གཏེར་ལེན་ཁ་གྲོང་ཁྱེར་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡིན་པ་དང་། ཁུལ་ཡོངས་ཀྱི་ཆབ་སྲིད་དང་ཚན་རྩལ། རིག་གནས། སློབ་གསོ་བཅས་ཀྱི་དཀྱིལ་སྙིང་ཡིན་པ་མ་ཟད། མཚོ་ནུབ་ཤར་ཕྱོགས་ཀྱི་དཔལ་འབྱོར་ཁུལ་གཙོ་བོའང་ཡིན། གྲོང་ཁྱེར་དེར་གྲོང་རྡལ་གསུམ་དང་ཞང་གཅིག སྲང་ལམ་དོན་གཅོད་ཁྲུའུ་གསུམ་བཅས་ཡོད་ལ། སྤྱིའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་སྟོང་བདུན་བདུན་བརྒྱ་ཡོད་པ་དང་། མི་གྲངས་ཁྲི་བདུན་སྟོང་གསུམ་ཉིས་བརྒྱ་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི་གཉིས་སྟོང་གཅིག་བཞི་བརྒྱ་ཡོད་པ་དེས། གྲོང་ཁྱེར་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་དགུ་ཟིན་ཡོད། གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་མཐོང་ཆེན་དང་། ཁྱད་པར་དུ2013ལོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཅིག་མཐུན་གཉིས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་འཐབ་ཇུས་དམིགས་འབེན་ལ་དམ་པོར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་རབས་དང་རིམ་པ་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་བློ་རིག་ལ་བརྟེན་ནས། མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བདེ་འཇགས། མི་རིགས་སོ་སོ་བདེ་སྡོད་ལས་སྐྲུན་བཅས་ཀྱི་གནས་བབ་གསར་བ་གསར་བསྐྲུན་བྱས།
ནུས་ཤུགས་ཡོད་དགུས་དམིགས་འབེན་བྱེད་ཐབས་དང་ནང་རྐྱེན་འགན་སྲུང་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གསར་འཛུགས་ཀྱི་ཚན་རིག་ཆུ་ཚད་ཇེ་མཐོར་བཏང་། ཐོག་མཐའ་བར་གསུམ་དུ་གསར་འཛུགས་བྱ་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ལས་འགན་གཙོ་བོར་བརྩིས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོས་རིམ་ཉིན་ཐོ་གལ་ཆེན་དུ་བཀོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐུལ་འདེད་བྱས། ཏང་སྲིད་གྱི་མགོ་ཁྲིད་པ་གཙོ་བོས་ཚན་གཙོ་དང་ཚན་གཙོ་གཞོན་པའི་འགན་འཁུར་བ་དང་། ཁོངས་མི་ལྔ་གཉིས་ཀྱིས་གྲུབ་པའི་མགོ་ཁྲིད་ཚན་ཆུང་བཙུགས། གཞུང་སྒྲུབ་ཁང་གཅིག་དང་ལག་བསྟར་ཚན་ཆུང་བཅུ་ཡི་རྒྱུན་ལྡན་ཅན་གྱི་གསར་འཛུགས་བྱ་བའི་སྒྲིག་གཞི་བཙུགས་ཏེ། དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱ་བ་དེ་གྲོང་ཁྱེར་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད་ཁྲོད་བཞག «མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི»སོགས་ཆ་ཚང་ཡིག་ཆ་བཅུ་གཅིག་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གསར་འཛུགས་ལས་འགན་གཙོ་བོ་དེ་ཕྱོགས་བཅུ་དང་བྱེ་བྲག་གི་ནང་དོན་དོན་བཞིར་བགོས་པ་དང་། སྔོན་ཐོན་གྲོང་ཁྱེར་གྱི་ཚད་ལེན་གདེང་འཇོག་དམིགས་ཚད་བཅུ་གཅིག་དང་ཟུང་འབྲེལ་དང་། བྱ་བ་གཙོ་བོའི་དམིགས་ཚད་ལས་འགན་སྣ་ཚོགས་དང་མཉམ་དུ་སྐུལ་འདེད་བྱས་པར་མ་ཟད། དམིགས་འབེན་ལས་འགན་སྟེང་མིང་རྟགས་འགོད་པ་དང་མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་སོགས་ལམ་ལུགས་བདུན་བཙུགས་ནས། རིམ་པ་རེ་རེ་བཞིན་དངོས་འབེབས་དམ་འཛིན་བྱེད་པའི་འགན་འཁྲི་དང་ནང་རྐྱེན་ཆགས་པར་བྱས། ཞང་གྲོང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སྲིད་འཛིན་ཁེ་ལས་ལས་དོན་སྡེ་ཁག་སོ་སོ་འདུས་པའི་གཞི་རིམ་སྡེ་ཁག་ཉིས་བརྒྱ་ཉེར་བཞི་ཡིས་མགོ་ཁྲིད་སྒྲིག་གཞི་དང་དོན་གཅོད་སྒྲིག་གཞི་བཙུགས་པ་དང་། གསར་འཛུགས་གྲོན་དངུལ་སྒོར་བྱེ་བ་གཉིས་ལྷག་དངོས་འབེབས་བྱས།
ནུས་ཤུགས་ཡོད་དགུས་དྲིལ་སྒྲོག་སློབ་གསོ་དང་དཔེ་མཚོན་སྣེ་ཁྲིད་གཉིས་ཟུང་འབྲེལ་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཇུས་མི་དམངས་མང་ཚོགས་ལ་དྲིལ་སྒྲོག་དང་། སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དཀྱིལ་སྙིང་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་། «གྲོང་ཁྱེར་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་དྲིལ་སྒྲོག་བྱ་འགུལ་གྱི་ལག་བསྟར་ཇུས་གཞི»སོགས་ཀྱི་ཡིག་ཆ་འགྲེམ་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་བྱ་བའི་དྲིལ་སྒྲོག་སློབ་གསོ་དེ་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་སློབ་གསོ་དང་སྤྱི་དམངས་ཀྱི་ཀུན་སྤྱོད་སློབ་གསོ། རྒྱལ་དམངས་སློབ་གསོ། ཏང་ཡོན་སློབ་གསོ། སློབ་གྲྭའི་སློབ་གསོ་བཅས་ཀྱི་གོ་རིམས་ཡོངས་སུ་ཁྱབ་པར་བྱས་ཤིང་། རོང་འབྲོག་ཁུལ་དང་བཟོ་གཏེར་ཁེ་ལས། སློབ་གྲྭ་བཅས་སུ་སོང་ནས་རིམ་བསགས་ཀྱིས་དྲིལ་སྒྲོག་བྱ་འགུལ་ཐེངས་ཉིས་བརྒྱ་སོ་བཞི་སྤེལ་བ་དང་། དྲིལ་སྒྲོག་ཀློག་དེབ་འབུམ་གསུམ་སྟོང་དྲུག་བྱིན། དྲིལ་སྒྲོག་འགྲེམ་བྱང་སོགས་ཁྲི་གཅིག་སྟོང་གསུམ་ལྷག་ལས་ཏེ། དྲིལ་སྒྲོག་གི་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་པར་བྱས།
ཕྱི་ན་བཀལ་ཡོད་པའི་བརྙན་རིས་སོགས་བརྒྱུད་དེ་རིམ་བསགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གློག་བརྙན་ཐེངས་སུམ་བརྒྱ་ལྷག་བསྟན་པ་དང་། མི་རིགས་མཐུན་སྒྲིལ་གསར་འཛུགས་ཕྱོགས་ཀྱི་བརྙན་རིས་གསར་འགྱུར་ཐེངས་ཉིས་བརྒྱ་ལྷག་བརྒྱུད་གཏོང་བྱས། གྲོང་ཁྱེར་བརྙན་འཕྲིན་ཁང་དང་ཚགས་པར་ཁང་། གསར་འགྱུར་སྨྱན་བྱད་བཅས་ཀྱི་ཆེད་བསྒྲིགས་ལེ་ཚན་དང“གཏེར་ལེན་ཁའི་མི་རིགས་མཐུན་སྒྲིལ་གསར་འཛུགས”འཕྲིན་ཕྲན་སྤྱི་སྟེགས་དང་ལག་འཁྱེར་ཁ་པར་གྱི་བརྡ་འཕྲིན་སྟེགས་བུ་སོགས་བརྒྱུད་དེ། རིམ་བསགས་ཀྱིས་མི་རིགས་མཐུན་སྒྲིལ་ཕྱོགས་ཀྱི་བརྡ་འཕྲིན་སྟོང་གཅིག་ལྷག་སྤེལ་ཏེ། བརྡ་འཕྲིན་བཀླགས་ཚད་མི་ཐེངས་འབུམ་གཅིག་ཁྲི་ལྔར་བསླེབས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཐུན་མོང་དང་སྔོན་ཐོན་མི་སྒེར་ལྔ་བཅུ་ང་བཞིར་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ། ཁུལ་རིམ་པའི་དཔེ་སྟོན་ཁུལ་བཅུ་གསུམ་དང་གྲོང་ཁྱེར་རིམ་པའི་དཔེ་སྟོན་ཁུལ་ཉེར་གཅིག་གསར་འཛུགས་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།
ནུས་ཤུགས་ཡོད་དགུས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། དམངས་ལ་ཕན་ཁེ་ཐོབ་པ་རྒྱུན་འཁྱོངས་བྱས། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་ཀྱི་རིམ་པ་སྤར་བ་དང་ལེགས་བསྒྱུར་བྱེད་པ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་བརྩིས་ཏེ། ཤུགས་ཆེན་པོས་འཕར་ཚད་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག སྐྱེ་ཁམས་དམ་འཛིན། དམངས་ཚིས་ལ་ཕན་པ། བཅོས་སྒྱུར་ལ་སྐུལ་འདེད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་སྲ་བརྟན་ཏུ་བཏང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བླང་བྱ་རབས་དང་རིམ་པ་ལག་ལེན་དངོས་འབེབས་ནན་མོ་བྱས་ཏེ། ཤུགས་ཆེན་པོས་མཁོ་སྤྲོད་གྲུབ་ཚུལ་བཅོས་སྒྱུར་ལ་སྐུལ་འདེད་དང་། དཔལ་འབྱོར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་མཇུག་ལས་ལྡབ་གཅིག་དང་གྲངས་ཆུང་བཞི་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་ཨ་རིའི་སྒོར་མོ་ཁྲི་གཅིག་ལས་བརྒལ། དཔལ་འབྱོར་གྱི་སྤྱི་གྲངས་དེ་ཁུལ་ཡོངས་ཀྱི་ཨང་ལྔ་བ་ནས་ཨང་གཉིས་པར་བསླེབས། 2016ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་བཅུ་གཉིས་ལྷག་ཏུ་འཕར་བ་དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་བརྒྱ་ཆའི་ཞེ་གཉིས་ལྷག་ཏུ་འཕར། དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པར་མཐོང་ཆེན་བྱས་ཏེ། ཧུར་ཐག་གིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་དེ་ཕན་ཚུན་ལ་སྐུལ་འདེད་དང་ཕན་ཚུན་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱས་ཤིང་། ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་བརྒྱད་དམངས་ཚིས་ཁྱབ་ཁོངས་སུ་བཀོལ་བ་དང་། གསར་དུ་འཕར་སྣོན་བྱུང་བའི་ནོར་ཤུགས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་ཡན་དམངས་ཚིས་ལས་དོན་ཐད་དངོས་འབེབས་བྱས། ནུས་ཤུགས་ཡོད་དགུས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། སྲིད་འཛིན་སྡེ་བ་ཞེ་གཉིས་ཀྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱས་པ་དང་། ཧུར་ཐག་གིས་གནད་ཕིགས་དབུལ་སྐྱོར་ཞབས་ཞུ་ལྟེ་གནས་ཀྱི་ཚོད་ལྟའི་བྱ་བར་སྐུལ་འདེད་བྱས། སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་ཤུགས་རྒྱ་བསྐྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁྱིམ་ཚང་ཉིས་བརྒྱ་ཞེ་བརྒྱད་ཀྱི་མི་བདུན་བརྒྱ་ཞེ་གཉིས་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གསར་འཛུགས་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ། རྒྱལ་ཁབ་ཆེད་མཁས་པའི་ཚན་ཆུང་གི་ལག་རྩལ་ཕྱོགས་ཀྱི་གདེང་འཇོག་ཐོབ། ལས་ཞུགས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ཞིང་སྡེའི་ཆུ་གློག་ལམ་གསུམ་སོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། གཏེར་ལེན་ཁའི་གནམ་གྲུ་ཐང་ལེགས་འགྲུབ་བྱུང་ནས་སྤྱོད་མགོ་བརྩམས། མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས་སྟོང་གསུམ་སུམ་བརྒྱ་གྱ་བརྒྱད་ལེགས་འགྲུབ་བྱུང་ནས། མང་ཚོགས་ཁྲི་གཅིག་ཙམ་སྡོད་ཁང་གསར་བའི་ནང་སྤར། མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་གཅིག་སྟོང་གཉིས་ལྷག་གསར་དུ་འཕར་སྣོན་བྱུང་བ་དང་། ལས་ཤོར་ཐོ་འགོད་ཀྱི་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་གཉིས་ལྷག་གི་ནང་ཚོད་འཛིན་བྱས། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སོ་སོར་སྒོར་ཁྲི་གཉིས་སྟོང་ལྔ་བཞི་བརྒྱ་དོན་དྲུག་དང་སྒོར་ཁྲི་གཅིག་སྟོང་གཅིག་ཉིས་བརྒྱ་སོ་གཅིག་ཏུ་བསླེབས། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབ་དང་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་སོ་སོར་བརྒྱ་ཆའི་གོ་དགུ་དང་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གསུམ་ལ་བསླེབས། སྡེ་བའི་ཆུ་གློག་ལམ་གསུམ་དང་འཐུང་ཆུ། ཚོང་ཁང་སོགས་ཀྱི་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། འཕྲིན་གཏོང་དྲ་རྒྱ་ཕལ་ཆེར་གྲོང་ཁྱེར་ཡོངས་སུ་ཁེབས་པ་དང་། རྒྱང་སྒྲོག་དང་བརྙན་འཕྲིན་གྱི་ཁེབས་ཚད་སོ་སོར་བརྒྱ་ཆའི་གོ་བདུན་ལྷག་དང་བརྒྱ་ཆའི་གོ་བརྒྱད་ལྷག་ཏུ་བསླེབས།
ནུས་ཤུགས་ཡོད་དགུས་གསར་འཛུགས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། མ་འོངས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་ཏུ་བཏང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཁྱབ་པར་བྱས་ཏེ། གསར་འཛུགས་བྱ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འཁེལ་དང་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་འགན་འཁྲི་རྩད་ཞིབ་ལག་བསྟར་བྱེད་ཐབས་སོགས་ལམ་ལུགས་དང་བྱེད་ཐབས་རབས་དང་རིམ་པ་གཏན་ལ་ཕབ་ཏེ། བརྟན་བརླིང་ངང་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས། ལོ་ལྔའི་རིང་ལ། རིམ་བསགས་ཀྱིས་སྐྱེ་ཁམས་ཕྱོགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་བདུན་བཏང་བ་དང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དགུ་བཏང་སྟེ། རྨོ་བསྐྱུར་ནགས་སྐྲུན་རྩྭ་འདེབས་དང་བརླན་ས་སྲུང་སྐྱོབ་སོགས་གནད་སའི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས། རིམ་བསགས་ཀྱིས་མ་དངུལ་སྒོར་བྱེ་བ་དགུ་ས་ཡ་བརྒྱད་ལྷག་བཏང་སྟེ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས། མ་དངུལ་སྒོར་བྱེ་བ་བརྒྱད་ས་ཡ་བརྒྱད་ལྷག་བཏང་སྟེ། རོང་འབྲོག་ཁུལ་གྱི་མི་ཕྱུགས་གཉིས་ཀའི་འཐུང་ཆུའི་བདེ་འཇགས་དང་ཆུའི་འབག་བཙོག་བཅོས་སྐྱོང་སོགས་ཀྱི་བྱ་བ་སྤེལ་བ་དང་། མཐོ་སྒང་གི་མཛེས་སྡུག་གི་ཞིང་གྲོང་དྲུག་འཛུགས་སྐྲུན་བྱས། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་སོགས་གྲུབ་ཆ་གཙོ་བོ་ཡིན་པའི་འཁོར་སྐྱོད་དཔལ་འབྱོར་གྱི་སྣ་མང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། འབད་བརྩོན་སྒོས་རྒྱལ་ཁབ་རིམ་པའི་ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱས། མ་དངུལ་སྒོར་དུང་ཕྱུར་དགུ་ཙམ་བཏང་སྟེ། ནུས་ཁུངས་གསར་བའི་དེང་རབས་ཀྱི་གློག་འཁོར་ལས་གཞི་ལག་བསྟར་བྱས། བཙོག་དངོས་གཙོ་བོ་ཕྱིར་གཏོང་གི་ཚད་འཆར་གཞིའི་དམིགས་ཚད་ནང་ཚོད་འཛིན་བྱས་ཏེ། ཆུའི་བྱེད་ནུས་ཁུལ་གཙོ་བོའི་ཆུའི་སྤུས་ཚད་བརྒྱ་ཆའི་དགུ་བཅུ་དང་མཁའ་དབུགས་ཀྱི་སྤུས་ཚད་བརྒྱ་ཆའི་གོ་གཉིས་ལྷག་ཏུ་བསླེབས། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་ས་ཞིང་བཀོལ་སྤྱོད། སྲ་གཟུགས་མཁོ་མེད་དངོས་པོ་བེད་སྤྱོད་དང་ཆུའི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བཅས་ཀྱི་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་སྤྱི་ཕན་ནགས་ཚལ་སྲུང་སྐྱོབ་གཞི་ཁྱོན་སྤྱི་ཆིང་འབུམ་གསུམ་དང་། བརླན་སའི་གཞི་ཁྱོན་སྤྱི་ཆིང་འབུམ་གཅིག་ཁྲི་བརྒྱད་ལྷག ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་དགུ་ལྷག གྲོང་ཁྱེར་ལྗང་བསྒྱུར་གྱི་ཚད་བརྒྱ་ཆའི་ཞེ་གཉིས་ལྷག་བཅས་སུ་བསླེབས་ཏེ། “ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་མིག་དཔེ་གྲོང་ཁྱེར”དང“ཞིང་ཆེན་རིམ་པའི་སྐྱེ་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ། རྒྱལ་ཡོངས་ཀྱི་སྐོར་ཐེངས་བཞི་བའི་ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་སྟེ། “རྒྱལ་ཁབ་རིམ་པའི་ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་དཔེ་སྟོན་ཁུལ”གྱི་མཚན་སྙན་གནང་། ཁྱད་མཚར་ མཛེས་སྡུག་གི་པ་ཡུན་ཆུ་བོ་ལ ། “རྒྱལ་ཁབ་རིམ་པའི་ཆུ་བེད་ལྗོངས་ཁུལ”གྱི་མཚན་སྙན་ཐོབ།
ནུས་ཤུགས་ཡོད་དགུས་སྒྲིག་ཆས་ལེགས་བཅོས་དང་རིག་གནས་དར་སྤེལ་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་རིག་གནས་དགོས་མཁོ་བསྐངས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་རིག་གནས་ཞབས་ཞུའི་གྲུབ་ཆ་གཙོ་བོར་བརྩིས་ཏེ། མཁར་གྲོང་གི་རྨང་གཞིའི་རིག་གནས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རིག་གནས་ཞབས་ཞུའི་དྲ་རྒྱ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱུན་ཆད་མེད་པར་རིག་གནས་ཞབས་ཞུའི་ཐབས་ལམ་གསར་གཏོད་བྱས། “སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང”གསར་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། བསྡོམས་པས“སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང”སྟོང་བདུན་བརྒྱད་བརྒྱ་དོན་གསུམ་བདམས་ཐོན་བྱུང་། ཤུགས་ཆེན་པོས་དཔལ་ཡོན་སྡེ་ཁག་དང་དཔལ་ཡོན་སྡེ་བ། དཔལ་ཡོན་གྲོང་རྡལ་བཅས་ཀྱི་དཔྱད་འདེམས་བྱ་འགུལ་སྤེལ་ཏེ། ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་གྱི་གྲས་སུ་ཚུད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྡེ་ཁག་བཅུ་དྲུག་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཁག་ཏུ་བདམས། ཧུར་ཐག་གིས་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གློག་བརྙན་འཕྲིན་གྱི་བརྩམ་ཆོས་ལེགས་པོ་གསར་རྩོམ་དང་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ། 《གཏེར་ལེན་ཁའི་མཚན་མོ》ཞེས་པའི་གློག་བརྙན་ལ་སྐབས་བཅུ་གསུམ་པའི་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་གྱི“ཆེས་ཕུལ་དུ་བྱུང་བའི་གློག་བརྙན་རོལ་མོའི་བྱ་དགའ”ཐོབ་པ་དང་། སྔ་གཞུག་ཏུ་ནུབ་བྱང་གི་ཞིང་ཆེན་ལྔའི་ལ་གཞས་དུས་ཆེན་དང་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས། ཚྭ་འདམ་གཞོང་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན། མཚོ་ནུབ་ཁུལ་མི་རིགས་ལུས་རྩལ་འགྲན་ཚོགས། མཐོ་སྒང་གི་རོལ་དབྱངས་དུས་ཆེན། “ན་ཏན་སྤྲོ་ཚོགས”སོགས་མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྣ་ཚོགས་ཐེངས་བརྒྱ་ལྷག་བསྒྲུབས། ཁྱད་པར་དུ་ཟླ་བདུན་པར་སྐབས་གསུམ་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཉམས་མྱོང་བརྗེ་རེས་ཡུལ་དངོས་ཚོགས་འདུ་བསྡུས་ཏེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་ཁྱོན་ཡོངས་ནས་མཚོན་པར་བྱས་ལ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། དེ་མིན་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ།
སློབ་གསོའི་ལས་དོན་བརྟན་འཇགས་ངང་གོང་དུ་འཕེལ་ཏེ། “སྐད་གཉིས”སློབ་གསོའི་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱ་དང་། སློབ་ལོ་རན་པའི་ལོ་ཆུང་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་གོ་བརྒྱད། དམའ་འབྲིང་དུས་རིམ་གྱི་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱ་དང་གསུམ་ལྷག མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་ཚད་བརྒྱ་ཆའི་གོ་དགུ་ལྷག་བཅས་སུ་བསླེབས།
ནུས་ཤུགས་ཡོད་དགུས་དཔུང་སྡེ་འཛུགས་སྐྲུན་དང་བརྟན་འཇགས་སྲུང་སྐྱོབ་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ལས་བྱེད་པའི་བྱ་བའི་ནུས་ཤུགས་ཇེ་དྲག་ཏུ་བཏང་། ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས། བཀོལ་སྤྱོད་བྱེད་པ་དེ་མི་རིགས་བྱ་བའི་ནང་དོན་གལ་ཆེན་ཞིག་ཏུ་བཞག་ནས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མཐུན་སྦྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཏུ་འགྱུར་བར་བྱས། ཧུར་ཐག་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འཇོན་ཐང་ཅན་སྐྱེད་སྲིང་དང་གདམ་གསེས། བཀོལ་སྤྱོད་བཅས་ཀྱི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་དང་འཐུང་ཚང་དུ་བཏང་སྟེ། “དམིགས་བསལ་དྲུག”གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བདམས་གསེས་བཀོད་སྒྲིག་བྱ་བར་བཀོད་འདོམས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བདམས་གསེས་བྱས་ཏེ་བྱ་བའི་ཁོར་ཡུག་མི་འདྲ་བ་དང་དཀའ་ཁག་ཆེ་བའི་ལས་རྐང་དུ་སྦྱོང་བརྡར་བྱེད་པར་མཐོང་ཆེན་བྱས་པ་དང་། ལས་རིགས་དང་སྡེ་ཁག་ཏུ་སྔོན་མ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བཀོད་སྒྲིག་བྱས་ཏེ། ནུས་ཡོད་སྒོས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་། 2016ལོར་རྫོང་དང་ཞང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བའི་ཚུན་ལ། རིམ་པ་སོ་སོའི་ཏང་གི་འཐུས་མི་དང་མི་དམངས་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་ཁྲོད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བསྡུར་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་རྫོང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་སོ་གཅིག་ཡོད་ལ། དེའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བཅུ་གཅིག་ཡོད། ཁའོ་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཉིས་བརྒྱ་ང་བཞི་ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཆིག་བརྒྱ་བཅུ་གསུམ་ཡོད། ཞང་ཁའོ་རིམ་པའི་རྗེས་གྲབས་ལས་བྱེད་པ་ཉིས་བརྒྱ་ཉེར་བདུན་ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཆིག་བརྒྱ་ཉེར་ལྔ་ཡོད།
ནུས་ཤུགས་ཡོད་དགུས་སྤྱི་ཚོགས་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱས། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བཅོས་སྐྱོང་དེ་གསར་འཛུགས་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། རྒྱུན་ཆད་མེད་པར་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས། ལོ་ལྔའི་རིང་ལ། བསྡོམས་པས་འགལ་བ་དང་རྩོད་གཞི་སྟོང་གསུམ་ལྔ་བརྒྱ་ཉེར་ལྔ་རྩད་ཞིབ་བྱས་ཏེ། གྱོད་གཞི་སྟོང་གསུམ་སུམ་བརྒྱ་བདུན་ཅུ་ཐག་གཅོད་བྱས་ཤིང་། ཐག་གཅོད་བྱས་ཚད་བརྒྱ་ཆའི་གོ་དྲུག་ལྷག་ཏུ་བསླེབས་པ་དང་། གྲོང་ཁྱེར་མང་ཚོགས་ཀྱིས་སྤྱི་ཚོགས་བདེ་འཇགས་ལ་ཡིད་ཚིམ་ཚད་བརྒྱ་ཆའི་དགུ་ཅུ་ལྷག་ཏུ་བསླེབས་ཏེ། ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཟིན། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། “བསྐྱོད་པ་བདུན”གྱི་བཅའ་ཁྲིམས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། བཅའ་ཁྲིམས་རོགས་སྐྱོར་དང་མི་དམངས་འདུམ་འགྲིག་ལ་ཤུགས་སྣོན་བྱས་ནས། བཅའ་ཁྲིམས་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་ཏུ་བཏང་། ཤུགས་ཆེན་པོས་གཞི་རིམ་དམངས་གཙོའི་བཅའ་ཁྲིམས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཁུལ་རིམ་པ་ཡན་གྱི་དམངས་གཙོའི་བཅའ་ཁྲིམས་དཔེ་སྟོན་སྡེ་བ་སོ་གཅིག་གསར་འཛུགས་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱི་བཅའ་ཁྲིམས་འདུ་ཤེས་ཡོངས་ཁྱབ་ཏུ་ཇེ་དྲག་ཏུ་གྱུར་ཏེ། ནུས་ཡོད་སྒོས་སྤྱི་ཚོགས་བཅའ་ཁྲིམས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་ཐོབ།
མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་སྤེལ་སྐབས། གཏེར་ལེན་ཁ་གྲོང་ཁྱེར་གྱིས་རང་གྲོང་ཁྱེར་གྱི་གནས་ཚུལ་ལྟར་འཕེལ་རྒྱས་འཆར་འགོད་དང་། དམངས་ཚིས་འགན་སྲུང་བྱ་བར་ཤུགས་སྣོན། མི་རིགས་མཐུན་སྒྲིལ་དམ་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་སོང་། མིག་སྔར། གྲོང་ཁྱེར་ཡོངས་སུ་གསར་འཛུགས་དམིགས་ཚད་དུ་བསླེབས་པའི་སྡེ་ཁག་ཉིས་བརྒྱ་ཉེར་བཞི་བཙུགས་པ་དང་། དམིགས་ཚད་དུ་བསླེབས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། སྔོན་ཐོན་སྡེ་ཁག་དོན་ལྔ་གསར་འཛུགས་བྱས་པ་དང་། སྔོན་ཐོན་གྱི་ཚད་བརྒྱ་ཆའི་སོ་གསུམ་ལྷག་ཏུ་བསླེབས། སྔོན་ཐོན་ཁྱིམ་སྟོང་བདུན་བརྒྱད་བརྒྱ་དོན་གསུམ་གསར་འཛུགས་བྱས་ཏེ། སྔོན་ཐོན་གྱི་ཚད་བརྒྱ་ཆའི་སུམ་ཅུར་བསླེབས་ཡོད།
ལོ་ཙཱ་བ། སྒྲོལ་མ་སྐྱིད།