ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ལན་ལུང་ཁུག་གྲོང་རྡལ་ཁ་ཡངས་སྡེ་བ་རུ། དུས་ཡུན་ལོ་ངོ་གཅིག་གི་རིང་། “ཡུལ་སྐོར་དང་རིག་གནས། ལུས་རྩལ། ཞིང་ལས་ཐོན་ལས” མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བ་ནས། སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཞེ་བཞི་ཡོད་པ་ཚང་མར་དབུལ་ཐར་གྱི་དམིགས་འབེན་ལེགས་འགྲུབ་བྱུང་བ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གསུམ་ནས་སྒོར་ཁྲི་ལྷག་ལ་འཕར་བྱུང་།
འགྱུར་ལྡོག་དེ་ནི་རང་ཞིང་གི་ཐོན་ལས་དབུལ་སྐྱོར་གྱི་ཕྱོགས་བསྡུས་རྣམ་པ་ཤིག་ཡིན་ལ། དེ་ཡང་ཐོན་ལས་དབུལ་སྐྱོར་ནི་རང་ཞིང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་ཀྱི་གཙོ་གནད་ཅིག་ཀྱང་ཡིན།
2016ལོའི་ཚུན་ལ། ཐོན་ལས་དབུལ་སྐྱོར་ཞེས་པའི་གོ་སླ་ཞིང་ཁ་གསལ་བའི་མིང་ཚིག་དེ་ནི་རང་ཞིང་གི་དབུལ་ཕོངས་མང་ཚོགས་རྒྱུན་མཐུད་བརྟན་བརླིང་ངང་ཕྱུག་བསྒྱུར་གྱི་ལམ་དུ་བསྙེག་པའི་ཐབས་ལམ་གཙོ་བོར་གྱུར། ཁྱིམ་ཚང་ལ་ཐོན་ལས་ལས་གཞི་ཡོད་པ་དང་སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པ། རྫོང་ལ་ཐོན་ལས་ས་ཁུལ་ཡོད་པའི “གནས་གསུམ་གཞི་གཅིག”གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཧུར་ཐག་གིས་བསྐྲུན་པས། དབུལ་ཕོངས་མང་ཚོགས་རིམ་བཞིན་སྲིད་ཇུས་ཁོ་ནར་བརྟེན་པས་རྣམ་པ་བསྒྱུར།
ཐོན་ལས་ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་མངོན་འགྱུར་བྱེད་ན། དབུལ་ཕོངས་མང་ཚོགས་ཀྱི་མ་འོངས་པར་རེ་བ་ཡོད་སྲིད།
ཁྱིམ་ཚང་རེར་ལས་གཞི་རེ་ཡོད་པ།
“ན་ནིང་ལོ་གཅིག་གི་འབད་བརྩོན་བརྒྱུད་ནས། ང་ཚོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཉེར་དྲུག་གི་ཁྲོད་དུ། ཁྱིམ་ཚང་ཉེར་གཅིག་དབུལ་ཐར་བྱས་པ་དང་། ད་ལོར་ང་ཚོས་ཤུལ་དུ་ཡོད་པའི་ཁྱིམ་ཚང་ལྔ་ཡང་ངེས་པར་དུ་དབུལ་ཐར་བྱེད་དགོས”ཞེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཞང་འཁྱིལ་ཁུག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀླུ་འབུམ་རྒྱལ་གྱིས་དེ་ལྟར་བཤད། ཁོས་བལྟས་ཡོང་ན། སྡེ་བའི་ནང་གི་དབུལ་ཐར་བྱ་བ་ལེགས་སྒྲུབ་བྱེད་པར་ལས་གཞིའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་སྙམ།
སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཧོ་ཅིན་ལུང་གཡོས་སྦྱོར་གསོ་སྦྱོང་ནང་ཞུགས་པའི་རྗེས་སུ། དབུལ་སྐྱོར་མ་དངུལ་དང་བསྐྱིས་ཡོང་བའི་སྒོར་མོས་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་ཟ་ཁང་ཆུང་བ་ཞིག་གཉེར་ཞིང་། ཟླ་འགར་བདག་གཉེར་བྱས་པའི་རྗེས་སུ། ཚོང་གི་ཡོང་སྒོ་ཡང་མང་པོ་ལེན་བཞིན་ཡོད།
དབུལ་ཕོངས་ཁྱིམ་ཚང་གཞན་ཞིག་སྟེ་ལིའུ་ཏུང་དབྱང་གིས་དབུལ་སྐྱོར་མ་དངུལ་བཀོལ་ནས་སྣུམ་བཙིར་འཕྲུལ་ཆས་དང་ཞིབ་འཐག་འཕྲུལ་ཆས་ཉོས་ཏེ་ཁྱིམ་དུ་ཚོང་བརྒྱབ་པས། ན་ནིང་ལོ་གཅིག་གི་ཡོང་སྒོ་དེ་སྔར་ལོ་ལས་སྒོར་ཁྲི་གཅིག་ལྷག་འཕར་སྣོན་བྱུང་།
ཁྱིམ་དུ་མི་གྲངས་ལྔ་ཡོད་པའི་ཆི་ཧེ་ཧུང་གིས། ན་ནིང་དབུལ་སྐྱོར་མ་དངུལ་སྒོར་ཁྲི་གཉིས་སྤྱད་དེ་ཕག་བཞི་བཅུ་ལྷག་གསོས། དེའི་ཐོག་སྡེ་བའི་ནང་རྒྱ་སྲན་འདེབས་རྒྱུ་ཡོད་པའི་ལེགས་ཆར་བརྟེན་ནས་ཆི་ཧེ་ཧུང་གིས་གཞན་པའི་གསོ་སྤེལ་ཁྱིམ་ཚང་དང་འདྲ་བར། རྒྱ་སྲན་གྱི་གཞུང་རྟ་བཀོལ་ནས་ཕག་གསོས་པ་དང་། དེ་ལྟར་བྱས་པས་ཕག་ཤའི་བྲོ་བ་ཞིམ་པོ་ཡིན་ལ། ཕག་ཤ་རློན་པ་སྤྱི་རྒྱ་རེའི་རིན་གོང་ཚོང་རའི་རིན་གོང་ལས་སྒོར་བརྒྱད་ཙམ་གྱིས་མཐོ་ན་ཡང་། ནམ་རྒྱུན་དུ་མཁོ་འཚོང་གིས་མི་འདང་བའི་སྣང་ཚུལ་ཡོད།
2016ལོར། རང་ཞིང་གིས་བསྡོམས་པས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བདུན་བཏང་ནས། ཁྱིམ་ཚང་ཐོན་ལས་ཀྱི་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཤིང་། རོགས་སྐྱོར་གྱིས་དབུལ་ཕོངས་མང་ཚོགས་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་བྱས། ཟི་ལིང་དང་མཚོ་ཤར་ལ་མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་ལྔ་དང་བཞི་བརྒྱ་དང་བོད་ཡུལ་གྱི་ཁུལ་དྲུག་ལ་སྒོར་སྟོང་དྲུག་དང་བཞི་བརྒྱ་ཡིན་པའི་ཚད་གཞི་ལྟར་རོགས་སྐྱོར་བྱས་ཤིང་། མང་ཚོགས་ཀྱི་འདོད་བློ་གཞིར་བཟུང་ནས། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་རྐང་བཙུགས་ཏེ། ཞིང་ལས་འཕྲོད་སར་ཞིང་ལས་དང་། ཕྱུགས་ལས་འཕྲོད་སར་ཕྱུགས་ལས། ནགས་ལས་འཕྲོད་སར་ནགས་ལས། ཚོང་ལས་འཕྲོད་སར་ཚོང་ལས། ཡུལ་སྐོར་འཕྲོད་སར་ཡུལ་སྐོར་བཅས་ཀྱི་ལས་རིགས་སྤེལ་བ་དང་། འདེབས་འཛུགས་ལས་རིགས་ཀྱི་ལས་གཞི་སྣ་ཁ་ཉིས་བརྒྱ་ཉི་ཤུ་དང་གསོ་སྤེལ་ལས་རིགས་ཀྱི་ལས་གཞི་སྣ་ཁ་ཉིས་བརྒྱ་དོན་གསུམ། ཐོན་ལས་གཉིས་པ་དང་གསུམ་པའི་ལས་སྣོན་ཞབས་ཞུ་ལས་གཞི་བརྒྱ་དང་ང་གཅིག་དང་རྒྱུ་རྫས་ཀྱི་ཕན་ཁེ་ཐོབ་པའི་ལས་གཞི་བརྒྱ་དང་སོ་དགུ་ལག་བསྟར་བྱས་པས། ཐོན་ལས་གཉེར་བ་ལས་མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གཅིག་དང་ཉིས་བརྒྱ་ཡན་གྱི་ཡོང་སྒོ་འཕར་བ་བརྒྱུད། རྒྱུ་རྫས་ཀྱི་ཕན་ཁེ་ཐོབ་པའི་བྱ་བ་དེས་མི་རེར་ཆ་སྙོམས་ཀྱིས་སྒོར་བརྒྱད་བརྒྱ་ཡན་ཆད་འཕར་སྣོན་བྱུང་ཡོད།
ད་ལོར་རང་ཞིང་གིས་མ་དངུལ་སྒོར་དུང་ཕྱུར་བཅོ་ལྔ་དང་བྱེ་བ་བཞི་ས་ཡ་གཉིས་བཏང་ནས། མི་འབུམ་གཉིས་དང་ཁྲི་དྲུག་སྟོང་བཞི་ཡི་ཁྱིམ་ཚང་ཐོན་ལས་ལས་གཞི་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་ནུས་པ་ཡོད་པའི་མི་འབུམ་བཞི་དང་ཁྲི་གཉིས་སྟོང་དྲུག་སུམ་བརྒྱ་ལ་ཁྱིམ་ཚང་ཐོན་ལས་ལས་གཞི་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པས། སྔ་མོ་ནས་ལས་གཞི་ལག་བསྟར་དང་སྔ་མོ་ནས་ལས་གཞིའི་ཕན་འབྲས་ཐོབ་པར་ཁག་ཐེག་བྱས།
སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པ།
རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སའོ་པེ་བོད་རིགས་ཞང་སྤེན་མ་ལུང་སྡེ་བས་སྤྱི་ཆིང་ཉེར་དྲུག་ལྷག་གི་ཚོན་མདོག་སྣ་བདུན་གྱི་མེ་ཏོག་ཞིང་ས་རུ“ཀྲུང་གོའི་འདུན་མ”ཞེས་པའི་མེ་ཏོག་བཟོ་དབྱིབས་བསྐྲུན་པ་དང་། མེ་ཏོག་གི་མཚོ་མོ་འཁྱིལ་བའི་མཛེས་ལྗོངས་དང་ཞིང་རའི་བཀོད་པ་རྨད་དུ་བྱུང་དག་གཙོ་བྱས་པའི་རྐང་ཐང་ཡུལ་སྐོར་བགྲོད་ལམ་ལས་པས། ན་ནིང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྟད་མོ་བ་བགྲང་ལས་འདས་པ་བཀུག་ཅིང་མེ་ཏོག་ལ་གཟིགས་ནས་ཡུལ་སྐོར་ལྗོངས་རྒྱུ་བྱས།
སྡེ་བའི་ནང་གི་ཐུན་མོང་མ་ཡིན་པའི་ནགས་སའི་ཐོན་ཁུངས་འཛོམས་པོ་དེ་བེད་སྤྱད་ནས། མེ་ཏོག་གི་རྒྱ་མཚོ་ལྟ་བུའི་སྤེན་མ་ལུང་སྡེ་བ་སྐད་ཅིག་ཉིད་དུ་འཕེལ་རྒྱས་བྱུང་བ་དང་། ད་ལྟ་སྡེ་བའི་ནང་ཞིང་ལས་འདེབས་འཛུགས་དང་གསོ་སྤེལ། བཟའ་བཏུང་། ཞག་འདུག་བྱེད་ས་བཅས་མཉམ་གཅིག་ཏུ་འཛོམས་པའི་ཡུལ་སྐོར་ཐོན་ལས་མུ་འབྲེལ་ཞིག་ཆགས་ཡོད།
ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། སྡེ་བ་དེའི་དབུལ་ཕོངས་ཁྱིམ་ཚང་བཅུ་ཡི་ཁྲོད་ནས་ཁྱིམ་ཚང་རེ་ནས་ཉུང་མཐའ་མི་གཅིག་རེ་སྤེན་མ་ལུང་མེ་ཏོག་མཚོ་མོའི་ལས་ཀར་ཞུགས་ཤིང་། ད་དུང་མཐའ་འཁོར་གྱི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་སྐུལ་སློང་བྱས་ནས་མེ་ཏོག་འདེབས་འཛུགས་ཀྱི་ལས་ཀ་གཉེར་བའི་མི་ཉི་ཤུ་ལྷག་ལ་སླེབས་པ་དང་། མི་རེར་ཟླ་རེའི་ཡོང་སྒོ་སྒོར་སྟོང་གཉིས་དང་བརྒྱ་ཡོད། དབུལ་ཕོངས་ཞིང་བའི་ཁྱིམ་ཚང་གི་ངལ་རྩོལ་པའི་ལོ་རེའི་ཡོང་སྒོ་ནི་སྒོར་ཁྲི་གཅིག་དང་སྟོང་བཞི་ལ་སླེབས་ཤིང་། ས་ཞིང་མ་རྐང་ནང་ཞུགས་པའི་ཁྱིམ་ཚང་གི་ཆ་སྙོམས་ལོ་རེའི་ཡོང་སྒོ་ནི་སྒོར་སྟོང་གཅིག་ཡིན། དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་མ་དངུལ་དང་རྒྱུ་རྫས་ཀྱི་ཕན་ཐོབ་ལས་གཞི་ལས་མི་རེ་ལ་ཁེ་སྤོགས་སྒོར་བཞི་བརྒྱ་སོ་གཉིས་བགོས།
ལས་གཞི་གྲུབ་པའི་རྗེས་སུ། སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་བཅུ་བཀོད་སྒྲིག་བྱས་ནས། མེ་ཏོག་མཚོ་མོའི་ཞིང་གྲོང་དུ་ཡུལ་སྐོར་ཞབས་ཞུའི་ལས་ཀ་གཉེར། དབུལ་ཕོངས་མི་གྲངས་ལ་སྔོན་རྩིས་བྱས་ན་ལོ་རེའི་ཡོང་སྒོ་སྒོར་སྟོང་བརྒྱད་ལྷག་ཡོད་པས་དབུལ་པོ་རྣམས་སྒོའི་ཕྱི་རོལ་ཏུ་མ་སོང་བར་ལས་སླ་བོའི་སྒོ་ནས་དབུལ་ཐར་བྱས་ཆོག་པ་རེད། མིག་སྔར། ལས་གཞི་ལག་བསྟར་བྱས་ཏེ་སའོ་པེ་ཞང་ཏེའོ་ཀུག་ས་ཆའི་སྡེ་བ་བདུན་དང་དབུལ་ཕོངས་མི་གྲངས་སོ་གསུམ་ལ་སྐུལ་ཁྲིད་ནུས་པ་ཐེབས་ནས་མེ་ཏོག་འདེབས་འཛུགས་ཀྱི་ལས་ཀ་གཉེར་བ་དང་། མི་རེར་ཆ་སྙོམས་ཀྱིས་ལོ་རེའི་ཡོང་སྒོ་སྒོར་སྟོང་གསུམ་འཕར་ཡོད། དུས་མཚུངས་སུ་མཐའ་འཁོར་གྱི་ཞིང་བ་ཁྱིམ་ཚང་ལ་སྐུལ་ཁྲིད་བྱས་ནས་ཞིང་བའི་སྤྲོ་ཁྱིམ་དང་ཇ་འཐུང་སྤྲོ་གླིང་ལས་གཉེར་བྱས་པ་དང་། སྤེན་མ་ལུང་སྡེ་བ་ཁོ་ནར་ཞིང་བའི་སྤྲོ་ཁྱིམ་ཁང་བཅུ་ལྷག་ཚོང་གཉེར་བྱེད་ཀྱིན་ཡོད་པ་དང་། ཞིང་བའི་སྤྲོ་ཁྱིམ་ཁོ་ནའི་ཡོང་སྒོ་ཁྱིམ་ཚང་རེ་ལ་སྒོར་ཁྲི་ཚོ་བཞི་རེ་ཡོད་པས། ཞིང་བའི་སྤྲོ་ཁྱིམ་ཁང་རེ་རེས་དབུལ་ཕོངས་ཁྱིམ་ཚང་གཅིག་རེ་ལ་རོགས་སྐྱོར་སྐུལ་ཁྲིད་བྱས་ནས་ལས་ཀ་བརྟན་པོ་གཉེར་བ་དང་། དཔལ་འབྱོར་གྱི་ཕན་ཁེ་དང་སྤྱི་ཚོགས་ཀྱི་ཕན་ཁེ་མངོན་གསལ་དུ་བྱུང་ཡོད།
ལོ་འདིའི་སྔོན་ལ། རང་ཞིང་གིས་རང་བྱུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་དང་མི་རིགས་ཀྱི་རིག་གནས་ཐོན་ཁུངས། དེང་རབས་སྐྱེ་ཁམས་ཞིང་ལས་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། རྒྱལ་ཁབ་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་ལས་གཞི་བརྒྱ་དང་གསུམ་ལག་བསྟར་བྱས་ཤིང་། སྡེ་བ་རེ་ལ་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གསུམ་བཀོད་སྒྲིག་བྱས་པ་དང་། འཕེལ་རྒྱས་བཅོས་བསྒྱུར་དང་ཡུལ་སྐོར་སྡེ་ཁག་གི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་ཧྲིལ་བསྡུས་བྱས་ལ། སྙན་གྲགས་མཐོ་བའི་ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པ་དང་། “མེ་ཏོག་མཚོ་མོའི་ཀློང་གི་ཞིང་གྲོང”ཞེས་པ་ནི་དེའི་ཡ་གྱལ་ཞིག་རེད།
2016ལོར། ཞིང་ཆེན་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ལ་སྒོར་འབུམ་ལྔ་ཡི་ཚད་གཞི་ལྟར་རོགས་རེས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ཡོད་པ་དང་། རོང་འབྲོག་པའི་ཁྱིམ་ཚང་འཕེལ་རྒྱས་ཀྱི་ཐོན་ལས་ཐད་སྐྱིན་ཚབ་ཡོད་པའི་སྒོ་ནས་མ་དངུལ་བསྐྱིས་ཆོག་ཅིང་། དངུལ་ཁང་ལ་གཏའ་མ་འཇོག་པར་ཡང་བཀོལ་ཆོག་པ་མ་ཟད་ལྡབ་ལྔ་ནས་ལྡབ་བཅུ་ལ་ཆེ་རུ་བསྐྱེད་ནས། གཙོ་བོ་སྡེ་བ་རིམ་པའི་ཐོན་ལས་དང་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་རེད།
རྫོང་ལ་ཐོན་ལས་ས་ཁུལ་ཡོད་པ།“ད་ལྟ་ངས་རྫོང་དབུལ་སྐྱོར་ཐོན་ལས་དཔེ་སྟོན་ར་བའི་མཚོ་སྔོན་ཞུའེ་ཀྲོའུ་སན་རུང་སྡེ་ཚོགས་རྐང་ཚ་ཡན་ལག་ཀུང་སིའི་ནང་འཁེལ་འཐག་འཁོར་ཁང་གི་བཟོ་པ་བྱས་ཡོད། ཟླ་བ་རེ་ལ་སྒོར་སྟོང་གཉིས་དང་དྲུག་བརྒྱ་ལྷག་གི་ཡོང་སྒོ་བརྟན་པོ་ཡོད”ཅེས་སྔོན་ཆད་ཕྱུགས་རྫི་ཡིན་པའི་ཚེ་རིང་སྒྲོལ་མས་དེ་ལྟར་བཤད།
2014ལོར། རྐང་ཚ་རྫོང་གིས་ཞིང་ཆེན་རིམ་པའི་དབུལ་སྐྱོར་ཐོན་ལས་ཚོད་ལྟའི་དཔེ་སྟོན་ར་བའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། ལས་གཞི་འཛུགས་སྐྲུན་ལ་ལྟེ་གནས་ཁུལ་གཉིས་དང་དཔེ་སྟོན་ཁུལ་གསུམ་དུ་བཀར་ཡོད་ཅིང་། ཞིང་ཕྱུགས་ལས་ཚན་རྩལ་གྲུབ་འབྲས་སྤོ་བསྒྱུར་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན། བོད་མཁར་དམངས་སྲོལ་གོམས་གཤིས་ཡུལ་སྐོར་དང་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་བཅས་རིགས་ཆེན་པོ་བཞི་དང་འབྲེལ་ཡོད། བསྡོམས་པས་འཛུགས་སྐྲུན་ལས་གཞི་བཅུ་གཅིག་ཡོད་ལ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བདུན་འབུམ་དགུ་སྟོང་དགུ་ལྷག་བཏང་།
དབུལ་སྐྱོར་ཐོན་ལས་ར་བས“ལྟེ་གནས་ཁུལ་དང་དཔེ་སྟོན་ཁུལ། འགྱེད་འཕྲོ་ཁུལ”གྱི་ནུས་ལྡན་འབྲེལ་མཐུད་ལ་བརྟེན་ནས། དབུལ་སྐྱོར་ཐོན་ལས་ཀྱི“གནས། ཐིག ངོས”གསུམ་གྱི་སྐས་རིམ་འཕེལ་རྒྱས་ཀྱི་རྣམ་པ་དང་། ཁེ་ལས་དང་རྟེན་གཞི། དབུལ་ཕོངས་རོང་འབྲོག་པ་ཁྱིམ་ཚང་གི་ཐོན་ལས་མུ་འབྲེལ་གྱི་ཐོག་མའི་རྣམ་པ་ཆགས་པས། དཔེ་སྟོན་ར་བ་ནི་དབུལ་སྐྱོར་ཐོན་ལས་ལག་རྩལ་གསར་པ་སྡུད་ལེན་དང་དཔེ་སྟོན། སྤོ་བསྒྱུར་དང་ལག་རྩལ་གསོ་སྦྱོང་། ལག་རྩལ་འགྱེད་འཕྲོ་ཡི་སྟེགས་བུ་དང་དཔེ་མཚོན་ཁུལ་ལ་འགྱུར་དུ་བཅུག
མཁར་འབུམ་རྒྱལ་ནི་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་གྲས་རེད། སྦྲ་གུར་བཟོ་བའི་ལག་རྩལ་ཡོད་པའི “སྦྲང་ཆར་འཆར་གཞི”གསོ་སྦྱོང་འཛིན་གྲྭའི་སྟེང་རྫོང་གི་དབུལ་སྐྱོར་ཅུས་ཀྱི་ལས་བྱེད་མི་སྣས་ཤེས་ཏེ། དབུལ་སྐྱོར་ཐོན་ལས་དཔེ་སྟོན་ར་བ་རུ་གདན་དྲངས་བ་མ་ཟད། སྒོར་ཁྲི་གསུམ་གྱི་དབུལ་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་དང་། དེ་ནས་སྦྲ་གུར་བཟོ་བའི་ཀུང་སི་ཞིག་བཙུགས། མཁར་འབུམ་རྒྱལ་ལ་རིན་པ་མི་དགོས་པར་སྨི་གྲུ་བཞི་མ་ཉིས་བརྒྱ་ཡོད་པའི་བཟོ་གྲྭའི་ཁང་བ་གྱན་གཉིས་ཐོབ་པ་དང་། ད་ལྟ་ཁེ་ལས་སུ་བསྡོམས་པས་བཟོ་བ་བཅུ་གཉིས་ཡོད། ན་ནིང་ཁོས་ཐོན་སྐྱེད་བྱས་པའི་སྦྲ་གུར་སྟོང་གཅིག་དང་བཞི་བརྒྱ་བཙོངས་པ་དང་། ཁེ་ལས་ལ་སྒོར་འབུམ་གཅིག་དང་ཁྲི་གཅིག་གི་ཡོང་འབབ་ཐོབ་ཡོད།
མིག་སྔར། ཐོན་ལས་ར་བ་རུ་ཁེ་ལས་བརྒྱད་ཡོང་ནས་བཅའ་སྡོད་བྱས་ཤིང་། ཆེད་ལས་མཉམ་ལས་ཁང་ང་ལྔ་ཡོད། སྐྱེ་ཁམས་ཕྱུགས་ལས་ལྟེ་གནས་ཁུལ་དང་བོད་མཁར་དམངས་སྲོལ་གོམས་གཤིས་དཔེ་སྟོན་ར་བ། ལུ་གུ་ཐོན་ལས་རྟེན་གཞི་ལྔ། འབྲི་ཡི་འོ་མའི་རྟེན་གཞི་བརྒྱད་བཅས་བཙུགས་ཡོད།
2016ལོར། “དཔེ་སྟོན་ས་ཁུལ་འཛུགས་པ་དང་། རྐང་འཛིན་སྣེ་ཁྲིད། ཐོན་ལས་རོགས་སྐྱོར། རྟེན་གཞི་རྒྱ་བསྐྱེད། ཕན་འབྲས་སྤར་བ། ཞིང་ཁྱིམ་ལ་སྣེ་ཁྲིད་པ”བཅས་ཀྱི་རིགས་ལམ་ལྟར། རང་ཞིང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་བཏང་ནས། རྫོང་ཁག་ཉེར་དྲུག་ལ་དབུལ་སྐྱོར་ཐོན་ལས་ར་བ་བསྐྲུན།
ད་ལོར། རང་ཞིང་གིས་ཡང་བསྐྱར་རྫོང་ཁག་བཅུ་གསུམ་ལ་དབུལ་སྐྱོར་ཐོན་ལས་ར་བ་བསྐྲུན་པའི་ལས་གཞི་བཀོད་སྒྲིག་བྱས་ནས། དབུལ་ཕོངས་རྫོང་སོ་དགུ་ལ་དབུལ་སྐྱོར་ཐོན་ལས་ར་བ་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་ཁེབས་པར་བྱས། དེ་བས། ཞིང་ཆེན་ཡོངས་ཀྱི་ཐོན་ལས་ར་བ་བསྐྲུན་པའི་ལས་གཞིའི་ཁྲོད་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་ལ་སླེབས་ཤིང་། ས་གནས་སོ་སོས་དབུལ་སྐྱོར་མ་དངུལ་གྱིས་སྣེ་འདྲེན་བྱས་ཏེ། དཔེ་སྟོན་ས་ཁུལ་རེ་རེས་ཁེ་ལས་དང་དངུལ་རྩ། སྤྱི་ཚོགས་མ་དངུལ་སྡུད་ལེན་བྱས་པ་སྒོར་དུང་ཕྱུར་ལ་ཉེ་བ་ཡོད་ཅིང་། མ་རྐང་ལ་ཞུགས་ནས་ཁེ་སྤོགས་བགོ་བ་དང་མ་རྩའི་ཡོང་སྒོ། ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། མུ་མཐུད་དུ་དབུལ་ཕོངས་ཁྱིམ་ཚང་ལ་གཏན་འཇགས་ཀྱི་ཡོང་འབབ་ཐོབ་པར་བྱས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།