རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སྟོང་བདུན་དང་ཞེ་དྲུག་ཡོད་པ་དང་། མཚོ་ངོས་ལས་ཆ་སྙོམས་བྱས་ན་མུས་སྟོང་བཞི་སུམ་བརྒྱའི་ཡན་ཡིན་ལ། ལོ་གཅིག་གི་ཆ་སྙོམས་དྲོད་ཚད་གོར་ཐིག་མན་གྱི་བཞི་ཡིན་པ་དང་། ལོ་གཅིག་གི་གྲང་ངར་ཆེ་བའི་དུས་ཚོད་ཟླ་བཅུ་ལྷག་རེད། དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཡིན་ལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་ཁུལ་ཡིན་པ་དང་། རྨ་ཆུའི་བཞུར་རྒྱུད་ཆེན་པོ་གསུམ་སྟེ། ཤར་གྱི་ཁོ་ཆུ་དང་ནུབ་ཀྱི་ཁོ་ཆུ། དང་ཆུ་བཅས་ཀྱི་འབྱུང་ཁུངས་རེད། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནས་འདིར་ད་ནི་སྔར་མེད་ཀྱི་གསོན་ཤུགས་དང་རེ་བའི་ཁེངས་ཤིང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོའི་མདུན་སྐྱོད་བྱེད་བཞིན་ཡོད།
ཟླ་དགུ་བའི་དགའ་བདེ་རྫོང་དུ་ཆུ་བོ་དྭངས་ཤིང་ནམ་མཁའ་གཡའ་དག་པ། རྩྭ་ཐང་གི་སྦྲ་གུར་རྣམས་སྐར་ཚོགས་ས་ལ་བཀྲ་བ་ཇི་བཞིན་མཛེས་ཤིང་སྡུག་ལ། ནོར་ལུག་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ཐང་དུ་རྒྱུ་བཞིན་ཡོད་པ་དང་། བལྟས་པ་ཙམ་གྱིས་སྐྱེ་སྟོབས་ཀྱིས་ཁེངས་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱིས་གནས་དེའི་རྩྭ་སའི་འཕེལ་རྒྱས་ལ་འགྱུར་ལྡོག་འབྱུང་དུ་འཇུག་བཞིན་ཡོད་པ་དང་། གནས་དེར་འཚོ་སྡོད་བྱས་ཡོད་པའི་འབྲོག་པ་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྩལ་ཡོད། འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རེ་སྙེག་བྱེད་བཞིན་ཡོད་ལ། དགའ་བདེ་རྫོང་གིས་སྐྱེ་ཁམས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་དང་འབད་འཐབ་དམིགས་འབེན་ལ་སྐུལ་འདེད་བྱས།
ཉེ་ལམ་ཡང་ཁོ་ཆུ་འགྲམ་རྒྱུད་དུ་ཁོར་སྲུང་རུ་ཁག་ཞིག་བཙུགས་པ་དང་། དེ་ནི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ་ཉི་ཤུ་ལྷག་གིས་རང་འགུལ་སྒོས་གྲུབ་པའི་རུ་ཁག་ཅིག་རེད།
དེང་སྐབས། མང་ཚོགས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་པའི་ཁོར་སྲུང་རུ་ཁག་དགའ་བདེ་རྫོང་དུ་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད་ལ། རང་འགུལ་སྒོས་ནུས་ཤུགས་གང་ཡོད་བཏོན་ནས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཞབས་ཞུ་སྒྲུབ་བཞིན་ཡོད། སྡེ་བ་དང་རུ་ཁག་གི་སྲང་ལམ་དང་གཞུང་ལམ་འགྲམ་རྒྱུད་དུ་ཁོར་སྲུང་རུ་ཁག་གིས་རྩ་འཛུགས་བྱས་པའི་ཁོར་ཡུག་ལེགས་བཅོས་བྱ་འགུལ་ག་ས་གང་ནས་ཀྱང་མཐོང་ཐུབ། རྒྱུས་ལོན་པ་ལྟར་ན། མིག་སྔར། དགའ་བདེ་རྫོང་དུ་ཁོར་ཡུག་སྲུང་སྐྱོབ་རུ་ཁག་སོ་བདུན་བཙུགས་ཡོད་པ་དང་། བསྡོམས་པས་ཁོར་ཡུག་ལེགས་བཅོས་བྱ་འགུལ་ཐེངས་ལྔ་བཅུ་ལྷག་ལ་སྤེལ་བ་དང་། ལས་བྱེད་མང་ཚོགས་ཀྱི་དང་བླངས་པ་སྟོང་བརྒྱད་ལྷག་ཟབ་ཞུགས་བྱས།
ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པའི་དང་བླངས་བ་སྔར་ལས་ཇེ་མང་ནས་ཇེ་མང་ཡིན་པ་དང་། དགའ་བདེ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་གདེང་འཇོག་བྱས་པར་ཕན་འབྲས་ཐོབ། ཉེ་བའི་ལོ་འགའི་རིང་ལ། རྫོང་དེས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལམ་ལུགས་རབ་དང་རིམ་པ་འཚོལ་ཞིབ་བྱས་པ་དང་། མཁའ་དབུགས་ཆུའི་བཙོག་སྐྱོན་དང་སྐྱེ་ཁམས་སྲུང་སྐྱོབ། མཁར་གྲོང་དོ་དམ། ནུས་ཁུངས་གྲོན་ཆུང་དང་བཙོག་བཟོ་ཉུང་གཏོང་། ཁོར་ཡུག་གཏོར་བརླག་གི་འགན་འཁྲི་རྩད་གཅོད་པ་སོགས་དོ་དམ་བྱེད་ཐབས་དངོས་སུ་གཏན་འབེབ་བྱས། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོས་ཡུལ་བབ་དང་བསྟུན་ནས། སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་བ་མ་ཟད། བཟོ་སྐྲུན་ལག་བསྟར་དང་འོས་འགན་ངལ་རྩོལ་སོགས་ལ་ཟུང་འབྲེལ་བྱས་ཏེ། མངའ་ཁོངས་ནང་གི་གད་སྙིགས་གཙང་སེལ་དང་འཕྲོད་བསྟེན་གཙང་སྦྲ་དུས་ཐོག་ཏུ་ཐག་གཅོད་བྱས་པས། རོང་འབྲོག་པའི་འཚོ་བའི་ཁོར་ཡུག་ལ་མངོན་གསལ་སྒོས་ལེགས་བཅོས་ཐོབ།
གངས་ལུང་ཞང་ལུང་ཆེན་འབྲོག་དམངས་ཨུ་ཡོན་ལྷན་ཁང་དེ་ཤྭ་རྭ་དབོར་དགོན་པའི་ཉེ་འགྲམ་དུ་ཆགས་ཡོད་ལ། ནམ་སྔོ་དྭངས་བའི་ཕྱི་དྲོ་ཞིག་ལ། འབྲོག་པ་ཚེ་བརྟན་གྱིས་ནོར་ལུག་འཚོ་བཞིན་ཡོད་པ་དང་། སྐབས་དེར། སྙིང་རྗེ་བའི་རི་དྭགས་གནའ་བ་དག་རྨ་ཆུ་བརྒྱུད་ནས་དལ་གྱིས་རྐྱལ་བཞིན་ཡོད་ལ། དེ་ནི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ལྟ་བུ་རེད།
རི་དྭགས་གནའ་བ་ཁྱུ་བྱས་ཏེ་བགྲོད་པའི་གནས་དེ་ནི་དགའ་བདེ་རྫོང་གི་གནའ་ཤུལ་གྲགས་ཅན་ཞིག་རེད། ཉེ་ལམ་གསར་འགོད་པ་ཚེ་བརྟན་དང་མཉམ་དུ། མཚོ་ངོས་ལས་མུས་སྟོང་བཞི་ཡོད་པའི་གནས་སུ་ཐོན་པ་དང་། ཐག་རིང་དུ་བལྟས་ན་ཁ་བ་མཐུག་པོའི་གཡོགས་ཡོད། རིའི་སྟེང་ནས་མར་བལྟས་ཚེ། རི་དྭགས་དགོ་བ་འགའི་རྨ་ཆུའི་འགྲམ་རྒྱུད་དུ་ཆུ་འཐུང་བཞིན་ཡོད།
ཚེ་བརྟན་གྱིས་བཤད་རྒྱུར། ལོ་རེའི་ཟླ་བཅུ་བ་ནས་ཕྱི་ལོའི་ཟླ་ལྔ་བ་ནི་ཕྱུགས་རྩྭ་སེར་ཞིང་སྐམ་པའི་དུས་ཡིན་ལ། རི་དྭགས་གནའ་བ་དག་གིས་ཆེས་བཟོད་དཀའ་བའི་དུས་རེད། དེའི་སྐབས་སུ། དགོན་སྡེའི་གྲྭ་བཙུན་དང་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་རི་དྭགས་གནའ་བར་གཟན་ཆས་འཁྱེར་སོང་ནས་སྟེར་བཞིན་ཡོད།
ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། རི་སྐྱེས་སྲོག་ཆགས་ཀྱི་མང་ཉུང་ནི་ས་ཁུལ་ཞིག་གི་སྐྱེ་ཁམས་ཁོར་ཡུག་བཟང་མིན་གྱི་མཚོན་རྟགས་ཞིག་རེད། གངས་ལུང་ཞང་གི་ཏང་ཨུའི་ཧྲུའུ་ཅི་མགུ་བསམ་གྱིས་བཤད་རྒྱུར། ས་གནས་ཀྱི་གྲྭ་བཙུན་དང་འབྲོག་པ། སློབ་མ་རྣམས་ཀྱིས་ཆེད་དུ་སྐྱེ་ཁམས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། ནུས་ཤུགས་ཡོད་དགུས་རིའི་སྟེང་གི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། གནས་དེའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།
དགའ་བདེ་རྫོང་ཞ་གོང་མ་ཞང་སོག་ཆེན་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་མངའ་ཁོངས་ཀྱི་རྩྭ་ས་ས་ནག་ཏུ་གྱུར་ཚད་ལོ་རེ་ནས་ལོ་རེར་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཕྱུགས་འཚོ་ཆོག་པའི་རྩྭ་ས་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། འབྲོག་པ་རྣམས་ཀྱི་ཕྱུགས་ཟོག་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད། སྟོང་མུས་གྲུ་བཞི་མ་གྱ་དྲུག་ཡོད་པའི་ས་ནག་ཐང་དེ་མི་རབས་ནས་མི་རབས་དུ་རྩྭ་ཐང་ནས་འཚོ་བ་རོལ་བཞིན་པའི་འབྲོག་པར་མཚོན་ནས་བཤད་ན། ཆེས་ཚབས་ཆེ་བའི་དོན་ཞིག་ཡིན་ལ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད་པ་དང་། འབྲོག་དམངས་ཨུ་ཡོན་ལྷན་ཁང་དེ་དབུལ་ཕོངས་སྡེ་བ་ཞིག་ཏུ་གྱུར། ཉེ་བའི་ལོ་འགའི་རིང་ལ་ཞ་གོང་མ་ཞང་གིས་ཐེངས་མང་པོར་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཡང་ཡང་ཞིབ་འཇུག་བྱས་པ་དང་། མཐར་མཇུག་ལག་བསྟར་བྱས་ཆོག་པའི་བྱེད་ཐབས་རབ་དང་རིམ་པ་འཚོལ་ཞིབ་བྱས། ནུས་ཤུགས་ཡོད་དགུས་ཡུག་པོའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ལེགས་བཟོ་བྱས་པས། ས་ནག་ཐང་དེ་དབུལ་ཕོངས་འབྲོག་པ་དབུལ་ཐར་ཕྱུག་བསྒྱུར་གྱི་གནས་མཆོག་ཏུ་གྱུར་ཡོད། སོག་ཆེན་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་རྩྭ་ས་འཁོར་རྒྱུག་གི་རྣམ་པ་བརྒྱུད་དེ། སྐྱེ་ཁམས་ཕྱུགས་ལས་གཟན་རྩྭའི་རྟེན་གཞི་ལ་བརྟེན་ནས་འབྲོག་པ་རྣམ་རྩ་འཛུགས་བྱེད་པ་དང་། གཅིག་གྱུར་གྱིས་འདེབས་འཛུགས་བྱེད་པ། གཅིག་གྱུར་གྱིས་བསྡུ་ལེན་བྱེད་པ། གཅིག་གྱུར་གྱིས་ཞབས་ཞུ་བྱེད་པ་བཅས་ལག་བསྟར་བྱས་པས། འདེབས་འཛུགས་ཀྱི་ཕན་འབྲས་ལ་ཁག་ཐེག་བྱས།
འབྲོག་པ་ཀུན་བྷོ་བཟའ་མི་གསུམ་པོ་ནི་སོག་ཆེན་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་རེད། ལོ་གསུམ་གྱི་སྔོན་ལ། ཁོས་རང་ཁྱིམ་གྱི་ནོར་འགའ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། འོན་ཀྱང་། རྩྭ་ས་མུ་མཐུད་དུ་ཇེ་ཞན་དུ་གྱུར་པས་ཁོ་ཚང་གི་འཚོ་བ་དཀའ་ཁག་གི་གནས་སུ་ལྷུང་། ཀུན་བྷོ་ཡིས་བཤད་རྒྱུར།“མཉམ་ལས་ཁང་བཙུགས་རྗེས་ངས་སྤྱི་ཆིང་གཉིས་ཀྱི་རྩྭ་ས་མ་དངུལ་བཏང་བ་དང་། ན་ནིང་ངེད་ཚང་གི་ཡོང་སྒོ་བགོ་བཤའ་བརྒྱབ་ཚད་སྒོར་སྟོང་ལྔ་དང་ང་གཉིས་རེད། ཡོང་སྒོ་ཇེ་མང་དུ་སོང་བ་མ་ཟད། ང་ཚོའི་རྩྭ་ས་ལོ་རེ་ལས་ལོ་རེར་ཇེ་སྔོ་རུ་འགྱུར་བཞིན་ཡོད” ཟེར། ད་ལྟ་རྩྭ་འདེབས་པ་དང་རྩྭ་འབྲེག་པ་སོགས་ཀྱི་ངལ་རྩོལ་བརྒྱུད་ནས། ཀུན་བྷོ་ཡིས་ལོ་གཅིག་གི་ནང་སྒོར་ཁྲི་གཅིག་གི་གླ་ཕོགས་ལེན་ཐུབ། རྒྱུས་ལོན་པ་ལྟར་ན། འབྲོག་དམངས་ཨུ་ཡོན་ལྷན་ཁང་དེའི་གཟན་རྩྭ་འདེབས་སའི་རྟེན་གཞི་ཡི་རྩྭ་ས་སྤྱི་ཆིང་ཉིས་བརྒྱ་བརྒྱད་ཅུ་རུ་གཟན་རྩྭ་འདེབས་པ་དེ་མི་བཞི་ཡིས་འགན་ཁུར་ཏེ་འདེབས་བཞིན་ཡོད། ན་ནིང་། ཞང་སྲིད་གཞུང་གིས་ན་གཞོན་བརྒྱད་རྩ་འཛུགས་བྱས་ཏེ་རྩྭ་འདེབས་འཕྲུལ་ཆས་དང་རྩྭ་འབྲེག་འཕྲུལ་ཆས་སྐོར་བའི་ལག་རྩལ་སློབ་སྦྱོང་བྱས།
ཨ་མྱེ་རྨ་ཆེན་གྱི་ཡན་ལག་རི་རྒྱུད་དགའ་བདེ་རྫོང་གི་ཤར་ནུབ་ཕྱོགས་སུ་མཆེད་ཡོད། རྫོང་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་སྟོང་མུས་གྲུ་བཞི་མ་སྟོང་དྲུག་དང་ལྔ་བརྒྱ་བཅུ་གཉིས་ཡོད་པ་དང་། ས་གཞི་ཡོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་བཞི་ཟིན་ཡོད། ཁྱད་པར་བའི་ནམ་ཟླའི་རྩྭ་ཐང་ཡོངས་བརླན་གྱིས་བྱུག་པས། ཕྱུགས་ལས་འཕེལ་རྒྱས་ལ་ཁྱད་པར་བའི་ནམ་ཟླའི་ཆ་རྐྱེན་འདོན་སྤྲོད་བྱས། སྔོ་བའི་ནམ་མཁའ་དང་ལྗང་པའི་རྩྭ་ཐང་རང་གི་མིག་བཞིན་གཅེས་ནས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ། ས་ནག་ཐང་བཅོས་སྐྱོང་དང་མཉམ་ལས་ཁང་འཛུགས་དགོས་པ་དང་། ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་སུ་བཏང་ནས་བཅོས་བསྒྱུར་དང་གསར་གཏོད་བྱེད་ཕོད་པའི་དགའ་བདེ་བ་ཞིག་བྱེད་དགོས། དྭངས་པའི་ཆུ་མོ་དང་སྔོ་བོའི་རི་བོ་ངེས་པ་དོན་གྱིས་གསེར་རི་དང་དངུལ་རི་ལྟ་བུར་གྱུར།
དགའ་བདེ་རྫོང་གི་རྫོང་དཔོན་བསོད་ནམས་སྟོབས་ཀྱིས“ཕྱུགས་ལས་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་རྟེན་གཞི་ཡིན་ལ། འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པ་ཡང་དེ་དང་འབྲལ་ཐབས་མེད། འབྲོག་ཁུལ་གྱི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་ནི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ། འབྲོག་པའི་རྒྱུན་མཐུད་ཡོང་སྒོ་འཕར་སྣོན་ལ་ཁག་ཐེག་བྱེད་པའི་ངེས་བརྒྱུད་ལམ་བུ་ཞིག་རེད”ཟེར།
ཉི་མ་ནུབ་ཁར་དགའ་བདེ་རྫོང་ཁྱི་འབྲི་ཞང་གི་རྩྭ་ཐང་ཧ་ཅང་མཛེས་ལ། ཁྱི་འབྲི་ཞོལ་མ་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཕྱུགས་རྫི་བསྟན་བྷེ་ཡིས་ཤ་ཤེད་རྒྱས་པའི་ནོར་གནག་སྐོར་ཞིག་དབྱར་ས་རུ་དེད་ནས་འགྲོ་བཞིན་ཡོད་ལ། ནོར་གནག་དེ་དག་ནི་ནོར་གཞན་དག་དང་མི་འདྲ།
བསྟན་བྷེ་ཡིས་བཤད་རྒྱུར། ནོར་འདི་དག་ནི་སྤྱིར་བཏང་གི་ནོར་མིན་ལ། ཁྱི་འབྲི་ཞོལ་མ་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། ཆུ་དམར་ལེབ་རྫོང་ནས་འབྲོང་བཅུ་གཉིས་ནང་འདྲེན་བྱས་ཏེ། ཁྱིམ་ཚང་རེ་རེའི་རྒྱུད་བཟང་ནོར་གཉིས་ནས་གསུམ་མ་རྐང་དུ་བཞག་ལ། སྲིད་གཞུང་གིས་མ་དངུལ་བཏང་ནས་རྒྱུད་ལེགས་བཞོན་མ་ཉོས་པས། བསྡུར་ཚད་ལྟར་མཉམ་ལས་ཁང་དུ་བསྐྱལ་ཏེ། ནོར་ཉིས་བརྒྱའི་ཕྱུགས་རྒྱུད་ལེགས་བཅོས་བྱས་པ་དང་། ང་འཚོ་བཞིན་པ་ནི་ཕྱུགས་རྒྱུད་ལེགས་བཅོས་བྱས་པའི་ནོར་ཡིན་ཟེར།
ཁྱི་འབྲི་ཞོལ་མ་འབྲོག་དམངས་ཨུ་ཡོན་ལྷན་ཁང་ནི་དགའ་བདེ་རྫོང་གི་ནམ་ཟླའི་ཆ་རྐྱེན་ཅུང་བཟང་བའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་ཞིག་ཡིན་པ་དང་། མི་གྲངས་དགུ་བརྒྱ་དོན་གསུམ་ཡོད་ལ། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གསུམ་ལྷག་རེད། མི་གྲངས་མང་བ་དང་རྩྭ་ས་ཉུང་བ། ཡོང་སྒོ་བཙལ་དཀའ་བ་བཅས་ཀྱིས་འབྲོག་པ་རྣམས་ལ་དཀའ་ཁག་བཟོས་ཡོད། ཁྱི་འབྲི་ཞང་ཏང་ཨུའི་ཧྲུའུ་ཅི་རིན་ཆེན་རྒྱ་མཚོ་ཡིས་བཤད་རྒྱུར། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ཆེད། ང་ཚོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། མ་དངུལ་བཏང་ནས་ཕྱུགས་རྒྱུད་ལེགས་བསྒྱུར་བྱེད་པའི་རྟེན་གཞི་བཙུགས་པས། ཕྱུགས་རྒྱུད་ལེགས་བསྒྱུར་བྱེད་པ་དེ་ཐོན་ལས་སྣ་གཅིག་ཏུ་བཏང་ནས་འཕེལ་རྒྱས་བཏང་བས། འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་འབྲོག་པ་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཅིག་ལ་སླེབས་ཡོད།
སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་ན་རྩྭ་ལས་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཞང་དེའི་མཉམ་ལས་ཁང་འགས་སྤྱི་ཆིང་བརྒྱ་དང་སོ་ལྔའི་སྟེང་གཟན་རྩྭ་བཏབ་པ་དང་། ལོ་རེར་གཟན་རྩྭ་བརྒྱ་ཆའི་དྲུག་ཅུ་ཕྱིར་བཙོང་བྱེད་པ་དང་བརྒྱ་ཆའི་བཞི་བཅུ་གནོད་འགོག་གི་གྲ་སྒྲིག་ཏུ་བཞག་ཡོད། ཞང་ཡོངས་ཀྱི་མཉམ་ལས་ཁང་གི་གསོག་འཇོག་དང་ཕྱིར་བཙོང་བྱས་པའི་བརྟན་འཇགས་ཡོང་སྒོ་སྒོར་འབུམ་གཉིས་ལ་སླེབས་ཡོད།
རྩྭ་སའི་སྐྱེ་ཁམས་དང་བཙོག་སྐྱོན་མེད་པ། སྤྱི་གནོད་མེད་པའི་ཁྱད་སྟོབས་ལ་བརྟེན་ནས། “སྐྱེ་ཁམས་སྲུང་སྐྱོབ་དང་གྲུབ་ཚུལ་ལེགས་སྒྲིག ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཚོང་གཉེར། སྡེ་བ་འཛུགས་སྐྲུན་བྱེད་པ། ཕྱུགས་ལས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི”བསམ་གཞིགས་ཁག་ཐེག་བྱ་ཆེད། དགའ་བདེ་རྫོང་གིས2010ལོར་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་དྲུག་བཏང་ནས། རྫོང་ཡོངས་ཀྱི་འབྲོག་དམངས་ཨུ་ཡོན་ལྷན་ཁང་སོ་དྲུག་ཏུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། སྔ་རྗེས་སུ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བ་སྤེལ།
རི་ཀླུང་སྔོ་ཞིང་ཆུ་མོ་དྭངས་བ། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལས་གཞི་ལ་བརྟེན་ནས། ཚན་རིག་ལྟར་རྩྭ་ཐང་བདག་གཉེར་བྱས་པ་དང་། སྐྱེ་ཁམས་ཀྱི་གནས་བབ་ལེགས་པའི་ཕྱུགས་ལས་སྡེ་བ་སྐོར་དང་སྐོར་འཛུགས་སྐྲུན་བྱས་པས། འབྲོག་པ་མང་ཚོགས་ལ་དངོས་གནས་མཐོང་ཐུབ་པའི་ཕན་ཁེ་ཐོབ་པ་དང་། དེ་ནི་དགའ་བདེ་རྫོང་གི་ལས་བྱེད་དང་མང་ཚོགས་ཀྱི་རེ་སྙེག་བྱེད་པ་དང་རྗེས་ཕྱོགས་འབད་འབུངས་བྱེད་དགོས་པའི་ཁ་ཕྱོགས་རེད།
ལོ་ཙཱ་བ། ཤ་བོ་རིན་མཚོ།