ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་མཚོ་སྔོན་ཞིང་ཆེན་དུ་བསྡད་པའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཧ་ཅང་མཐོང་ཆེན་བྱས་པ་དང་། ལྟ་ཞིབ་ཚན་ཆུང་གིས་སྤྲད་པའི་གནད་དོན་ཐད་ནས་འགོར་འགྱངས་མི་བྱེད་པར་ཐབས་མང་མཉམ་སྤྱོད་བྱས་ནས་ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱས་པས། གྲུབ་འབྲས་བཟང་བོ་བླངས།
ཟི་ལིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་བཏང་ནས། ཀྲུང་ཞིན་རྫས་འགྱུར་བཟོ་ལས་བཟོ་གྲྭ་དང་བདུན་གཅིག་ལམ། ཧྥུའུ་ཅཱ་ཀྲེ་སོགས་ཀྱི་ལྕགས་རིགས་ཁིར་གྱིས་བཙོག་བཟོ་བྱས་པའི་ས་ཆ་སླར་གསོ་བཅོས་སྐྱོང་བྱེད་པའི་བྱ་བ་ལག་བསྟར་བྱས་པ་དང་།ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་འབྲེལ་ཡོད་སྡེ་ཁག་སྐོར་ཞིག་རྩ་འཛུགས་བྱས་ནས་ས་ཁུལ་བཞི་དང་ར་བའི་ཁུལ་སོ་སོར་མངགས་ཏེ། བཟོ་སྐྲུན་ཡུལ་དངོས་ཀྱི་ས་རྡུལ་གྱི་བཙོག་བཟོ་འགོག་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། དེ་དང་མཉམ་དུ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་རྒྱུན་འཁྱོངས་བྱས་ནས། མགོ་ཁུངས་ནས་སྣུམ་གྱི་དུད་དྲེག་དང་འུར་སྒྲ གད་སྙིགས་རང་འདོད་དུ་འདོར་བ་སོགས་མང་ཚོགས་ལ་གནོད་པ་བཟོ་བའི་ཁོར་ཡུག་སྲུང་སྐྱོབ་གནད་དོན་བཅོས་སྐྱོང་བྱས།
རྨ་ལྷོ་ཁུལ་གྱིས་བྱེད་ཐབས་བཞི་སྤྱད་དེ་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་ལྟ་ཞིབ་བྱ་བ་ཇེ་དྲག་ཏུ་བཏང་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་བྱ་བའི་བླང་བྱ་ལྟར། “བྱེད་ཐབས་བཞི”སྤྱད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་ལྟ་ཞིབ་དང་སྒྲིག་ཁྲིམས་ལག་བསྟར། འགན་འཁྲིའི་བྱ་བ་ཇེ་དྲག་ཏུ་བཏང་། ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བཏོན་པའི་གལ་ཆེའི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་ཏང་ཨུའི་སྲིད་གཞུང་མགོ་ཁྲིད་ཀྱི་གསུང་བཤད་གལ་ཆེན་དང་བྱ་བའི་བླང་བྱར་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དེ་སློབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་དུ་བསྒྱུར་བའི་ནང་དོན་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་ཁྲོད་བཞག་ནས། བསམ་བློ་དང་ལས་འགུལ་གཅིག་གྱུར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་།
ལྟ་ཞིབ་བྱ་བ་དང་གནད་དོན་འཚོལ་ཞིབ་བྱེད་པ་སྔར་ལས་རྒྱ་བསྐྱེད་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་སོ་སོའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་ལྟ་ཞིབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་པ་མི་ལེགས་པ་དང་དུས་ལྟར་ལག་བསྟར་མ་བྱས་པ་སོགས་ཀྱི་གནད་དོན་ལ་སྐུལ་འདེད་བྱས་ནས་གནད་དོན་ལེགས་བསྒྱུར་དང་། དུས་བཅད་ལྟར་ལེགས་བཅོས་བྱེད་པ། མགོ་ཁྲིད་ཀྱི་འགན་འཁྲི་དང་ལས་ཁུངས་ཀྱི་འགན་འཁྲི་བཅས་གསལ་བོ་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དང་ལྟ་ཞིབ་འགན་འཁྲི་དོན་འཁྱོལ་མ་བྱས་པ་དང་འགན་མི་འཁུར་བ། ལྷག་པར་ཏུ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཚབས་ཆེན་ཡིན་པ། དཔྱད་ཞིབ་ཆ་རྐྱེན་དང་མི་མཐུན་པ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲོད་ཀྱི་གནད་དོན་ལ་དུས་ལྟར་ལེགས་བཅོས་མི་བྱེད་པ། ཕན་ཚུན་ལ་བདའ་འདེད་བྱེད་པ། རང་འགན་གཙང་སྒྲུབ་མི་བྱེད་པ་སོགས་ལ་འགན་དབང་འདྲ་མཚུངས་ཀྱི་རྩ་དོན་གཞིར་བཟུང་སྟེ་འགན་ཁུར་མི་སྣ་དང་འབྲེལ་ཡོད་ལས་ཁུངས། མགོ་ཁྲིད་ཀྱི་འགན་འཁྲི་སོགས་ལ་རྩད་གཅོད་ནན་མོ་བྱས།
འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་དང་སྲིད་གཙང་ཉེན་འགོག་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཡར་ཞུ་བྱས་པའི་གནད་དོན་ལ་ལེགས་བཅོས་དང་ལྷག་པར་ཏུ་ལེགས་བཅོས་བྱས་ཟིན་པའི་གནད་དོན་ལ་ཕྱིར་ལྟ་བྱས་ཏེ་ལེགས་བཅོས་བྱས་པའི་གྲུབ་འབྲས་སྲ་བརྟན་ཡིན་མིན་དང་། ལེགས་བཅོས་བྱས་པའི་གནད་དོན་ལ་རྗེས་འདེད་ལྟ་ཞིབ་བྱས་ནས་ལེགས་བཅོས་ཀྱི་གྲུབ་འབྲས་དང་འཕེལ་ཚད་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། གནད་དོན་ལེགས་བཅོས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།
མཚོ་ལྷོ་ཁུལ་གྱིས་ཁོར་ཡུག་བཅོས་སྐྱོང་ཐད་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་ནས་གྲུབ་འབྲས་མངོན་གསལ་བླངས།
ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་ལེགས་སྒྲིག་བྱེད་པའི་བྱ་བ་སྤེལ་བའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སོ་སོས་གོ་སྐབས་འདི་དམ་འཛིན་བྱས་ཏེ། ཁོར་ཡུག་གཙང་སྦྲ་ལེགས་བཅོས་ཆེད་དོན་བྱ་འགུལ་སྤེལ་ནས་ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་བཟང་བོ་བསྐྲུན།
གུང་ཧོ་རྫོང་གིས་གྲོང་སྐོར་ནུབ་ལམ་གྱི་རླངས་འཁོར་ཞིག་གསོ་དང་བཟའ་བཏུང་། རྡོ་སོལ་ཕྱིར་ཚོང་གི་ཚོང་ཁང་དང་ཟ་ཁང78 དང་། ཁྲིམས་འགལ་གྱིས་ས་ཞིང་གླས་ནས་ཨར་སྐྲུན་ཚོང་གཉེར་བྱེད་བཞིན་པའི་ཚོང་ཁང་གཉིས་ཀྱི་སྒོ་རྒྱབ་པ་སོགས་གད་སྙིགས་གང་སར་དོར་བའི་འབུར་ཐོན་གནད་དོན་དག་ཐག་གཅོད་བྱས། ཀོས་ནན་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། བྱ་བ་ནན་ཏན་སྒོས་དངོས་འབེབས་བྱས་ནས་རྫོང་ཡོངས་ཀྱི་མཁར་གྲོང་དང་རོང་འབྲོག་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་ནས་རྣམ་པ་གསར་བ་བསྐྲུན།
རྫོང་མཁར་གྱི་ས་ཁོངས་གཙོ་བོར་ཆེད་དོན་བཅོས་སྐྱོང་བྱས་པ་དང་། མ་དངུལ་སྒོར་ཁྲི་བདུན་དང་སྟོང་ལྔ་བཏང་ནས་འཛུགས་སྐྲུན་གད་སྙིགས་དང་འཚོ་བའི་གད་སྙིགས་ལ་ཁྱོན་ཡོངས་ནས་གཙང་སྦྲ་བྱས། དེ་དང་མཉམ་དུ། ཀོས་ནན་རྫོང་གིས་རོང་འབྲོག་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། སྡེ་བ་སོ་སོའི་ནགས་སྲུང་བ་དང་རྩྭ་སའི་དོ་དམ་པ། ལས་བྱེད་པ་དང་མང་ཚོགས་བཅས་མི་སྟོང་གསུམ་ལྷག་རྩ་འཛུགས་བྱས་ལ། འཕྲུལ་ཆས་ཆེ་རིགས་དང་རླངས་འཁོར་བརྒྱ་ལྷག་བཀོད་སྒྲིག་བྱས་ནས་སྡེ་བའི་གཞུང་ལམ་དང་ཁང་བའི་མདུན་རྒྱབ་སོགས་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་པ་མ་ཟད། རྩྭ་སའི་དོ་དམ་པ་དང་ནགས་སྲུང་བ་བཀོད་སྒྲིག་བྱས་ཏེ་དུས་ཚོད་ཉེར་བཞིའི་རིང་རྩྭ་བཀག་ཁུལ་ལ་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱས་ནས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་བཏང་།
ཞིན་ཧེ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རྫོང་མཁར་གྱི་རྒྱ་ལམ་གཙོ་བོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་སྦུག་ལམ་འཛུགས་སྐྲུན་བྱས་རྗེས་སུ། གནས་སྐབས་ཞིག་གསོ་མ་བྱས་པའི་ལམ་དུ་ཐལ་རྡུལ་ལངས་པ་སོགས་ཀྱི་གནད་དོན་ལེགས་སྒྲིག་བྱས་པ་དང་། བྱང་ཤར་ལྷོ་ནུབ་ཀྱི་ཁྲོམ་ལམ་བཞིའི་སྤྱིའི་རིང་ཚད་ལ་མུས330 ཡོད་པའི་ཨར་འདམ་གྱི་ལམ་སླར་གསོ་དང་ཁོད་སྙོམས་བྱས། དེ་དང་ཆབས་ཅིག་རིག་སྨོན་གྲོང་རྡལ་དུ་མི་སྒེར་གྱིས་ཡུལ་སྐོར་ལྗོངས་ཁུལ་ཕྱེས་ནས། གང་འདོད་དུ་རས་གུར་ཕུབ་པ་དང་། བཙོག་ཆུ་གང་འདོད་དུ་འཕོ་བ་སོགས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱས། མིག་སྔར། གད་སྙིགས་ཏུན་ཆིག་སྟོང་བརྒྱད་བརྒྱ་ང་གསུམ་གཙང་སེལ་བྱས་པ་དང་། ཁྲིམས་ལྟར་ཟ་ཁང་སོ་བདུན་གྱི་སྒོ་བརྒྱབ།
སྒེར་ངོས་ནས་ཕྱེས་བའི་ཡུལ་སྐོར་ལམ་ཐིག་བཅུ་བདུན་གྱི་སྒོ་བརྒྱབ། ཁྲིམས་ལྟར་ཁྲིམས་འགལ་འཛུགས་སྐྲུན་ང་བདུན་དང་། ཡུལ་སྐོར་ཚོང་གཉེར་བྱེད་བཞིན་པའི་རས་གུར་ལྔ་བརྒྱ་ཉི་ཤུ། ལྕགས་ར་རྙིང་བ་མུས་སྟོང་དྲུག་དང་ཆིག་བརྒྱ་ཐག་གཅོད་བྱས། ཨར་འདམ་གི་བཟོ་སྐྲུན་དང་གྱང་ར་མུས་རྒྱ་ཁྱོན་གྲུ་བཞི་མ་ཁྲི་གཉིས་སྟོང་གཉིས་ལྷག་དང་ས་དོང་རྒྱ་ཁྱོན་མུས་གྲུ་བཞི་མ་འབུམ་གཅིག་ཁྲི་གསུམ་ལྷག་བདེ་སྙོམས་བྱས།
གཞན་ད་དུང་སྐོར་གཡེང་ལམ་ལུགས་བཙུགས་པ་དང་། ཚན་ཁག་བཙུགས་ནས་ཉིན་རེར་ཐེངས་གཉིས་ལ་གྲོང་རྡལ་དང་གཙོ་གནད་ས་ཁོངས་སུ་སྐོར་གཡེང་བྱས་ཏེ། གནད་དོན་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཙོ་བོར་བཞག་སྟེ་གཟབ་ནན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་རི་ཀླུང་མཛེས་ཤིང་སྐྱེ་ཁམས་ཁོར་ཡུག་སྔར་ལས་མཛེས་པའི་ཡིད་འོང་གི་མཚོ་བྱང་འཛུགས་སྐྲུན་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་ནགས་ཚལ་ཐོན་ཁུངས་ལ་དོ་དམ་སྲུང་སྐྱོབ་བྱེད་པ་དང་བརླན་སའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། བྱེ་འགོག་བྱེ་བཅོས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཕྱོགས་ལྔའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་འབེན་བཏོན་པ་དང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐེངས་མང་པོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་གྲོས་གཞིར་ཞིབ་འཇུག་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་འཛུགས་ཀྱི་འགུལ་སྐྱོད་ཇུས་གཞི་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་གཏན་ཁེལ་བྱས་ཏེ་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། བྱ་བའི་འགན་འཁྲི། འགན་སྲུང་བྱེད་ཐབས་སོགས་ཕྱོགས་ནས་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་འབེན་གདེང་འཇོག་དཔྱད་ཞིབ་བྱེད་ཐབས་དང་ལྗང་མདོག་འཕེལ་རྒྱས་དམིགས་ཚད་མ་ལག་གཏན་ཁེལ་བྱས་ཏེ་ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་དཔྱད་ཞིབ་མ་ལག་ཁྲོད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དཔྱད་ཞིབ་བྱེད་ཚད་ཉིས་སྟོང་བཅུ་གསུམ་ལོའི་བརྒྱ་ཆའི་ཉི་ཤུ་ནས་ཉིས་བཅུ་བདུན་ལོའི་བརྒྱ་ཆའི་སུམ་ཅུར་མཐོར་འདེགས་བཏང་སྟེ་གཟབ་ནན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་གཙོ་བོ་དོན་འཁྱོལ་བྱས།
དེ་དང་མཉམ་དུ། མཚོ་བྱང་ཁུལ་གྱིས་ནོར་སྲིད་དངུལ་གཏོང་རྒྱ་བསྐྱེད་དེ་ཤུགས་ཆེན་པོས་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱས་པ་དང་། མིག་སྔའི་བར་ཁུལ་ཡོངས་སུ་བསྡོམས་པས་སྡེ་བ་རིམ་པའི་རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་བདུན་བརྒྱ་བཅོ་ལྔ་དང་ནགས་ལས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ་སྟོང་བཞི་དང་ཞེ་བདུན་ཡོད། ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ཐད་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་བདུན་ས་ཡ་དགུ་བཏང་བ་དང་ད་ལོའི་ལོ་སྟོད་ལ་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་བཏང་བ་མ་ཟད་མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ལས་གཞི་ལག་བསྟར་བྱས་ནས་མཛེས་པའི་མཚོ་བྱང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
ཁུལ་དེའི་ཧེ་ཡན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་བརྗོད་སྙིང་དུ་བྱས་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་དང་ལས་བྱེད་པས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་གནད་དོན་ལ་དམིགས་ཏེ། ཆེད་དོན་བགྲོ་གླེང་ཐེངས་ཞེ་དྲུག་སྤེལ་བ་དང་། བསམ་བློ་གོ་རྟོགས་སོགས་ཕྱོགས་ཀྱི་གནད་དོན་བརྒྱད་བརྒྱ་ལྷག་དག་ཐེར་ལེགས་བཅོས་བྱས། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས་གསོ་བཀག་ས་ཁུལ་དུ་ཕྱུགས་ཟོག་གསོ་བར་བཅོས་སྐྱོང་བྱེད་པའི་བྱ་བའི་ཇུས་གཞི་བཏོན་ནས། ཕྱུགས་ཟོག་གསོ་སྤེལ་ཐད་ནས་བདེ་ཐང་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱས། རྐང་ཚ་རྫོང་གིས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་གི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། གད་སྙིགས་ཀྱི་བཙོག་བཟོ་བཅོས་སྐྱོང་དང་གད་སྙིགས་གནོད་པ་མེད་པའི་སྒོ་ནས་ཐག་གཅོད་པར་ཤུགས་བསྣན་ནས། གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཇེ་ལེགས་སུ་བཏང་།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་སྔོན་བསྐྱོད་སྣེ་ཁྲིད་དང་དམར་མདོག་གི་ཝུའུ་ལན་ཞེས་པའི་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ་ནས། ཏང་ཡོན་སྟོང་གཉིས་ལྷག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རིགས་མི་འདྲ་བའི་དང་བླངས་ཞབས་ཞུ་ཐེངས་བརྒྱ་དང་སུམ་ཅུ་ལྷག་སྤེལ། ན་གོར་མོ་གྲོང་ཁྱེར་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་སྐྱེད་ཚལ་ལྗང་བསྒྱུར་ལས་གཞི་སོ་བཞི་ལག་བསྟར་བྱས།
མཚོ་ཤར་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཕྱོགས་གཅིག་ནས་ལྟ་ཞིབ་དང་ཕྱོགས་གཅིག་ནས་བཅོས་སྐྱོང་གི་བྱ་བར་སྐུལ་འདེད་བྱས།
མཚོ་ཤར་གྲོང་ཁྱེར་གྱི་ས་ཁུལ་སོ་སོས་བསྟུད་མར་ཉིན་འགར་འཕྲལ་དུ་བྱ་སྤྱོད་སྤེལ་ནས་མགྱོགས་མྱུར་བཅོས་སྐྱོང་དང་། དག་ཐེར་ཡོ་བསྲང་། ཚན་རིག་དང་མཐུན་པའི་ཇུས་གཞི་གཏན་འབེབས་བྱས་ཏེ། མགྱོགས་མྱུར་ངང་བཅོས་སྐྱོང་གནད་ལ་འཁེལ་བ་ཁག་ཐེག་བྱས་པ་མ་ཟད། ཐག་གཅོད་བྱས་ཟིན་པའི་གནད་དོན་དག་ལ་ཕྱིར་བལྟ་བྱས་ཏེ། ཕྱོགས་གཅིག་ནས་བལྟ་ཞིབ་དང་ཕྱོགས་གཅིག་ནས་བཅོས་སྐྱོང་བྱེད་པའི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས།
མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་གྲོང་ཁྱེར་དོ་དམ་དང་གད་སྙིགས་ས་འོག་ཏུ་འཇུག་སར་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་བསྣན་ནས། གྲོང་ཁྱེར་དོ་དམ་ཁྲོད་ཀྱི་ཐག་གཅོད་དཀའ་བའི་གནད་དོན་རིགས་བགར་ནས་ཐག་གཅོད་པ་དང་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པ། རེ་རེ་བཞིན་ལེགས་བཅོས་བྱས་ཏེ། མཁར་གྲོང་གི་ཁོར་ཡུག་རྒྱུ་སྤུས་མཐོར་འདེགས་བྱས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།