ཕྱུགས་ལས་བསྐྱུར་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་བསྐྲུན།
2017.09.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

“ད་ལྟ་ང་ཚོ་འབྲོག་པ་མིན་པར་ཚོང་དཔོན་ཡིན”མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྗོང་ཝ་མགྱོགས་ཞང་མདའ་བཞི་སྡེ་བའི་རྒན་པ་རྒྱ་མཚོ་དགུང་ལོ་བགྲེས་ཤིང་མི་ཚེའི་ཕྱེད་ལ་འབྲོག་པའི་འཚོ་བ་རོལ་བ་དང་། ད་ལྟ་ལས་སྐྲུན་བྱེད་པའི་“ཚོང་དཔོན་ཆུང་ཆུང”ཞིག་ཏུ་གྱུར་ཡོད། ཝ་མགྱོགས་ཞང་མདའ་བཞི་སྡེ་བ་ནི་ས་གནས་དེར་མིང་དུ་གྲགས་པའི་རྗེས་ནས་ཆགས་པའི་སྡེ་བ་ཞིག་ཡིན་པས། རྩྭ་ར་ཆུང་བ་དང་ནོར་ལུག་ཉུང་བ། རྩྭ་ཐང་གི་སྐྱེ་ཁམས་སྔོན་དང་བསྡུར་ན་ཐབས་མེད་པ་བཅས་ཀྱིས་ཇི་ལྟར་ཕྱུག་བསྒྱུར་བྱེད་པ་ནི་སྡེ་བའི་དེའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། ད་ལོར་མདའ་བཞི་སྡེ་བའི་འབངས་མིས་བདེ་སྐྱིད་ཀྱི་རེ་བ་མཐོང་ཐུབ་སོང་།

ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བའི་ཚེས་བརྒྱད་ཉིན། མདའ་བཞི་སྡེ་བའི་མདའ་བཞི་ལྷ་ཆུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཚོང་ཁང་དགའ་སྟོན་རྟེན་འབྲེལ་གྱི་ཤོག་སྦག་གད་སྒྲའི་ཁྲོད་ཧེ་ཡན་རྫོང་གི་ཁྲོམ་སྲང་ནས་གཟབ་རྒྱས་ངང་ལས་སྒོ་ཕྱེ་ཞིང་། ཉིན་མོ་དེས་མདའ་བཞི་སྡེ་བའི་འབྲོག་པ་མང་ཚོགས་མང་ཆེ་བས་སྲོལ་རྒྱུན་གྱི་ཕྱུགས་ལས་བསྐྱུར་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་བསྐྱོད་པ་མཚོན།དགའ་འོས་པའི་འགྱུར་ལྡོག་དེས་རྒན་པ་རྒྱ་མཚོར་འདས་དོན་མང་པོ་ཞིག་གི་དྲན་པ་བསླངས་ཏེ“སྔོན་ཆད་ཀྱི་འཚོ་བ་ཕྱུག་པོ་མིན་རུང་ཚང་མས་ཕྱུགས་བཀག་ལྗང་བསྒྱུར་བྱེད་པ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་ཤེས་ཏེ། སྲིད་ཇུས་དང་ལེན་གང་ལེགས་བྱས་མོད། འཚོ་རྟེན་གྱི་ཡོང་ཁུངས་སྔར་ལས་དཀའ་བར་གྱུར། ”

མདའ་བཞི་སྡེ་བའི་དཀའ་ཁག་མཐོང་འཕྲལ། ཝ་མགྱོགས་ཞང་སྲིད་གཞུང་གི་ལས་བྱེད་པ་རྣམས་སྡོད་མི་བཟོད་པར་གྱུར་ཅིང་། ཡོང་འཕར་གྱི་ཐབས་ལམ་ཇེ་ཉུང་སོང་བས། འབྲོག་པའི་འཚོ་བ་ཇི་ལྟར་ཇེ་ལེགས་སུ་གཏོང་དགོས་སམ་ཞེས་འདང་རྒྱག་གི་རྒྱ་རུ་ཚུད། “འབངས་མིའི་དཀའ་ཁག་ང་ཚོའི་ང་ཚོས་མངོན་སུམ་གྱིས་མཐོང་ཐུབ། ན་ནིང་ནས་བཟུང་སྟེ་ང་ཚོས་ཕྱོགས་མང་པོར་མཐུན་སྦྱོར་བྱས་ཏེ། རྫོང་ཡོངས་ནས་དབུལ་སྐྱོར་ཐོན་ལས་ར་བ་གཅིག་པུ་དེ་སྡེ་བའི་ནང་དངོས་འབེབས་བྱས་པ་ཡིན”ཞེས་ཞང་ཏང་ཨུའི་ཧྲུའུ་ཅི་སངས་རྒྱས་ཀྱིས་དེ་ལྟར་བཤད། ཞོ་སྙོལ་དང་ཚེམས་བཟོ་ཁང་ཡོད་པ་དང་། ད་ལྟ་མདའ་བཞི་སྡེ་བའི་དབུལ་སྐྱོར་ཐོན་ལས་ར་བར་ཚང་མ་བྲེལ་འཚུབ་ཀྱིས་ཁེངས་འདུག ཉིས་སྟོང་བཅུ་དྲུག་ལོར་ཝ་མགྱོགས་ཞང་མདའ་བཞི་སྡེ་བའི་དབུལ་སྐྱོར་ཐོན་ལས་ར་བ་བཙུགས་ཏེ་ཐོན་སྐྱེད་བྱེད་མགོ་བརྩམས་ཤིང་། ཞོ་དང་ཤ་སྐམ་སོགས་བཙོངས་ནས་དུས་ཡུན་ཟླ་བ་བཞི་ཡི་རིང་ལ་ཡོང་སྒོ་རྐྱང་བ་སྒོར་ཁྲི་ལྔ་བླངས། རྫོང་ཡོངས་ཀྱི་དབུལ་སྐྱོར་ཐོན་ལས་ར་བ་གཅིག་པུ་དེ་ང་ཚོའི་སྡེ་བར་བཙུགས་པ་དང་། སྒོར་མོ་ཡང་སྤར་མོ་གང་རེ་གང་བྱས་ནས་ཁུག་མའི་ནང་དུ་འཇུག་ཐུབ་ཅེས་རྒྱ་མཚོས་དགའ་སྤྲོའི་ངང་བཤད།  སྒོར་ཁུག་ནི་འབངས་མིའི་སྲོག་དང་འདྲ་བས། འཕེལ་རྒྱས་དལ་ཞིང་དཀའ་ཁག་མང་པོར་འཕྲད་པའི་མདའ་བཞི་སྡེ་བར་མཚོན་ན། འབྲོག་པ་ཚོ་མི་རབས་ནས་མི་རབས་བར་གྱི་འབྲོག་ལས་བསྐྱུར་ཏེ། སྐྱེ་ཁམས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་སུ་བཅུག་པ་ནི་ནུས་པ་དང་ལྡན་པའི་ཕྱུག་བསྒྱུར་གྱི་ལམ་བུ་ཞིག་ཡིན་པ་སྨོས་མ་དགོས།རྫོང་ནས་ལོ་རེར་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ས་ཡ་གཉིས་བྱིན་ཏེ། ཤུགས་ཡོད་ཚད་ཀྱིས་ཝ་མགྱོགས་ཞང་དུ་མྱུར་དུ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས། མང་ཚོགས་ཐུན་མོང་བློ་གྲོས་ཐོག་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཡོད་པས། ང་ཚོས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་རིགས་ལམ་རྒྱ་བསྐྱེད་དེ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བས། མདའ་བཞི་སྡེ་བའི་ཐུན་མོང་དཔལ་འབྱོར་དེ་མེད་པ་ནས་ཡོད་པར་འགྱུར་བ་དང་། ཞན་པ་ནས་སྟོབས་ལྡན་དུ་འགྱུར་བ་མངོན་འགྱུར་བྱས་ཞེས་ཧེ་ཡན་རྫོང་ཝ་མགྱོགས་ཞང་གི་ཞང་ཏང་ཨུ འི་ཧྲུའུ་ཅི་སངས་རྒྱས་རྒྱལ་གྱིས་བཤད།

མདའ་བཞི་ལྷ་ཆུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཚོང་ཁང་ལས་གཉེར་བྱས་པ་དེས། མདའ་བཞི་སྡེ་བའམ་ཞང་དབུལ་སྐྱོར་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་གོམ་པ་སྤོས་མ་མཚོན། སངས་རྒྱས་ཀྱིས་མཚམས་སྦྱོར་བྱས་དོན། ཉིས་སྟོང་བཅུ་དྲུག་ལོར་དབུལ་སྐྱོར་ཐོན་ལས་ར་བ་ཡིས་དབུལ་ཕོངས་ཁྱིམ་ཚང་ཉེར་དྲུག་གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། ཚོང་ཁང་ལས་གཉེར་་བྱས་པ་དེས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་བྱས་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས་ཡང་ཇེ་ཆེར་བཏང་སྟེ། དབུལ་སྐྱོར་མཁྲེགས་གཏོར་བྱེད་པར་རྨང་གཞི་བརྟན་པོ་བཏིང་།“ ང་ཚོས་ཡང་འབད་བསྐྱར་འབད་བྱས་ཏེ། མདའ་བཞི་སྡེ་བས་སྔ་མོ་ནས་དབུལ་ཕོངས་སྡེ་བའི་ཞྭ་མོ་ཕུད་པར་ཤུགས་གང་ཡོད་འདོན་རྒྱུ་དང་། སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་ ཚང་མ་མཉམ་དུ་ཕྱུག་བསྒྱུར་འཕེལ་རྒྱས་སུ་གཏོང་རྒྱུ”ཞེས་སངས་རྒྱས་རྒྱལ་གྱིས་ཡིད་ཆེས་ཀྱིས་ཁེངས་ཏེ་དེ་ལྟར་བཤད་བྱུང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་རྟེན་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། ལྗང་མདོག་སྒུལ་ཤུགས་ཀྱིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཕྱུག་བསྒྱུར་གྱི་བགྲོད་ལམ་གསར་བར་སྐུལ་འདེད་གཏོང་བཞིན་ཡོད། ད་ལྟའི་མདའ་བཞི་སྡེ་བར་གནས་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་བ་དེས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་མངོན་པར་མཚོན་ཡོད།།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།