མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་ཞོལ་མ་ཞང་སོག་ཆེན་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་རེད། ཉིས་སྟོང་བཅུ་དྲུག་ལོར་སྡེ་བ་ཡོངས་སུ་ཁྱིམ་ཚང་ཉིས་བརྒྱ་དང་བཅུ་གཅིག་ཡོད་པ་དང་དེའི་ནང་གི་ཁྱིམ་ཚང་རེ་དྲུག་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་མི་གྲངས་ཉིས་བརྒྱ་དང་ཞེ་དགུ་ཡོད།
སྔོན་ཆད་ས་ནག་ཐང་ནི་མཛེས་པའི་རྩྭ་ཐང་དེའི་སྟེང་གི་རྨ་ཁ་ཞིག་དང་འདྲ་བར་ལོ་རེ་བཞིན་ཇེ་ཆེར་སོང་སྟེ་རྒྱ་ཁྱོན་མུའུ་ཁྲི་བཅུ་གསུམ་ལ་སླེབས་ཡོད།
ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། གོང་མ་ཞོལ་མ་ཞང་གིས་ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་ས་ནག་ཐང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱས་ཏེ། “སྐྱེ་ཁམས”ཕྱོགས་སུ་འབད་པ་བྱེད་ཅིང “ས་ནག་ཐང”དེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཡུག་པོ་འདེབས་པའི་རྟེན་གཞིར་བསྒྱུར་ཏེ་དབུལ་ཕོངས་འབྲོག་པའི“ནོར་གཞོང”ཞིག་ཏུ་གྱུར། ན་གཞོན་འབྲོག་པ་ཀུན་པོ་ཚང་ནི་ཡིག་ཚགས་དང་བྱང་བུ་བཙུགས་པའི་ཁྱིམ་ཚང་ཡིན་ལ་ཁྱིམ་མི་གསུམ་ཡོད།
ལོ་གསུམ་གྱི་སྔོན་དུ་ཁོ་ཚང་གི་རྩྭ་ས་ཞན་འགྱུར་གྱི་གནས་ཚུལ་ཚབས་ཆེན་དུ་གྱུར། གནས་ཚུལ་དེར་སྲིད་གཞུང་གིས་སེམས་ཁྲལ་བྱས་ཤིང་ཀུན་པོ་བཟའ་ཚང་གང་པོར་ཡང་སེམས་ཁྲལ་ཆེན་པོ་སྐྱེས། གོང་མ་ཞོལ་མ་ཞང་སྲིད་གཞུང་གིས་ཐེངས་གཅིག་གིས་མང་ཚོགས་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུའི་སེམས་ཐག་བཅད།
སོག་ཆེན་སྡེ་བས་རྩྭ་ར་འཁོར་རྒྱུག་གི་བྱེད་སྟངས་ལྟར། སྐྱེ་ཁམས་ཕྱུགས་ལས་གཟན་ཆས་འདེབས་པའི་རྟེན་གཞི་ཡོད་པའི་ཁྱིམ་ཚང་ཚང་མ་རྩ་འཛུགས་བྱས་ཏེ། གཅིག་གྱུར་སྒོས་འདེབས་པ་དང་གཅིག་གྱུར་སྒོས་སྡུད་ལེན། གཅིག་གྱུར་སྒོས་ཞབས་ཞུ་བྱེད་པ་བཅས་བྱས་ནས་ཡུག་པོ་འདེབས་པའི་ཕན་ནུས་འགན་སྲུང་ཅི་ཐུབ་བྱས།
ད་ལྟ་ཀུན་པོས་རང་ཁྱིམ་གྱི་ས་ནག་ཐང་མུའུ་སུམ་ཅུ་དེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་གཟན་ཆས་རྟེན་གཞིའི་ནང་བཞག་ཡོད། ཁོས “ངའི་ཆུང་མའང་མཉམ་ལས་ཁང་དུ་ཞུགས་ནས་ན་ནིང་གི་ཡོང་སྒོ་སྒོར་སྟོང་ལྔ་དང་ང་གཉིས་ལ་སླེབས། ཡོང་སྒོ་ཇེ་མང་དུ་སོང་བ་ལས་ངེད་ཚང་གི་རྩྭ་སའང་ལོ་རེ་བཞིན་ཇེ་བཟང་དུ་སོང”ཟེར།
ཀུན་པོས་ཡང“སྡེ་བ་ཡོངས་ཀྱི་ས་ནག་ཐང་མུའུ་སྟོང་བཞི་དང་ཉིས་བརྒྱ་ནི་ང་ཚོ་མི་བཞི་ཡིས་བཏབ་པ་ཡིན། གཞེས་ནིང་ལོར་ཞང་སྲིད་གཞུང་གིས་ང་ཚོ་སྡེ་བའི་ན་གཞོན་བརྒྱད་ལ་རྩྭ་འདེབས་འཕྲུལ་འཁོར་དང་བརྔོ་བསྡུའི་འཕྲུལ་འཁོར་སྐོར་བའི་ལག་རྩལ་སྦྱོང་དུ་བཅུག ད་ལྟ་ང་ལ་མཚོན་ན་ལོ་གཅིག་གི་ནང་དུ་སྒོར་ཁྲི་གཅིག་བཙལ་ཐུབ་པས། སྒོ་ཁའི་གཟན་ཆས་འདེབས་འཛུགས་རྟེན་གཞི་ནས་ལས་ཞུགས་ཀྱི་རེ་བ་དེ་མངོན་འགྱུར་བྱུང”ཟེར། རྩྭ་ས་ཇེ་བཟང་དུ་སོང་བས་ཡོང་སྒོ་ཇེ་མང་དུ་གྱུར་ཅིང་། ཀུན་པོ་ཚང་གི་འཚོ་བའང་དབྱར་མཚོ་རྒྱས་པ་ལྟར་ཉིན་རེ་བཞིན་ཇེ་བཟང་དུ་སོང་།
ཁ་བརྡ་བྱེད་སྒང་དུ་ཕྱུགས་རའི་ཟུར་ཞིག་ནས་བུད་མེད་ཅིག་གིས་འོ་མ་བཞོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཁོ་མོའི་མིང་ལ་ལྷ་རྩེད་ཟེར། ཁོ་མོའི་ཁྱིམ་དུ་བཟའ་མི་བཞི་ཡོད་པ་དང་། ཁོ་མོའི་ཁྱོ་བོས་དབུལ་སྐྱོར་ནོར་གནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ན་བྱ་བ་སྒྲུབ་བཞིན་འདུག་ལ། ཁོ་མོ་ཚང་ནི་མཉམ་ལས་ཁང་དུ་ཞུགས་པའི་དབུལ་ཕོངས་ཁྱི་ཚང་སོ་བདུན་ནང་གི་གཅིག་རེད། ན་ནིང་གི་ལོ་མཇུག་ཏུ་ཁེ་སྤོགས་སྒོར་སྟོང་ལྔ་ལྷག་བགོས་པ་རེད།
ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། གོང་མ་ཞོལ་མ་ཞང་ཏང་ཨུ་དང་ཞང་སྲིད་གཞུང་གིས“ཀྲི་པུའུ་དང་མཐུན་ཚོགས། འབྲོག་ཁྱིམ”བཅས་ཀྱི་འཕེལ་རྒྱས་དཔེ་དབྱིབས་ལྟར། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཅི་ཐུབ་བྱས་པ་དང་། དབུལ་སྐྱོར་ཆེད་དམིགས་མ་དངུལ་ལས་གཞི་བརྒྱུད་ནས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་བཞིན་ཡོད།
ལུང་མཚེ་སྡེ་བ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་དུ་ཆགས་ཡོད། བསྡོམས་པས་དུད་ཁྱིམ་ཉིས་བརྒྱ་དང་ང་ལྔ་དང་མི་གྲངས་བརྒྱད་བརྒྱ་དང་གསུམ་ཡོད། ཉིས་སྟོང་བཅུ་དྲུག་ལོར་དུད་ཁྱིམ་དོན་བདུན་དང་མི་གྲངས་ཉིས་བརྒྱ་དང་སོ་བཞི་ལ་གནད་ཁེལ་ངོས་འཛིན་བྱས་ཏེ་ཡིག་ཚགས་དང་བྱང་བུ་བཟོས། ངེས་གཏན་དབུལ་ཕོངས་སྡེ་བ་ཡིན་པར་མ་ཟད། ཉིས་སྟོང་བཅུ་དྲུག་ལོའི་རྫོང་ཡོངས་ཀྱི་དབུལ་ཐར་སྡེ་བ་ཐོག་མའང་རེད།
ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ཏེ་དུས་ཡུན་ལོ་ངོ་གཅིག་འགོར་བའི་ཉིན་མོ་དེ་ལ། གསར་འགོད་པ་ཡང་བསྐྱར་རྒྱུད་སྨད་གྲོང་རྡལ་གྱི་རྒྱང་རིང་ལུང་ཁུག་ཏུ་ཆགས་པའི་ལུང་མཚེ་སྡེ་བར་བཅར་འདྲིར་སོང་བ་ན། སྡེ་བ་དེའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་སྣང་དེ་ཚོར་བྱུང་།
འབྲུག་མཚོ་སྐྱིད་ཀྱིས“ད་ལྟ་ང་ལ་ཟླ་རེར་ཟླ་ཕོགས་སྟོང་གསུམ་ཡོད་སྟབས་ཁྱིམ་ཚང་གང་པོའི་ཉིན་རྒྱུན་གྱི་འགྲོ་གྲོན་ཐག་གཅོད་བྱས་ཏེ་ངེད་ཚང་གི་འཚོ་བའི་ཆ་རྐྱེན་ཡང་ལེགས་བཅོས་ངེས་ཅན་བྱས་སོང”ཟེར། ལོ་ཉེར་བཞི་ལ་སོན་པའི་ཁོ་མོ་ནི་རྒྱུད་སྨད་གྲོང་རྡལ་ལུང་མཚེ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་གི་མི་ཡིན། སྔོན་ཆད་ཁྱིམ་ཚང་གང་པོའི་འཚོ་རྟེན་ནི་ཕྱུགས་ཟོག་ལས་གཞན་གང་ཡང་མེད་སྟབས། འཚོ་བར་ཧ་ཅང་དཀའ་ཁག་ཆེ། ད་ལོའི་ཟླ་བཞི་པར་རྒྱུད་སྨད་གྲོང་རྡལ་ལུང་མཚེ་སྡེ་བའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ར་བའི་གསེར་མདོག་ཁྱིམ་གཞིས་ཆང་ཁང་གི་ཚོང་སྒོ་ཕྱེས་པ་ནས་བཟུང་། འབྲུག་མཚོ་སྐྱིད་རང་སྡེ་བའི་ཧྲུའུ་ཅི་དང་པོའི་ངོ་སྤྲོད་བྱས་པ་བརྒྱུད་ཆང་ཁང་གི་ཞབས་ཞུ་པར་གྱུར། དེ་ནས་ཟླ་ངོ་གསུམ་གྱི་རིང་ལ་སྒོར་ཁྲི་གཅིག་ལོན་པར་མ་ཟད། ལོ་མཇུག་ལ་ད་དུང་སྒོར་སྟོང་གཅིག་དང་དྲུག་བརྒྱ་ང་གཉིས་ཀྱི་ཐོབ་ཆ་བགོ་རྒྱུ་ཡོད།
རྒྱུད་སྨད་གྲོང་རྡལ་ནི་རྫོང་མཁར་དུ་ཆགས་ཡོད་སྟབས། འགྲིམ་འགྲུལ་ཐད་དགེ་མཚན་ལེགས་པོ་ལྡན། ལོ་འདི་འགའི་རིང་ལ་རྫོང་མཁར་དུ་ཡོང་བའི་ཡུལ་སྐོར་པའི་གྲངས་འབོར་ཇེ་མང་དུ་སོང་སྟབས། དབྱར་དུས་སུ་ཐོན་པ་ན“མགྲོན་ཁང་མི་རྙེད་པ”ཡི་སྣང་ཚུལ་འབྱུང་ངེས།
ཚོང་རྒྱག་པའི་གོ་སྐབས་དེ་མཐོང་རྗེས། ལུང་མཚེ་སྡེ་བས་ཉིས་སྟོང་བཅུ་དྲུག་ལོའི་རྫོང་ཡོངས་ཀྱི་རིགས་མི་འདྲ་བའི་མ་དངུལ་སྒོར་ཁྲི་བཞི་བརྒྱ་དང་ཉེར་བཞི་ཧྲག་སྡེབ་བྱས་ཏེ་རྫོང་མཁར་དུ་མགྲོན་ཁང་དང་བཟའ་བཏུང་། རླངས་འཁོར་ཞིག་གསོ་དང་རླངས་འཁོར་བཀྲུ་ས་བཅས་གཞི་གཅིག་ཏུ་གྲུབ་པའི་རྒྱུད་སྨད་གྲོང་རྡལ་ལུང་མཚེ་སྡེ་བའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་ར་བ་བཙུགས།
ཐོན་ལས་ར་བ་བཙུགས་རྗེས། ལུང་མཚེ་སྡེ་བའི་དབུལ་ཕོངས་དུད་ཁྱིམ་ཞེ་གཉིས་དང་མི་གྲངས་བརྒྱ་དང་ཉེར་གཅིག་ནི་ཐོན་ལས་ར་བའི་ཁེ་བཟང་ཐོབ་ཆ་བགོ་བའི་གྲས་སུ་བཞག་པ་དང་། ལོ་རེར་རིན་གོང་སྒོར་ཁྲི་སུམ་བཅུ་ཡིས་ཐོན་ལས་ར་བ་ཕྱི་རུ་འགན་གཙང་ལེན་བྱེད་དུ་བཅུག ཐོན་ལས་གླིང་གི་ནང་དུ་ཡོད་པའི་གསེར་མདོག་ཁྱིམ་གཞིས་ཀྱིས་ད་དུང་ཁྱིམ་ཚང་དབུལ་ཕོངས་ཡིན་པའི་མི་ལྔ་གདན་ཞུ་བྱས་ཏེ་དེ་རུ་ཞབས་ཞུ་པ་བྱེད་དུ་བཅུག་པ་དང་། ཟླ་རེར་ཟླ་ཕོགས་སྟོང་གཉིས་དང་ལྔ་བརྒྱ་ནས་སྟོང་གསུམ་ཡོད་པ་རེད།
དར་ལག་རྫོང་ནི་མཐོ་སྒང་ས་ཆར་གནས་པ་དང་ས་བབ་མཐོ་ཞིང་གྲང་ལ། དབྱང་དབུགས་དཀོན་སྟབས་སྔོ་ཚོད་འདེབས་འཛུགས་བྱེད་ཀྱིན་མེད། ཤིང་ཏོག་སྔོ་ཚོད་བཅས་ནི་གཙོ་བོ་ཟི་ལིང་ནས་འདྲེན་བཞིན་ཡོད་སྟབས། སེ་པན་སོགས་ཀྱི་སྔོ་ཚོད་རིན་གོང་ཅུང་མཐོ་བ་རེད།
ཚོང་རའི་སྣང་ཚུལ་དེར་དམིགས་ནས་ཉིས་སྟོང་བཅུ་དྲུག་ལོར་ལུང་མཚེ་སྡེ་བས་དུད་ཁྱིམ་དགུ་ཡི་བསྡོམས་པས་མི་སོ་གཅིག་རྩ་འཛུགས་བྱས་ཏེ་དུད་ཁྱིམ་རེའི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་སྟོང་དྲུག་དང་བཞི་བརྒྱ་སྤྱད་དེ། དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་གྱི་རྨ་ཆུ་ཟམ་ཁའི་ཤར་ལྷོའི་མཚམས་སུ་དྲོད་ཁང་བཞི་བསྐྲུན་ཏེ་ལུང་མཚེ་སྡེ་བའི་དབུལ་སྐྱོར་སྔོ་ཚོད་རྟེན་གཞི་བཙུགས། དེ་ནས་སྔོ་ཚོད་དྲོད་ཁང་དེ་ཉིད་ལག་རྩལ་ལྡན་ལ་དོ་དམ་བྱེད་ཤེས་པའི་མི་ལ་འགན་གཙང་ལེན་བྱེད་དུ་བཅུག་སྟེ་སྔོ་ཚོད་དྲོད་ཁང་གི་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆའི་བཞི་བཅུ་ནི་དབུལ་ཕོངས་དུད་ཁྱིམ་ལ་བགོས་པ་དང་། ལོ་རེར་མི་རེའི་ཡོང་འབབ་སྒོར་དྲུག་བརྒྱ་གོ་དགུ་བགོ་རྒྱུ་ཡོད་པ་རེད།
ཉིས་སྟོང་བཅུ་དྲུག་ལོར་རྒྱུད་སྨད་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས“འབྲེལ་གཏུག་གསུམ་དང་བྱེད་པ་བཞི”ཡི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་བརྟག་དཔྱད་བྱེད་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་ཟིན་པའི་དུད་ཁྱིམ་དང་། ཡིག་ཚགས་དང་བྱང་བུ་ད་དུང་བཟོས་མེད་པའི་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་འདྲི་རྩད་བྱེད་སྐབས། ལུང་མཚེ་སྡེ་བ་རུ་ཁང་པ་མེད་པ་དང་ཁང་པ་ལོག་ཉེན་ཡོད་པའི་དུད་ཁྱིམ་བསྡོམས་པས་སུམ་བཅུ་ཡོད་ལ། སྡེ་དམངས་བསྟན་དར་ཚང་ནི་དེའི་གྲས་ཀྱི་གཅིག་ཡིན་པ་ཤེས།
བསྟན་དར་ད་ལོར་ལོ་ཞེ་བདུན་ཡིན་ལ། ལོ་བཅུའི་སྔོན་ལ་ཁོའི་བུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་གི་དབང་གིས་ཚེ་ལས་འདས། བུའི་ཕྱོགས་སུ་འདས་མཆོད་སྒྲུབ་ཆེད་བསྟན་དར་གྱིས་ཁྱིམ་གྱི་སྒོ་ཟོག་སྐོར་ཞིག་བཙོངས་པ་དང་། ཅུང་མ་འགོར་བར་ཁོ་རང་ཉིད་ལ་ནད་ཐོག་སྨན་བཅོས་བྱེད་དགོས་པའི་རྐྱེན་གྱིས་ཁྱིམ་གྱི་སྒོ་ཟོག་ཡོད་ཚད་བཙོངས་པ་རེད། ཁང་པ་ཡང་ལོ་གང་མང་ཞིག་འགོར་ཡོད་པའི་ཁར་ཞིག་གསོ་མ་བྱས་པའི་རྐྱེན་གྱིས་བརྡིབས་པ་རེད། དེ་རྗེས་བསྟན་དར་གྱིས་གཞན་གྱི་ཁང་པ་གླས་ནས་བསྡད་པར་མ་ཟད། ཕྱི་བུན་དང་དངུལ་ཁང་གི་དངུལ་བུན་སྒོར་ཁྲི་བརྒྱད་ཆད་ཡོད་པ་རེད།
ཉིས་སྟོང་བཅུ་དྲུག་ལོར་ལུང་མཚེ་སྡེ་བར་གནས་གཞན་དུ་སྤོ་བའི་དབུལ་སྐྱོར་ལས་གཞི་ལག་བསྟར་བྱེད་སྐབས། བསྟན་དར་ནི་ལས་གཞི་དངོས་འབེབས་བྱེད་ས་ཡིན་པར་ངོས་བཟུང་། ལས་གཞི་སྤེལ་ཡུལ་གྱི་ལུང་མཚེ་སྡེ་བ་གསར་པ་རུ་ཁོ་ལ་སྡོད་ཁང་ལས་པ་དང་ཆབས་ཅིག་བསྟན་དར་ནི་སྐྱེ་ཁམས་དོ་དམ་པར་གཏན་འཁེལ་བྱས་པ་རེད། ཟླ་རེར་ཟླ་ཕོགས་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་པ་དང་། ལོ་རེའི་རྩྭ་ཐང་གི་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་སྟོང་གཉིས་བརྒྱད་བརྒྱ་བསྣན་ན་བསྟན་དར་གྱི་ཡོང་འབབ་སྔར་ལས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པ་རེད།
རྩོམ་སྒྲིག་པ། སྐར་མ་མཚོ།