གཅིག མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནན་ཏན་སྒོས་སྤེལ་བ།
ཉེ་བའི་ལོ་འདི་འགར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་པ་དང་། ཐོག་མཐར་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ལས་འགན་དང་པོར་བཞག་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མུ་མཐུད་དུ་ཤུགས་སྣོན་དང་། ནུས་ཤུགས་ཡོད་རྒུས་རི་ཆུ་མཛེས་ཤིང་ཆུ་བོ་དྭངས་བའི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་བསྐྲུན།
མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གྱི་བྱ་སྤྱོད་འཆར་འགོད་དང་། མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འབེབས། མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དམིགས་འབེན་བྱ་བའི་དཔྱད་ཞིབ་ཐབས་ལམ་སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ལམ་ལུགས་མ་ལག་རིམ་བཞིན་ཆགས་པར་བྱས།
དུས་མཚུངས་སུ། མཚོ་ནུབ་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། ཐབས་ལམ་མང་པོ་སྤྱད་དེ་མ་དངུལ་བསྡུ་རུབ་བྱེད་པ་དང་། ཤུགས་ཆེན་པོས་ཁོར་ཡུག་སྲུང་སྐྱོབ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་བཏང་སྟེ་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཤུགས་བསྣན། རོང་འབྲོག་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་དང་། འགྲིམ་འགྲུལ་ལམ་རྒྱུད། ཡུལ་སྐོར་ལྗོངས་ཁུལ་དང་ཉེ་འཁོར་གྱི་ཁོར་ཡུག་བཅས་ལ་ལེགས་བཅོས་ཐོབ། མཚོ་ནུབ་ཁུལ་གྱིས་ཁྱབ་ཁོངས་གཙོ་བོའི་སྦགས་བཙོག་སྔོན་འགོག་བྱ་བའི་ཐད་ཤུགས་སྣོན་བྱས་ཏེ། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་སོགས་ཀྱི་བཙོག་སྐྱོན་བཅོས་སྐྱོང་ འཆར་གཞི་ལག་བསྟར་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་བཏང་སྟེ། བཟོ་ལས་གཅིག་བསྡུས་ཁུལ་གྱི་བཅོས་སྐྱོང་བྱ་བར་ཤུགས་བསྣན།
དེ་ལས་གཞན། མཚོ་ནུབ་ཁུལ་གྱིས་ཁེ་ལས་མང་པོའི་ནུས་ཁུངས་གྲོན་ཆུང་གི་ཐཱན་ཉུང་བྱ་འགུལ་ཧུར་ཐག་གིས་སྤེལ་ཏེ། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་ལག་རྩལ་ཡར་རྒྱས་དང་ཚན་རྩལ་གསར་སྐྲུན་ཐད་ཀྱི་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་ཏུ་བཏང་།
གཉིས། གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ནན་ཏན་སྒོས་སྤེལ་བ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་བྱེད་པ་ནི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མགོ་རྩོམ་ས་གསར་བ་ཡིན། བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོར་སྤྱི་བསྡོམས་དང་ཡུན་ཕན་ནང་རྐྱེན་འཛུགས་པ། རྒྱུན་མཐུད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ། ལྗང་མདོག་འཕེལ་རྒྱས་བྱེད་ཐབས་དང་ལྗང་མདོག་འཚོ་བའི་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཟང་བོ་དེ་སྒྱུར་བ་བཞིའི་ཤུགས་འདོན་སར་བྱེད་དགོས་ཟེར།
གཏེར་ལེན་ཁ་གྲོང་ཁྱེར་ལྟ་སྐུལ་ལས་དོན་ཚོགས་པས་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་གཞིགས་ཏེ། ལེགས་སྒྲིག་བཅོས་སྐྱོང་ལ་གྲུབ་འབྲས་ཡོད་པ་དང་། དོ་དམ་ལ་ཆུ་ཚད་ལྡན་པ། ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཀྱི་སྤྱིའི་བླང་བྱ་ལྟར། གཙོ་བོ་གྲོང་བརྡལ་དང་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་སྤྱིའི་ཁོར་ཡུག་རྣམ་པ། ཚོང་རའི་སྒྲིག་རིམ། འགྲིམ་འགྲུལ་སྒྲིག་ལམ་སོགས་ཀྱི་ཐད་ལ་དག་སྒྲིག་བྱས་པ་དང་། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་། ཆེས་ཐད་ཀའི་ཁོར་ཡུག་གནད་དོན་ཐག་གཅོད་བྱས་ཏེ། གྲུབ་འབྲས་ལེགས་པོ་ཐོབ།
གཏེར་ལེན་ཁ་གྲོང་ཁྱེར་གྱིས་སྡེ་བ་དང་ཞང་། གྲོང་བརྡལ་གྱི་སྲང་ལམ། གཞུང་ལམ་གཙོ་བོ། དེ་མིན་རྒྱལ་ལམ་དང་ཞིང་ཆེན་གྱི་ལམ་སོགས་གཙོ་བོར་བཟུང་སྟེ། ད་ཡོད་ཀྱི་གྲུབ་འབྲས་མཐོར་འདེགས་གཏོང་བའི་རྨང་གཞིའི་སྟེང་། ཞང་དང་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་རྒྱ་ཆེར་སྤེལ།
ཁྲིམས་འགལ་ངང་རླངས་འཁོར་སྣ་ཚོགས་གང་སར་འདུག་པ་དང་ལམ་བཀག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱས་པ་དང་། གཞུང་ལམ་སྒེར་འཛིན་བྱེད་པའི་སྣང་ཚུལ་སོགས་ལ་རྩད་གཅོད་ནན་མོ་བྱས་ཏེ། མང་ཚོགས་ལ་སྟབས་བདེ་ཞིང་བདེ་འཇགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ཚད་ལྡན་ཅན་གྱི་ཚོང་ར་བསྐྲུན་པའི་རྩ་དོན་ལྟར་དུ། གང་སར་ཚོང་བཤམས་ཏེ། བགྲོད་ལམ་བཀག་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་འཚེ་ཐེབས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
གྲོང་ཁུལ་དང་ལྗོངས་ཁུལ། འགྲིམ་འགྲུལ་ལམ་རྒྱུད་སོགས་ཀྱི་སྒྲིག་འགལ་འཛུགས་སྐྲུན་གཙོར་བཟུང་ནས་དག་སྒྲིག་བྱས་པ་དང་། གཅིག་བསྡུས་སྒོས་གྲོང་བརྡལ་དང་སྲང་ལམ་གྱི་མི་ལེགས་པའི་གནད་དོན་ལེགས་སྒྲིག་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས།
གསུམ། ཐེམ་ཆེན་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱ་བར་གྲུབ་འབྲས་ཡག་པོ་བླངས་པ།
ཐེམ་ཆེན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱ་བ་གཙུགས་སུ་བཟུང་སྟེ། སྡེ་ཁག་སོ་སོས་དུས་ལྟར་ལག་བསྟར་དང་དུས་ལྟར་བཅོས་བསྒྱུར་བྱེད་པ་རྒྱུན་འཁྱོངས་དང་། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་ལྟ་ཞིབ་བཅོས་བསྒྱུར་བྱ་བར་སྐུལ་འདེད་བྱས་ཏེ་ཕན་འབྲས་མངོན་གསལ་བླངས།
མིག་སྔའི་བར་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་གཅིག་ལྷག་བཏང་སྟེ་ནགས་སྐྲུན་རྩྭ་འདེབས་དང་ཕྱུགས་རྩྭ་འདེབས་པ་སོགས་ཀྱི་བྱ་བ་སྤེལ་ཏེ་ལྗང་བསྒྱུར་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་འབུམ་ལྔ་ཁྲི་བདུན་ལྷག་ཏུ་སླེབས་ཡོད། ཤུགས་ཆེན་པོས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་མཁར་གྲོང་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་བཏང་། རྫོང་དང་མཁར་གྲོང་མཐའ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་ཆུ་ཚད་དང་དཔལ་ཡོན་གཙང་སྤྲའི་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། མུ་མཐུད་དུ་དྭངས་གཙང་དང་གྲལ་དག དཔལ་ཡོན། ཚད་ལྡན་བཅས་ཀྱི་འཚོ་བའི་ཁོར་ཡུག་ཅིག་སྐྲུན།
གྲོང་བརྡལ་གསུམ་དང་ཞང་བདུན་གྱི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱེད་ཆེད། འབྲེལ་ཡོད་སྡེ་ཁག་གིས་དུས་བཅད་ལྟར་ཞང་གྲོང་མཐའ་འཁོར་གྱི་གད་སྙིགས་གཙང་སེལ་བྱས། དེ་དང་མཉམ་ཏུ་ཞང(གྲོང་བརྡལ)དང་སྡེ་བ། ཁྱིམ་ཚང་བཅས་ཀྱིས་མཉམ་འབྲེལ་སྒོས་ལས་ཁུངས་ཀྱི་ལས་བཟོ་བ་དང་ཏང་ཡོན་ལས་བྱེད་པ། འབྲོག་པ་མང་ཚོགས་རྩ་འཛུགས་བྱས་ཏེ། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ། ཞང་དང་གྲོང་བརྡལ། སྡེ་བའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་བཏང་སྟེ། མཁར་གྲོང་གི་ཁོར་ཡུག་རྣམ་པ་དང་སྡོད་ཁུལ་གྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བྱིན།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་འཛུགས་སྐྲུན་བྱ་བ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆབ་སྲིད་ལས་འགན་དང་པོར་བརྩིས་ནས་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་ཡུག་གནད་དོན་བཅོས་སྐྱོང་བྱེད་པའི་བླང་བྱ་གཞིར་བཟུང་སྟེ། ཁྱོན་ཡོངས་ནས་ཁེ་ལས་བཅོས་སྐྱོང་བྱེད་པའི་རྨང་གཞིའི་སྟེང་། སྣེ་ཁྲིད་ལས་ཁུངས་དག་གིས་ཁེ་ལས་གཙོ་བོར་གཏིང་ཟབ་ཀྱིས་སྐུལ་འདེད་བྱས་ཏེ་གཅིག་བསྡུས་ཀྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ། རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལིས་ནུས་ཁི་གཏེར་ཁུལ་དང་ཞའོ་ཧུའུ་ལིས་གཏེར་ཁུལ་སོགས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས། གནད་དོན་དང་མི་འདང་ས་ཁྱོན་ཡོངས་ནས་འཚོལ་ཞིབ་བྱས་ཏེ། ཁེ་ལས་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་བསམ་པའི་ངེས་ཤེས་ཇེ་མཐོར་བཏང་སྟེ་དུས་བཅད་ལྟར་ཁོར་ཡུག་བཅོས་སྐྱོང་བྱ་བ་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།
བཞི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྟོབས་ཤུགས་ཡོད་དགུས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་བཏང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཀྱིས་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་དང་བརྟན་འཇགས་སྒོས་རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་ནང་རྐྱེན་ལ་སྐུལ་འདེད་བཏང་བ་དང་། རྒྱུན་མཐུད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་ལ། ཐོན་ཁུངས་འཁོར་སྐྱོད་བཀོལ་སྤྱོད་ལ་ཤུགས་སྣོན་དང་རྒྱུན་ཆད་མེད་པར་ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་བྱེད་ཚད་ཇེ་ཆེར་བཏང་སྟེ། ནུས་ཡོད་སྒོས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས་སྐོར་གསར་བའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཏེ། ཧུར་ཐག་གིས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་པར་སྐུལ་འདེད་བཏང་བ་དང་། ལས་གཞི་གཙོ་བོ་ལག་བསྟར་དང་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས། མིག་སྔའི་བར། མཚོ་བྱང་ཁུལ་གྱིས་རྩྭ་ར་སྟོང་རྨིད་གྲུ་བཞི་མ་སྟོང་བདུན་དང་བརྒྱད་བརྒྱ་རེ་དྲུག་གི་ནང་དུ་ཕྱུགས་འཚོ་བ་གཏན་འགོག་བྱས་པ་དང་། འབྲོག་ཁྱིམ་ཁྲི་བཞི་དང་སྟོང་བརྒྱད་བཞི་བརྒྱ་རེ་གཉིས་ཀྱི་འབྲོག་པ་མང་ཚོགས་འབུམ་གཉིས་དང་ཁྲི་གཉིས་ལ་བསྡོམས་པས་བྱ་དགའི་ཁ་གསབ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་ལྔ་ལྷག་བྱིན་པ་དང་། ཁྱིམ་ཚང་རེ་རེས་ཆ་སྙོམས་ཀྱིས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་སྒོར་སྟོང་བཞི་དང་ཉིས་བརྒྱ་སོ་གཉིས་ལོངས་སྤྱོད་བྱེད་བཞིན་ཡོད་ལ། ནུས་ཡོད་སྒོས་རྩྭ་ཐང་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོབ་བྱས།
དེ་དང་མཉམ་དུ། མཚོ་བྱང་ཁུལ་གྱིས་རྒྱུན་ཆད་མེད་པར་ཚན་རྩལ་བཀོལ་སྤྱོད་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ་ཞིང་ལས་ཀྱི་བཙོག་བཟོ་འགོག་བཅོས་ཆུ་ཚད་མཐོར་འདེགས་བཏང་པར་མ་ཟད། ཕྱུགས་ཟོག་དང་ཁྱིམ་བྱའི་བཙོག་བཟོ་འགོག་བཅོས་བྱས་ཏེ་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔར། མཚོ་བྱང་ཁུལ་གྱི་གསོ་སྤེལ་ཁང་ཉིས་བརྒྱ་སོ་གཅིག་གིས་རྣམ་པ་གསར་བའི་བཤང་གཅི་གཙང་བཤེར་བྱེད་ཐབས་བཀོལ་སྤྱོད་བྱེད་བཞིན་ཡོད་པར་མ་ཟད། རང་བྱུང་སྲུང་སྐྱོབ་ཁུལ་དང་མཚོ་སྔོན་པོའི་མཐའ་སྐོར་གྱི་གསོ་སྤེལ་ཁང་ཞེ་གསུམ་གྱི་ཁོར་ཡུག་བཙོག་བཟོར་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བར་ཤུགས་སྣོན་བཞིན་ཡོད།
ལྔ། ཆི་ལེན་རྫོང་གིས་བཟའ་བཏུང་ལས་རིགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་སྤེལ།
བཟའ་བཏུང་ནི་འཚོ་བའི་ཐད་ནས་མེད་དུ་མི་རུང་བ་གཙོ་བོ་ཞིག་ཡིན་ལ། མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་རེད། དེ་མིན། ཁོར་ཡུག་བཅོས་སྐྱོང་གི་གཙོ་གནད་དང་གནད་དོན་འབུར་ཐོན་ཞིག་ཀྱང་ཡིན་པ་རེད། མདོ་ལ་རྫོང་གིས་ཀྲུང་དབྱང་སྐོར་ཞིབ་ཚོགས་པས་སྐོར་ཞིབ་ལས་འགུལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། དགོང་མོའི་བཟའ་བཏུང་ལས་རིགས་ལ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་རྒྱ་ཆེར་སྤེལ་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཁའ་དབུགས་བཟང་བོ་དང་། བཏུང་ཆུ་གཙང་མ། ཟས་རིགས་བདེ་འཇགས་སོགས་འདོན་སྤྲོད་བྱས་པ་རེད།
ཚད་མཐོན་པོའི་འགན་འཁྲིའི་བསམ་པ་རྒྱུན་འཁྱོངས་བྱས་ནས་དག་སྒྲིག་ལས་དོན་ལ་སྐུལ་སྤེལ་བྱེད་པ་དང་། དོན་དངོས་ཀྱི་སྟེང་ནས་དག་སྒྲིག་བྱས་ཏེ་མང་ཚོགས་ལ་ཕན་བདེ་བསྐྲུན་པ། ཚོང་གཉེར་འཛིན་ཡིག་མེད་པའམ་འཐུས་ཚང་མིན་པ། བཟའ་བཏུང་ལས་སྣོན་ལས་བྱུང་བའི་སྣུམ་དང་དུ་བ། ལམ་བཀག་ནས་ཚོང་གཉེར་བ། སྐད་གདངས་མཐོན་པོའི་ཚོང་འགུག་བྱེད་པ། རླངས་འཁོར་གང་འདོད་ལྟར་འདུག་པ་དང་འཇོག་པ་སོགས་ཀྱི་སྣང་ཚུལ་དྲུག་གཙོ་བོར་བཟུང་ནས་ཆེད་དོན་དག་སྒྲིག་ལས་འགུལ་སྤེལ་བ་རེད། ཟ་ཁང་བརྒྱ་ཆའི100ལ་ཟས་སྣུམ་གཙང་བཟོ་སྒྲིག་ཆས་སྒྲིག་བཀོད་བྱེད་པ་དང་། ཟས་སྣུམ་གཙང་བཟོ་སྒྲིག་ཆས་ལ་དུས་བཅད་ལྟར་གཙང་སེལ་བྱེད་པའི་ཚད་གཞི་ལྟར། ནུས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་ཟ་ཁང་ཚང་མར་གཅིག་གྱུར་སྒོས་དག་སྒྲིག་ནན་མོ་བྱས།
མིག་སྔའི་བར་དུ། ཟ་ཁང་གི་གད་སྙིགས་བསྡུ་ལེན་བྱེད་སའི་གནས་ཀྱི་གན་རྒྱའི་ཡི་གེ236ལ་གན་རྒྱ་བཞག་པ་དང་། བཟའ་བཏུང་ཚོང་གཉེར་བའི་ཟས་སྣུམ་གཙང་བཟོ་སྒྲིག་ཆས་སྒྲིག་བཀོད་བྱེད་པའི་བརྡ་ཐོ་དང་དུས་བཅད་ལྟར་དག་སྒྲིག་བྱེད་པའི་བརྡ་ཐོ231མར་བཀྲམས་པ་དང་། ཟས་སྣུམ་གཙང་བཟོ་སྒྲིག་ཆས་སྒྲིག་བཀོད་བྱས་ཡོད་པའི་ཟ་ཁང16ཡོད་པ་དང་། ཚད་མཐོན་པོའི་སྒོ་ནས་དག་སྒྲིག་བྱས། མཁར་གྲོང་གི་བཟའ་བཏུང་ལས་རིགས་སུ་གནད་དོན་མང་བ་དང་། ཁྱབ་ཚུལ་ཐར་ཐོར་ཡིན་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། རིགས་དབྱེའི་ཇུས་གཞི་བཟོ་བ་དང་། གནད་འཁེལ་དག་སྒྲིག་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲང་ལམ་དང་མཐུན་སྒྲིལ་ལྷོ་ལམ། མི་རིགས་ལམ། བཙུན་མོ་ལམ་སོགས་དང་གཞན་པའི་བཟའ་བཏུང་ཚོང་གཉེར་གནས། ཟས་བསྲེགས་ཟ་ཁང་། སྒྲིག་འགལ་ངང་ཚོང་ལམ་བཀག་པའི་སྣང་ཚུལ་ལ་ཕྱོགས་བསྡུས་དག་སྒྲིག་བྱ་བ་རྒྱ་ཆེར་སྤེལ་ཏེ། རྫོང་ཡོངས་ཀྱི་ཟ་ཁང263ལ་བཅོས་སྐྱོང་བྱས་པ་རེད། མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་དམངས་ལ་བདེ་ཐང་བསྐྲུན་པ་གཉིས་རྒྱུན་འཁྱོངས་བྱས་ཏེ། བདེ་ཐང་འཕེལ་རྒྱས་ལམ་སྲོལ་བཙུགས་པ་དང་། གནད་དོན་བཅོས་སྐྱོང་གནད་ལ་འཁེལ་བར་བྱེད་པ། བྱེད་ཐབས་གསར་བ་བཏོད་པ། དོ་དམ་བཟང་བ་བཅས་ཀྱི་སྒོ་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བདེ་ཐང་གི་ཁོར་ཡུག་དང་བདེ་ཐང་གི་ཟས་རིགས་འདོན་སྤྲོད་བྱས་པ་རེད།
དྲུག མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱས།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏིག་བཞིའི་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བྱས། མཚོ་ལྷོ་ཁུལ་གྱིས་ཁྱོན་བསྡོམས་སའི་རྒྱ་ཁྱོན་མུས་གྲུ་བཞི་མ་སྟོང་ལྔ་ཆིག་བརྒྱ་ལྷག་ལ་ཕྱུགས་བཀག་རྩྭ་འདེབས་དང་། ཨ་བྲའི་གནོད་འཚེ་སྔོན་འགོག། ས་ནག་ཐང་བཅོས་སྐྱོང་། སྡོང་འཛུགས་ནགས་སྐྲུན། མིའི་བཟོས་ནགས་སྐྲུན་སོགས་ཀྱི་ལས་གཞི་རྒྱུན་ཆད་མེད་པར་ལག་བསྟར་བྱས་ཤིང་། མིག་སྔའི་བར་དུ་རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཡང་དང་། རྩྭ་ས་ཞན་འགྱུར་གྱི་རྣམ་པར་བཀག་འགོག་ཐོབ་པ་དང་། ཆུ་མགོ་དང་ས་ཆུ་སྲུང་འཛིན་བྱ་བར་གྲུབ་འབྲས་མངོན་གསལ་བླངས།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཐོན་ལས་གྲུབ་ཆའི་ལེགས་སྒྲིག་རིམ་སྤར་བྱ་བར་ཤུགས་བསྣན་པ་དང་། སྐྱེ་ཁམས་དཔལ་ཡོན་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས་དང་སྤྱི་ཚོགས་འཛུགས་སྐྲུན་སོགས་དང་མཉམ་འདྲེས་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་བཟང་བོ་བསྐྲུན་པ། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རྣམ་པ་གསར་བའི་ནུས་ཁུངས་ཐོན་ཁུངས། རིག་གནས་ཡུལ་སྐོར་དང་ཞབས་ཞུའི་ལས་རིགས་སོགས་ཐོན་ལས་གསུམ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།
དུས་མཚུངས་སུ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་བཅོས་བྱེད་པའི་འཕེལ་རྒྱས་ལམ་བུར་བསྐྱོད་དེ། སྐྱེ་ཁམས་གནས་སྤོས་ལས་གཞི་ལག་བསྟར་བྱས་ཏེ། གནས་སྤོས་སྡོད་ཁུལ་གསར་སྐྲུན་བྱས་པ་དང་། ཆུ་དང་གློག ལམ། རྒྱང་སྒྲོག་བརྙན་འཕྲིན། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུའི་མ་ལག་སྒྲིག་བཀོད་བྱས་ཏེ། དམངས་ལ་སྟབས་བདེ་བསྐྲུན། དུས་མཚུངས་སུ། རོང་འབྲོག་མང་ཚོགས་ཁྲི་གཅིག་སྟོང་དྲུག་ལྷག་ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོ་དང་། ཐོན་སྐྱེད་འཚོ་བའི་འཁོར་སྐྱོད་རྣམ་པ་མངོན་འགྱུར་བྱུང་།
ད་ལྟ། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་དང་གསོ་སྦྱོང་། དྲིལ་སྒྲོག་སོགས་ཀྱི་ལས་དོན་ནན་གྱིས་སྤེལ་བཞིན་ཡོད་ལ། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྩྭ་ཐང་དང་ནགས་ཚལ་ཁེབས་ཚད་ལ་སླར་གསོ་དང་སྲུང་སྐྱོབ་ཐོབ་ཡོད་པ་མ་ཟད། ལས་བྱེད་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འདུ་ཤེས་ཀྱང་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད།
བདུན། རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་སྐུལ་འདེད་བྱེད་པར་སྣེ་ཁྲིད་དེ། སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དོན་འཁྱོལ་བྱེད་པ། བྱ་འགུལ་དངོས་ལ་བརྟེན་ནས་ཧུར་ཐག་གིས་རྨ་ལྷོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན།
རྨ་ལྷོ་ཁུལ་གྱི་ས་ཁུལ་སོ་སོས་འདུ་ཤེས་བཞི་ལག་བསྟར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བརྗོད་དོན་གཙོ་བོའི་དམངས་གཙོའི་འཚོ་བའི་ཚོགས་འདུ་བསྡུས་པ་དང་། གནད་དོན་བཙལ་ཏེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དང་། དག་སྒྲིག་བྱེད་ཐབས་བཏོན་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་ཟིན་ཇེ་དྲག་ཏུ་གྱུར།
རྨ་ལྷོ་ཁུལ་གྱིས་ཁྱོན་བསྡོམས་ཞིང་ཕྱུགས་ལས་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་བརྩོན་ལེན་དངོས་འབེབས་བྱས་པ་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་དུས་སྐབས་གཉིས་པ་དང་བྱང་གསུམ་ནགས་སྲུང་སོགས་ཀྱི་བཟོ་འགོད་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས། རྩེ་ཁོག་རྫོང་བྱེ་འགོག་བཅོས་སྐྱོང་རྩྭ་གསོ་ར་བ་དང་། རྩེ་ཁོག་དང་ཧི་ནན་རྫོང་གཉིས་ཀྱི་བརླན་སའི་སྲུང་སྐྱོབ་ལས་གཞིའི་ལས་མགོའི་བྱ་བ་བདེ་བླག་ངང་འཕེལ་བཞིན་ཡོད། ཚད་མཐོན་པོའི་རྨང་གཞིའི་ཞིང་སའི་ལས་གཞི8འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་བདུན་ལྷག་བཏང་བ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་དག་སྒྲིག་ལས་འགུལ་སྤེལ་ཏེ། དཔྱད་ཞིབ་ཚད་གཞི་བཟོས་པ་དང་། འགན་འཁྲི་དབྱེ་འབྱེད་བཅས་བྱས་ཏེ། གཙང་འགྲམ་དང་ཨར་ལས་བཟོ་སྐྲུན་སོགས་ཁོར་ཡུག་གནོད་སྐྱོན་ཅུང་ཚབས་ཆེ་བའི་ཁྱབ་ཁོངས་སུ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་། དུས་མཚུངས་སུ། ཁོར་ཡུག་གི་འབུར་ཐོན་གནད་དོན་དག་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་སྒྲིག་ཇུས་གཞི་འགྲེམ་སྤེལ་བྱས་པ་དང་། འགན་འཁྲི་སྡེ་ཁག་དང་དག་སྒྲིག་དུས་ཡུན་སོགས་གསལ་བོ་བཟོས་ནས་ལས་དོན་རེ་རེ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས།
རྒྱ་ཆེའི་ན་གཞོན་ལོ་ཆུང་དང་བུད་མེད་སོགས་རྩ་འཛུགས་བྱས་ཏེ། ལྗང་མདོག་གི་ཁྱིམ་གཞིས་བསྐྲུན་པའི་སྡོང་འཛུགས་བྱེད་སྒོ་དང་སྐྱེ་ཁམས་དཔལ་ཡོན་བྱ་འགུལ། ནུས་ཁུངས་གྲོན་ཆུང་གི་ཁྱིམ་ཚང་བྱ་འགུལ། ཐན་ཉུང་ཁྱིམ་ཚང་དང་དུས་རབས་འཚོ་བ་སོགས་བརྗོད་དོན་ཡིན་པའི་བྱེད་སྒོ་སྤེལ་བ་དང་།ན་གཞོན་ལོ་ཆུང་དང་བུད་མེད་རྣམས་ལ་སྣེ་ཁྲིད་དེ། ཁྱོན་ཡོངས་ནས་ནུས་ཁུངས་ལ་གྲོན་ཆུང་དང་། ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་བཏང་བ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།