མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་བ་ཉིས་སྟོང་བཅུ་ལོའི་ཟླ་བརྒྱད་པར་སྤེལ་མགོ་བརྩམས་པ་ནས་བཟུང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱིས་གཞོགས་འདེགས་དམ་པོ་དང་། མཉམ་རུབ་སེམས་མཐུན། དཀའ་གནད་འགག་སྒྲོལ་བཅས་ཀྱིས་ཕྱོགས་མང་བ་དང་། རིམ་པ་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྟེགས་བུ་བཙུགས་ཏེ། མུ་མཐུད་དུ་ཐབས་ལམ་གསར་པ་འཚོལ་ཞིབ་དང་། བྱེད་ཐབས་གསར་པར་ཤུགས་སྣོན། རྣམ་པ་གསར་པ་གསར་གཏོད་བཅས་བྱས། ལོ་དྲུག་གི་རིང་ལ། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་ཅང་སུའུ་ཞིང་ཆེན་གྱི་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་བཅུ་གསུམ་ལྷག་བརྩོན་ལེན་བྱས་ནས། གྲོང་རྡལ་ཅན་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་ལས་དོན། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ལས་གཞི་བརྒྱ་དང་སོ་བདུན་ལག་ཏུ་བསྟར། དེའི་ནང་མཚོ་ལྷོ་ཁུལ་གྱི་མི་རིགས་ལུས་རྩལ་ར་བ་སོགས་ལས་གཞི་ཞེ་བརྒྱད་བཙུགས་ནས་བཀོལ་སྤྱོད་བྱས། རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་གི་ཁེ་ལས་ཀྱི་རོགས་སྐྲུན་མ་དངུལ་སྒོར་བདུན་གྲངས་ཆུང་བཅུ་གཅིག་བརྩོན་ལེན་བྱས་ནས། ལས་གཞི་རེ་གཅིག་གི་ལས་མགོ་བརྩམས་པ་དང་ལས་གཞི་སོ་ལྔ་གྲུབ། ཅང་སུའུ་ཞིང་ཆེན་དང་རྒྱལ་ཁབ་ཀྱི་པུའུ་ཨུ། དེ་མིན་ཀྲུང་དབྱང་ཁེ་ལས་དང་ཕན་ཚུན་འགྲོ་འོང་ཐེངས་བདུན་བརྒྱ་ལྔ་བཅུ་བྱས་པ་དང་། མི་ཐེངས་སྟོང་བདུན་དང་བཞི་བརྒྱ་སུམ་བཅུ་ལྷག་ཕན་ཚུན་འགྲོ་འོང་བྱས་ཏེ། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་བར་གྱི་ཕན་ཚུན་འབྲེལ་གཏུག་ཇེ་བརྟན་དུ་བཏང་།
དུས་མཉམ་དུ་གཅིག་ཏུ་འདྲེས་པའི་གནད་འགག་དམ་པོར་བཟུང་ནས། རང་འགུལ་གྱིས་སྒྲུབ་པ་དང་གཏན་འཁེལ་ཤུགས་འདོན་བྱས་ནས་རིག་གནས་ལས་གཞི་སྤུས་དག་ཅན་རབ་དང་རིམ་པ་ཇུས་འགོད་ལག་བསྟར་བྱས་ཏེ། རིག་གནས་ཚོང་རྟགས་ཤུགས་ཆེན་པོས་བསྐྲུན། ཅང་སུའུ་ཞིང་ཆེན་ནན་ཅིན་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པའི“ལྔ་བཅུ་གཉིས”ཅང་སུའུ་ཡི་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བའི་གྲུབ་འབྲས་ཀྱི་འདྲ་པར་འགྲེམ་སྟོན་ཆེན་པོ་ཐེངས་གཅིག་སྤེལ་ཞིང་། བསྟུད་མར་ཉིན་ལྔ་རིང་ལ《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་བཞིན་གཅེས་པ་དང་། བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་འདུན་མ་སྐྲུན》ཟེར་བའི་ཆེད་དོན་བརྙན་འཕྲིན་ཆེན་མོ་སྤེལ། དེ་ལས་གཞན་ད་རུང་ནན་ཅིན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང“མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”བཅས་ཀྱི་སྟེགས་བུ་བརྒྱུད་ནས་ཅང་སུའུ་ཞིང་ཆེན་དང་ཐོན་ཁུངས་གསར་གཏོད་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་མཉམ་ལས་སོགས་འདུས་པའི་འདོད་བློ་ཅན་གྱི་གྲོས་གཞི་བརྒྱད་བཅུ་ལྷག་བཞག་པ་དང་། གྲོས་མཐུན་ལ་མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར་ཉིས་བརྒྱ་དང་ང་བཞི་གྲངས་ཆུང་ལྔ་ལ་སླེབས། བསྡོམས་པས་གནས་གཞན་དུ་གསོ་སྦྱོང་བྱེད་པའི་གྲོན་དངུལ་སྒོར་ཁྲི་སྟོང་བཞི་དང་དྲུག་བརྒྱ་བདུན་བཅུ་དངོས་འབེབས་བྱས་ཏེ། འབྲེལ་ཡོད་གསོ་སྦྱོང་འཛིན་གྲྭ་སྐབས་ཉིས་བརྒྱ་དང་དོན་གསུམ་བསྒྲུབས་པ་དང་། ཁུལ་ཡོངས་ཀྱི་རིམ་པ་མི་འདྲ་བའི་མི་སྣ་དང་སྡེ་བའི་ལས་བྱེད་པ་མི་ཐེངས་ཁྲི་གཅིག་དང་སྟོང་གཅིག་ང་བརྒྱ་ཉེར་གཉིས་གསོ་སྦྱོང་བྱས།
རྩོམ་སྒྲིག་པ། སྐར་མ་འཚོ།