སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་སྲོག་ཤིང་ལྟ་བུ་ཡིན་ཞེས་ནན་གྱིས་བསྟན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་བོད་ཁུལ་གཞི་རིམ་མགོ་ཁྲིད་ཀྱི་བྱ་བའི་ནུས་པ་དེ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ལས་དོན་བཟང་བོར་སྒྲུབ་པར་སྐུལ་འདེད་བྱེད་པའི་རྨང་གཞིར་བརྩི་བ་དང་། བོད་རྒྱ་སྐད་གཉིས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་དེ་བོད་ཁུལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཡུན་རིང་བདེ་འགོད་ཀྱི་གཞི་རྩའི་ཐབས་ཇུས་སུ་བརྩིས་ཏེ། བོད་ཁུལ་གཞི་རིམ་གྱི་བོད་རྒྱ་སྐད་གཉིས་གསོ་སྦྱོང་བྱ་བར་མཐོང་ཆེན་བྱེད་པ་དང་། གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ། གཏིང་ཟབ་སྒོས་རྒྱ་བསྐྱེད་པ་སོགས་ནུས་ཤུགས་ཡོད་རྒུ་བཏོན་ནས་བོད་ཁུལ་མགོ་ཁྲིད་ཀྱི་འབྲེལ་འདྲིས་བྱེད་པར་སྟབས་བདེ་བཟོས་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བོད་ཁུལ་གྱི་བྱ་བའི་གནས་ཚུལ་དངོས་ལ་དམིགས་ནས། བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བ་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་ལས་བྱེད་པའི་གཞི་རྩའི་ནུས་པ་མཐོར་འདེགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་དམ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་སྐུལ་འདེད་བཏང་།
མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ནི་གཞི་རིམ་ལས་བྱེད་པའི་བྱ་བའི་ནུས་ཤུགས་ཇེ་མཐོར་གཏོང་བ་དང་། བོད་ཁུལ་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ། གཞི་རིམ་ལས་བྱེད་པའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་ཡིན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་ལས་བྱེད་པའི་དཔུང་སྡེ་མུ་མཐུད་ནས་ཇེ་རྒྱས་སུ་བཏང་སྟེ། སྐད་ཆའི་གེགས་རྐྱེན་གྱིས་ན་གཞོན་ལས་བྱེད་པ་མང་ཆེ་བ་ཞིག་གི་བྱ་བའི་ལས་ཆོད་དང་གཞི་རིམ་བྱ་བའི་ཆུ་ཚད་ལ་གནོད་པ་ཐེབས་ཡོད་པས། བོད་ཁུལ་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱེད་སྐབས་དུས་རྒྱུན་དུ་ལོ་ཙཱ་བ་ཁྲིད་དགོས་པ་རེད། བྱ་བ་ཡར་རྒྱས་སུ་འགྲོ་དགོས་ན་ཐོག་མར་སྐད་ཆ་བཤད་པའི་གཞི་རྩའི་གནད་དོན་དང་འབྲེལ་བ་ཆེན་པོ་ཡོད་པས། བོད་ཁུལ་གཞི་རིམ་གྱི་ལས་བྱེད་པར་བོད་རྒྱ་སྐད་གཉིས་གསོ་སྦྱོང་བྱེད་པའི་ལས་དོན་རྒྱ་བསྐྱེད་རྒྱུ་ཐག་གཅོད་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2011ལོ་ནས་བཟུང་བསྡོམས་པས་བོད་རྒྱ་སྐད་གཉིས་གསོ་སྦྱོང་བྱེད་པའི་ལས་དོན་ཐད་ལ་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་འབུམ་གཅིག་ཁྲི་གཉིས་ལྷག་བཏང་བ་རེད།
ཞིང་ཆེན་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་བྱས་པ་ཡིན་ལ། 2011ལོའི་ཚུན་ལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་། སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཏན་འཁེལ་བྱས་པ་དང་། བོད་ཁུལ་གྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་ལ་མཛུབ་སྟོན་བྱས་ཏེ་དངོས་ཡོད་གནས་ཚུལ་གཞིར་བཟུང་བ་དང་། ས་ཆ་སོ་སོའི་གསོ་སྦྱོང་དགེ་མཚན་འདོན་སྤེལ་དང་སྔོན་འདོན་བྱས་ཏེ་ཧུར་ཐག་གིས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ལ་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པར་མ་ཟད། རིམ་བཞིན་མཚོ་སྔོན་གྱི་གཞི་རིམ་ལས་བྱེད་པའི་དཔུང་སྡེའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ཐབས་ལམ་གསར་བ་ཞིག་འཚོལ་ཞིབ་བྱས་པ་རེད།
རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་གོང་འོག་མཉམ་འགུལ་བྱས་ཏེ་ལོ་རེར་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ཤེས་བྱ་འགྲན་སྡུར་བྱ་འགུལ་སྤེལ་བ་བརྒྱུད། རྐང་འཛིན་པའི་སྟོབས་ཤུགས་གསོ་སྐྱོང་བྱས་པ་དང་བོད་རྒྱ་སྐད་གཉིས་ལ་སློབ་སྦྱོང་བྱེད་པ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཚུད་པར་སྐུལ་འདེད་བཏང་། ས་ཆ་སོ་སོས་གྲོན་དངུལ་འགན་སྲུང་ལ་ཤུགས་བསྣན་ཏེ། ཧུར་ཐག་གིས་ས་ཁུལ་གཞན་པས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ཏེ། བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་མ་ཟད། ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་། ཁྱད་ལྡན་བྱེད་ཐབས་དང་ཕན་ནུས་དྲིལ་སྒྲོག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་གསོ་སྦྱོང་གི་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་བཏང་།
བསྡོམས་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་ཡིག་གི་ཞིང་ཆེན་རིམ་པའི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་དེ་བསྟུད་མར་ལོ་8ལ་བསྒྲུབས་པ་དང་། ལོ་8ཀྱི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་བོད་ཡིག་གི་གསོ་སྦྱོང་ཐད་ཤུགས་བསྣན་ཏེ། ལོ་རེར་ཉུང་མཐར་ཡང་ཞིང་ཆེན་རིམ་པའི་ཚོད་ལྟའི་གསོ་སྦྱོང་འཛིན་གྲྭ་ཐེངས་2རེ་སྒྲུབ་པས། 2011་ལོ་ནས་2017ལོའི་ཟླ་6པའི་བར་བསྡོམས་པས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པ་1000ལྷག་ལ་གསོ་སྦྱོང་བྱས་པར་མ་ཟད། ལོ་རེར་གསོ་སྦྱོང་བྱས་པའི་མི་གྲངས་5000ལས་བརྒལ་བ་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་མི་སྣས་བཤད་རྒྱུར། མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པར་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་ནི་གཞི་རིམ་བྱ་བའི་དངོས་ཡོད་གནས་ཚུལ་དང་མཐུན་ལ། རྒྱ་ཆེའི་ལས་བྱེད་པའི་དགོས་མཁོ་དང་ཡང་མཐུན་ཟེར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་བྱ་བའི་ཐད་མུ་མཐུད་དུ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་གནད་འཁེལ་གསོ་སྦྱོང་སོགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྔར་ལས་ལྷག་པའི་སྒོ་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།