་བསྐྱར་འཛུགས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རོང་འབྲོག་པ་མང་ཤས་དང་མཁར་གྲོང་གི་གཞིས་དམངས་ཁག་ཅིག་གི་སྡོད་ཁང་ཐག་བཅད། ས་ཁུལ་གྱི་ཐོན་ལས་ཧུར་ཐག་གིས་སླར་གསོ་དང་གོང་སྤེལ་བྱས།

རྨ་ལྷོ་དང་མཚོ་ལྷོ། མཚོ་བྱང་བཅས་ཀྱི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པ་དང་སྐྱེ་ཁམས་ཕྱུགས་ལས་གོ་རིམ་དང་ལྡན་པར་སྤེལ་བ། ཕྱུགས་ལས་རྐྱང་པའི་སྡེ་བ་མང་ཤས་ཀྱིས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད།

མཚོ་སྔོན་པོ་ལྗོངས་ཁུལ་དང་རྨ་ལྷོའི་རྒྱལ་ཁབ་ཀྱི་རེབ་གོང་རིག་གནས་དཔེ་སྟོན་ཁུལ། ཡུས་ཧྲུའུ་ཁམས་པ་བོད་ཀྱི་རིག་གནས་ཡུལ་ལྗོངས་ཁུལ་སོགས་མགྱོགས་མྱུང་ངང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཤིང་། མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་བོད་ཁུལ་གྱི་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་གལ་ཆེན་དུ་བརྩིས་ཏེ། ཡུལ་སྐོར་ལས་རིགས་བོད་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོར་ཆགས་སུ་བཅུག

དེ་མིན་རྒྱལ་ནང་གི་གཞི་ཁྱོན་ཆེས་ཆེ་བའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏེ། ཚྭ་འདམ་གཞུང་གི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱིས་རྒྱལ་ཡོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་གྲས་སུ་ཚུད་པར་བརྩོན་བཞིན་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཕྱུགས་ལས་རྒྱལ་ཁབ་ཀྱི་བསྟུད་མར་འཕེལ་འཐུས་པའི་ཚོད་ལྟ་ཁུལ་གྱིས་རྒྱལ་ཡོངས་ཀྱི་མིང་དུ་གྲགས་པའི་མཐོ་སྒང་གི་ལྗང་མདོག་དང་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི་བསྐྲུན་པར་བརྩོན་བཞིན་ཡོད།

རྒྱལ་ནང་གི་ཐོག་མར་བཙུགས་པའི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྱད་ཆོས་སུ་བཟུང་བའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རེབ་གོང་སྒྱུ་རྩལ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱིས་རིག་གནས་ཀྱི་མིང་ཐོག་ནས་དཔལ་འབྱོར་གོང་སྤེལ་གྱི་ཐོད་བརྒལ་ལ་སྣེ་ཁྲིད་བྱེད་ཀྱིན་པ་སོགས་ལྟ་བུ་རེད།

2016ལོར། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ནས་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར་དགུ་བརྒྱ་བཅུ་གཉིས་དང་བྱེ་བ་དགུ་ས་ཡ་གཉིས་ལ་སླེབས་ཡོད་པ་དང་། བརྟན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་སྟོང་གཅིག་བརྒྱ་དང་རེ་དགུ་དང་བྱེ་བ་བཞི་ས་ཡ་ལྔ་བཏང་བས་བརྒྱ་ཆའི་བཅུ་དང་གྲངས་ཆུང་ལྔ་འཕར། ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ཕལ་བའི་ཡོང་སྒོ་སྒོར་དུང་ཕྱུར་དོན་གཅིག་དང་བྱེ་བ་བརྒྱད་ས་ཡ་བདུན་དུ་སླེབས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་རང་དབང་དུ་སྤྱོད་ཆོག་པའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་སོ་ལྔ་རུ་སླེབས་ཤིང་བརྒྱ་ཆའི་དགུ་འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་འཕར་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་དུ་ཚོད་འཛིན་བྱས་ཡོད་ལ། དེ་ནི་ཉེ་བའི་ལོ་བཅུའི་རིང་གི་ཆེས་དམའ་བའི་ཚད་ཡིན།

སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་བཏང་ནས་བོད་ཁུལ་གྱི་དམངས་ཚིས་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ཁུལ་རིམ་པའི་ལྟེ་གནས་སྨན་ཁང་དང་བོད་སྨན་ཁང་། རྫོང་རྒྱ་བོད་སྨན་ཁང་། རྫོང་འཆར་ལྡན་བུ་སྐྱེའི་ཞབས་ཞུའི་ས་ཚིགས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་བའི་འཕྲོད་བསྟེན་ཁང་སོགས་བོད་ཁུལ་གྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་སྐོར་ཞིག་རྩ་འཛུགས་ལག་བསྟར་བྱས་པ་དང་། ནད་རིགས་སྔོན་འགོག་དང་ཚོད་འཛིན་མ་ལག་དང་འཕྲལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་བྲེལ་བསྟུན་མྱུར་སྐྱོབ་མ་ལག་བཙུགས་ཏེ། འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་མངོན་གསལ་བྱུང་།

ད་ལྟ། མཚོ་སྔོན་ཞིང་ཆེན་གྱི་ནད་རིགས་ཚབས་ཆེན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཐུབ་པར་གྱུར་ཡོད། ཐུམ་འབུའི་ནད་ཀྱི་འགོག་བཅོས་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་བ་དང་མི་ས་ཡ་གཅིག་དང་འབུམ་བརྒྱད་ལ་ཞིབ་ཚགས་རྟག་བཤེར་བྱས། རིམས་འགོག་འཆར་འགོད་ཀྱི་འགོག་སྨན་བརྒྱབ་ཚད་བརྒྱ་ཆའི་གོ་བརྒྱད་ཡན་ལ་སླེབས་ཡོད་པ་དང་། མཆིན་ཚད་ཁ་པའི་འབྱུང་ཚད་སྤྱི་ཁྱབ་ནས་ཇེ་དམར་འགྲོ་བཞིན་ཡོད།

དམངས་ཚིས་ལེགས་བཅོས་བྱེད་པར་སློབ་གསོ་སྔོན་དུ་འགྲོ་དགོས། 2016ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་སློབ་མ་སོ་གཅིག་པེ་ཅིན་གྱི«བདེན་འཚོལ»རྩོམ་སྒྲིག་ཁང་གིས་རྩ་འཛུགས་བྱས་པའི“དགའ་བ་གསུམ”གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་ལ་ཞུགས། དེ་ནི་རྫ་སྟོད་རྫོང་གི་སློབ་མ་པེ་ཅིན་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་ལ་ཞུགས་ཐེངས་གཉིས་པའང་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གཅིག་བསྡུས་སྒོས་རྒྱལ་ཁབ་ཀྱི་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་བཟོ་འགོད་དང་། རོང་འབྲོག་ཁུལ་གྱི་ཞག་སྡོད་སློབ་གྲྭ། ཞིང་སྡེའི་དམའ་འབྲིང་སློབ་གྲྭའི་མལ་ཁང་ལེགས་བཅོས་ལས་གཞི་སོགས་ལག་བསྟར་བྱས་ཏེ། མུ་མཐུད་དུ་བོད་ཁུལ་གྱི་འོས་འགན་སློབ་གསོ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས།
ད་ལྟ། ཁུལ་དྲུག་གི་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དག་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཕྱོགས་བསྡུས་གནོད་འགོག་གི་ཚད་གཞིར་སླེབས་ཡོད་ལ། སློབ་གྲྭ་སོ་སོའི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས། སློབ་གསོ་ཆ་འཕྲིན་ཅན་སོགས་ཀྱི་སྒྲིག་སྦྱོར་ཡང་ཞིང་ཆེན་ཡོངས་ཀྱི་ཚད་ལྡན་ཅན་གྱི་སློབ་གྲྭའི་འཛུགས་སྐྲུན་ཚད་གཞིར་སླེབས་ཡོད། 2016ལོར། བོད་ཁུལ་དྲུག་གི་འོས་འགན་སློབ་གསོའི་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་གསུམ་གྲངས་ཆུང་གསུམ་གཉིས་ལ་སླེབས་ཡོད།

“རྒས་ན་བརྟེན་ས་ཡོད་དགོས་པ་དང་རྒས་ན་གསོ་མཁན་ཡོད་པ”ནི་བོད་ཁུལ་མང་ཚོགས་ཀྱིས་ནམ་ཡང་ཆེས་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད།

སྤྱི་ཚོགས་འགན་སྲུང་གི་ནུས་པ་བསྟུད་མར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་གོ་རིམ་ཁྲོད་ནས། རྒན་གསོའི་འགན་སྲུང་ལམ་ལུགས་འཐུས་ཇེ་ཚང་ནས་ཇེ་ཚང་དུ་གྱུར་ཏེ། གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་ཕྱོགས་ཡོངས་སུ་ཁེབས་པར་བྱས་ཤིང་། དེ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས།

སྨན་བཅོས་འགན་སྲུང་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། མི་སྒེར་གྱིས་མ་དངུལ་སྤྲོད་པ་དང་སྲིད་གཞུང་གིས་ཁ་གསབ་རྒྱག་པ་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་བསྡུ་བའི་འགྲོ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་། གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཡོངས་ལ་ཁྱབ་པའི་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་དཀྱུས་མ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་ལ་ཞིབ་འཇུག་དང་གསར་འཛུགས་བྱས་ཏེ། རོང་འབྲོག་ཁུལ་གྱི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ཐོབ་ཆ་སྔར་ལས་མཐོར་འདེགས་སུ་བཏང་བ་དང་། སྒོ་བསྟེན་དཀྱུས་མའི་སྨན་བཅོས་འགྲོ་གྲོན་ཇེ་ཡང་དུ་བཏང་།

ད་སྐབས། མཚོ་སྔོན་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། ནུས་ཤུགས་གང་ཡོད་ཀྱིས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་ནི་རོང་འབྲོག་པའི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཕྱོགས་སྣ་ཀུན་ནས་མངོན་ཡོད།

མཉམ་དུ་དབུལ་ཐར་བྱས་ཏེ་བོད་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མོ་གྲོང་ཞང་གི་འབུམ་ཁང་དམངས་ཕན་མཉམ་ལས་ཁང་དུ་བོད་ཀྱི་བུད་མེད་བཅུ་ལྷག་གིས་ཕྱིང་ཞྭ་འཐག་གིན་ཡོད་ལ། དེ་དག་ནི་ཉིན་འགའི་སྔོན་བོད་ལྗོངས་ཀྱི་ཉོ་མཁན་ཞིག་གིས་མངག་ཉོ་བྱས་པ་རེད། འཛིན་གྲྭ་དེའི་ནང་ན་སློབ་མ་སུམ་ཅུ་ལྷག་ཡོད་ལ་ཚང་མ་བུད་མེད་རེད། མི་མང་ཆེ་བ་ནི་བསོད་སྐྱིད་དང་འདྲ་བར་རྩྭ་ཐང་གི་འབྲོག་མོ་ཡིན་པ་དང་། ད་སྐབས་ཟབ་སྦྱོང་འཛིན་གྲྭའི་ནང་དུ་ཞུགས་ཏེ་ལག་རྩལ་སྦྱོང་གིན་ཡོད་པ་རེད།

རྨ་ལྷོ་ཁུལ་ཐུན་རིན་རྫོང་གིས་ས་གནས་རང་གི“རེབ་གོང་སྒྱུ་རྩལ”ལ་བརྟེན་ནས། དབུལ་སྐྱོར་ཐོན་ལས་ཐང་གའི་བཟོ་བོ་གསོ་སྐྱོང་གི་ཕྱོགས་སུ་གཏད་ཡོད། 2010ལོའི་ཟླ་བཅུ་གཅིག་པ་ནས་བཟུང་། ཐུན་རིན་རྫོང་རེབ་གོང་སྒྱུ་རྩལ་གླིང་གིས་མཚོ་སྔོན་གྱི་བོད་ཁུལ་དྲུག་གི་དབུལ་ཕོངས་ཁྱིམ་ཚང་གི་འབྲོག་པ་བརྒྱ་ཙམ་བསྡུས་ནས་ལོ་ལྔའི་རིང་ལ་རིན་མེད་པར་རི་མོར་སྦྱོང་བ་བྱེད་དུ་བཅུག་ཅིང་། སྒྱུ་རྩལ་གླིང་གི་སློབ་མ་རྣམས་ཀྱིས་རིན་མེད་དུ་ཐང་ག་འབྲི་སྦྱོང་བྱས་ཆོག་པར་མ་ཟད། ལོ་ལྔའི་སློབ་ཡུན་ལོངས་རྗེས་སྒྱུ་རྩལ་གླིང་ནས་མུ་མཐུད་དུ་ཐང་ག་འབྲི་སྲོལ་ཁྲིད་ཆོག་པ་ཡིན།
2014ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྡི་མདའ་ཞང་གིས་སྤེལ་བའི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་གི་ཆེས་ཐོག་མའི་གཞི་ཁྱོན་ཅན་གྱི་བོད་ཇའི་འདེབས་འཛུགས་ལ་ལེགས་འགྲུབ་ཆེན་པོ་བྱུང་། 2015ལོར། མུའུ་ཁྲི་ཅན་གྱི་བོད་ཇའི་རྟེན་གཞི་ཐོག་མ་བོད་ཀྱི་མཐོ་སྒང་ནས་ཚུགས་པ་དང་། མཚོ་སྔོན་ནས་ཇ་ལོ་མི་ཐོན་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད།

བོད་ཇ་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་མིན་ན་ཡང་། མཚོ་སྔོན་ནས་ཐོན་པས་ད་གཟོད་གཞན་དང་མི་འདྲ་བ་ཞིག་ཏུ་གྱུར་པ་རེད་ལ། དེའི་དོན་སྙིང་ལ་ཡང་ང་ཚོས་བསམ་བློ་གཏོང་རིན་ཡོད་དེ། ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་སྤེལ་གཏོང་བ་ནི་བོད་ཁུལ་དུ་བསྟུད་མར་འཕེལ་ཐུབ་པ་མངོན་འགྱུར་འབྱུང་བའི་རྒྱབ་རྟེན་གཙོ་བོ་ཡིན་པ་དེ་རེད།

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་བོད་ཁུལ་གྱིས་དགོས་མཁོའི་སྒྲིག་གཞི་བཅོས་བསྒྱུར་གྱི་གཙོ་གནད་ལ་དམིགས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་པ་གོང་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལྟོས་བཅས་ཀྱི་ལེགས་ཆ་ཡོད་པ་དང་ཚོང་རའི་འགྲན་རྩོད་ཀྱི་ནུས་པ་ཡོད་པའི་འདེགས་རྟེན་རང་བཞིན་གྱི་ཐོན་ལས་ཧུར་ཐག་གིས་གོང་སྤེལ་བཏང་བས། ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་འཕེལ་རྒྱས་ལེགས་ཆ་མངོན་པར་ཐོན།

གནད་ཁེལ་དབུལ་སྐྱོར་བྱས་པ་བརྒྱུད་ནས། ད་སྐབས་མཚོ་སྔོན་གྱི་བོད་ཁུལ་དྲུག་གི་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་བརྒྱ་དང་རེ་བཞི་དང་མི་ཁྲི་ལྔ་དང་སྟོང་གཉིས་ལྔ་བརྒྱ་དབུལ་ཐར་བྱས། 2016ལོར། བོད་ཁུལ་ནས་ནོར་སྲིད་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཅུ་གསུམ་ལྷག་དོན་འཁྱོལ་བྱས་ཏེ། བོད་ཁུལ་གྱི་དབུལ་ཕོངས་སྡེ་བ་ཕན་ཚུན་ལ་རོགས་རེས་བྱེད་པའི་མ་དངུལ་ཕྱོགས་ཡོངས་སུ་ཁེབས་ཐུབ་པར་གྱུར། བོད་ཁུལ་གྱི་དབུལ་ཕོངས་མང་ཚོགས་འབུམ་གཉིས་དང་ཁྲི་བདུན་པོ་ཚང་མ་མ་མཐའི་འཚོ་བའི་འགན་སྲུང་གི་ནང་དུ་ཚུད་པ་དང་། རིགས་བགར་ནས་འཚོ་བའི་ཁ་གསབ་སྤྲད་དེ། དབུལ་ཕོངས་མི་འབོར་དུས་ལྟར་ཡོངས་སུ་རྫོགས་པར་དབུལ་ཐར་འབྱུང་བ་ལ་ཁག་ཐེག་ནན་མོ་བྱས།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།