རང་གི་མིག་ཟུང་ལྟར་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས།
2017.09.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

སྔོ་ཞིང་བསངས་པའི་ནམ་མཁའི་འོག་ཏུ། དྭངས་ཤིང་གཙང་བའི་མཚེའུ་ཁྲ་ལམ་ལམ་འཚེར་ཞིང་། ཆུ་བྱ་སྣ་ཚོགས་འཕུར་ལྡིང་གི་གར་ལ་རོལ་བ་དང་། རྐྱང་ཁྱུ་མང་པོ་བག་ཕེབས་ངང་རྒྱུ་ལ། འབྲོང་ཁྱུ་མང་པོས་དལ་ལྷོད་ལྷོད་ངང་རྩྭ་ཟ་ཞིང་། བྱ་ཝང་མང་པོས་ནགས་གསེབ་ཏུ་འཕུར་ལྡིང་བྱེད་ཀྱིན་པར་མ་ཟད། གསའ་དང་གཟིག དྲེད་མོང་། གཙོད། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཞིག“སྐྱེ་ཁམས་དོ་དམ་པ”ཁྲི་གཅིག་ལྷག་གི་སེམས་ཞིབ་མོའི་ལྟ་སྐྱོང་འོག་དུས་རབས་ནས་དུས་རབས་བར་བག་ཕེབས་ངང་འཚོ་བཞིན་ཡོད།

དེ་ནི་རི་སྐྱེས་སྲོག་ཆགས་ཀྱི་གླིང་ག་མིན་ཏེ། “ཀྲུང་ཧྭའི་ཆུ་མཛོད”དང་གཙང་གསུམ་འབྱུང་ཡུལ་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རེད།

དེ་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཞིང་ཁམས་ཤིག་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐད་མཐོང་ཐུབ་པའི་མིག་དཔེ་ལྟ་ས་ཞིག་རེད།

ཟླ་དགུ་བ་ནི་གཙང་གསུམ་འབྱུང་ཡུལ་ལ་མཚོན་ན་ཆེས་མཛེས་སྡུག་གི་དུས་ཚིགས་ཤིག་རེད། དཔུང་རྟགས་དམར་པོ་བཏགས་པའི་སྐྱེ་ཁམས་དོ་དམ་པ་རྟར་ཞོན་པ་དང་ཡང་ན་འཕྲུལ་རྟར་ཞོན་པ། རྐང་ཐང་དུ་འགྲོ་བ་སོགས་ཉིན་རེར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་སྐོར་སྐྱོད་བྱེད་པ་དང་། ཁོ་ཚོའི་རང་འགན་ཁུར་ཏེ་སྐྱེ་ཁམས་སྐོར་སྲུང་ལག་བསྟར་བྱེད་བཞིན་འདུག

སྐྱེ་ཁམས་གནས་སྤོ་ཡུལ་མི་དང་ཕྱུགས་བཀག་སྲིད་ཇུས་ལག་ཏུ་བསྟར་རྗེས་གཙང་གསུམ་འབྱུང་ཡུལ་གྱི་རྒྱ་ཆེའི་འབྲོག་པས་འུར་ཆ་བསྐྱུར་ནས་གྲོང་རྡལ་དུ་བསྐྱོད་པ་དང་། གསོ་སྦྱོང་བརྒྱུད་ནས་ལག་རྩལ་རེ་འགའ་ཤེས་སོང་ལ། མི་ཁ་ཤས་རང་ཡུལ་དུ་བསྡད་ནས་སྤྱི་ཕན་ལས་རྐང་གི་སྐྱེ་ཁམས་དོ་དམ་པ་བྱས་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ནི་རྨ་ཆུའི་འབྱུང་ཡུལ་དང་འབྲི་ཆུའི་འབྱུང་ཡུལ། རྫ་ཆུའི་འབྱུང་ཡུལ་བཅས་ལས་གྲུབ་པ་དང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ལྷག་ཡིན་པས། གཙང་གསུམ་འབྱུང་ཡུལ་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་གཅིག་དྲུག་ཟིན་ཡོད། དེར་ཞང་དང་གྲོང་རྡལ་བཅུ་གཉིས་དང་མི་གྲངས་ཁྲི་དྲུག་དང་སྟོང་གཅིག་ལྔ་བརྒྱ་གྱ་བརྒྱད་ཡོད་པ་དང་། དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་སྟོང་དགུ་བདུན་བརྒྱ་དོན་དགུ་བཅས་འདུས། ཞིང་ཆེན་ཞིང་ཕྱུགས་ཐིན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་འདོན་སྤྲོད་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་སྐྱེ་ཁམས་དོ་དམ་པ་ཁྲི་གསུམ་དང་སྟོང་དགུ་བརྒྱད་བརྒྱ་དགུ་བཅུ་ལ་སླེབས་ཡོད་ཅིང་། དེའི་ནང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་དུ་ཕྱོགས་བསྡུས་སྐྱེ་ཁམས་དོ་དམ་པ་གདན་དྲངས་པའི་མི་གྲངས་ཁྲི་གཅིག་དང་ང་གཅིག་ལ་སླེབས་པ་དང་། ཞིང་ཆེན་ཡོངས་སུ་བསྡོམས་པས་སྐྱེ་ཁམས་དོ་དམ་པ་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་དོན་བརྒྱད་ཡོད། 2011ལོར་རྒྱལ་ཁབ་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་དང་བྱ་དགའི་དངུལ་གྱི་སྲིད་ཇུས་ལག་ཏུ་བསྟར་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་འབུམ་བདུན་ལྷག་གིས་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐུབ་ལ། “དབུལ་ཕོངས་ཀྱི་ཞྭ་མོ”ཡང་འཕུད་ཐུབ་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲོག་པ་མང་ཚོགས་ལ་འཚོ་གནས་ཀྱི་ལས་རིགས་ཤིག་ཇེ་མང་དུ་སོང་བ་ཙམ་ཡིན་མོད། དོན་དངོས་སུ་དེ་ནི་ས་དེའི་འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་ལ་བཟུང་བའི་ལྟ་ཚུལ་འགྱུར་སོང་བ་རེད། “ང་ལ་སྲུང་སྐྱོབ་བྱེད་དུ་བཅུག་པ”ནས“ངས་སྲུང་སྐྱོབ་བྱེད་པ”ཡི་བར་གྱི་ངོས་ཟིན་བསྒྱུར་ཏེ། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་གང་ལེགས་བྱེད་པ་ནི་མཚོ་སྔོན་གྱི་དོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཡིན་པའི་ངོས་ཟིན་ཐོབ།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇི་ལྟར་སྲུང་སྐྱོབ་གང་ལེགས་བྱས་ཏེ། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར”ཁག་ཐེག་བྱེད་དགོས་པའི་ཐད། ཡུལ་དེའི་མང་ཚོགས་ཀྱིས་རང་གིས་རང་ལ་ཁས་ལེན་དམ་བཅའ་བཞག་ཅིང་། དེ་བཞིན་ལག་ལེན་ཡང་བྱེད་ཀྱིན་འདུག

དེང་རབས་ཅན་གྱི་བཅའ་སྡོད་སློབ་གྲྭས“གད་སྙིགས་དངོས་པོ་ལ་བརྗེས་པ”དང་། འབྲོག་པས་རང་མོས་སྒོས“ཁོར་ཡུག་སྲུང་སྐྱོབ་རུ་ཁག”བཙུགས་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་དུས་ཚོད་ཐག་བཅད་ནས་རི་སྐོར་བྱེད་པ། ལྐོག་རྔོན་ལ་ངོ་རྒོལ་བྱེད་པ། དེ་མིན་སྐྱེ་ཁམས་སྲུང་སྐྱོབ་དྲིལ་སྒྲོག་བྱེད་ཆེད་མཐོ་སྒང་གི་སྲང་ལམ་དུ་སྐྱོད་པའི་མི་ཚོགས་དང་། མང་ཚོགས་ཀྱིས་རང་མོས་སྒོས་སྤེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགུལ་སྐྱོད་དེ་ལས་མང་ངོ།

རྩྭ་ཐང་གི་ཁ་གསབ་དང་བྱ་དགའི་སྲིད་ཇུས་ཀྱི་གྲུབ་འབྲས་བརྟན་སྲུང་བྱེད་ཆེད་མཚོ་སྔོན་གྱིས་རྒྱལ་ཡོངས་སུ་ཐོག་དང་པོར་རྩྭ་ཐང་གི་སྐྱེ་ཁམས་དོ་དམ་པའི་སྤྱི་ཕན་ལས་རྐང་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྤྱི་ཆིང་སྟོང་གཉིས་རེར་རྩྭ་ཐང་དོ་དམ་པ་གཅིག་རེ་བཀོད་སྒྲིག་བྱས། སྔོན་གྱི་ནགས་ས་སྤྱི་ཆིང་སྟོང་གཉིས་དྲུག་བརྒྱ་སུམ་ཅུ་དང་བརླན་ས་སྣ་གཅིག་ཡིན་པའི་སྐྱེ་ཁམས་དོ་དམ་ལས་རྐང་གི་རྨང་གཞིའི་སྟེང་། ཡིག་ཚགས་བཙུགས་པའི་དབུལ་ཕོངས་ཁྱིམ་ཚང་ནས་མགོ་བརྩམས་ཏེ། ཁུལ་ནང་དུ་སྐྱེ་ཁམས་དོ་དམ་གྱི་ཕྱོགས་བསྡུས་སྤྱི་ཕན་ལས་རྐང་སྟོང་བདུན་དང་བཞི་བརྒྱ་ཉེར་གཅིག་གསར་དུ་བཙུགས་པས། རྩ་འཛུགས་ཅན་གྱི་དོ་དམ་དང་། དྲ་བ་ཅན་གྱི་སྐོར་སྲུང་ནང་རྐྱེན་ཕལ་ཆེར་ཆགས།

“རང་གི་མིག་ཟུང་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རང་གི་ཚེ་སྲོག་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”ཞེས་པ་འདི་ནི་སྐྱེ་ཁམས་ཀྱི་ལྟ་བ་མཐོ་རུ་བཏེགས་པ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བླང་བྱ་གསར་པ་ཡང་རེད།

མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པས། སྐྱེ་ཁམས་གོ་གནས་གལ་ཆེན་ཟིན་ཡོད། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་གང་ལེགས་བྱས་ཏེ། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ”ཁག་ཐེག་དང་། མཚོ་སྔོན་གྱི“རི་ཆུ”སྲུང་སྐྱོབ་དང་འཛུགས་སྐྲུན་བཟང་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཟིགས་སྐྱོང་འདུ་ཤེས་དམ་པོར་འཛུགས་ན། ངེས་པར་དུ་སྲིད་ཇུས་ནི་ཇུས་ཆོད་ཚང་མའི་གཞི་འཛིན་ས་དང་མཇུག་བསྡུ་ས་ཡིན་དགོས།

“རང་གི་མིག་ཟུང་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས”ཞེས་པ་འདིར་བློ་མཐུན་ཞི་ཅིན་ཕིང་གཙོ་བོ་ཡིན་པའི་ཏང་ཀྲུང་དབྱང་གི“གནས་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་དང་འབྲལ་ཐབས་མེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྔར་ལས་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དུ་འཇོག་པ་ནི། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་ལས་འགན་ཁུར་པ་དང་འབྲལ་ཐབས་མེད་ལ། ཡུལ་དེའི་རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་སེམས་ཤུགས་གཅིག་ཏུ་བསྒྲིལ་བའི་ཆོད་སེམས་དང་ཉི་མ་རེ་རེ་བཞིན་ལག་བསྟར་རྒྱུན་འཁྱོངས་བྱེད་པ་དང་དེ་བས་ཀྱང་འབྲལ་ཐབས་མེད།

ད་ལྟ་མཚོ་སྔོན་མི་དམངས་ཀྱིས་རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རང་གི་སྟོབས་ཤུགས་འབུལ་བཞིན་ཡོད། ཁོ་ཚོས་རང་འགུལ་གྱིས“སྐྱེ་ཁམས་དཔལ་ཡོན་ཐད། མི་རེ་རེ་ནི་སྔོན་སྐྱོད་དཔེ་སྟོན་པ”ཡིན་པའི་འདུ་ཤེས་དམ་པོ་བཅངས་ནས། ལག་ལེན་དངོས་ཀྱི་ཁྲོད་དུ་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་སྐྱོད་བཞིན་འདུག
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།