མཚོ་སྔོན་བོད་ཁུལ་དུ་དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་རིས་གསར་བ་བསྐྲུན།
2017.09.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་སློབ་གྲྭ་དང་སྡོད་ཁུལ། རྫོང་མཁར་དང་འབྲོག་ཁུལ་བཅས་སུ་དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་བས་ཁེངས་ཡོད། དེ་ནི་མཚོ་སྔོན་བོད་ཁུལ་གྱིས་དམངས་ཚིས་ལེགས་བཅོས་བྱེད་པ་གཙོར་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བའི་དཔེ་མཚོན་ཞིག་རེད།

མཚོ་སྔོན་གྱིས་དམངས་ཚིས་ལེགས་བཅོས་བྱེད་པ་དེ་བོད་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱེད་པའི་ལས་འགན་གཙོ་བོར་བརྩིས་ཏེ། “ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ”སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་དང་། ཕན་ནུས་ལྡན་པའི་བྱེད་ཐབས་མང་པོ་ལག་བསྟར་བྱས་པས། བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་ཐད་ཉམས་དགའ་བའི་གྲུབ་འབྲས་ཆེན་པོ་ཐོབ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ས་གྲུ་བཞི་ཞང་ས་གྲུ་བཞི་སྡེ་བར་ཐོན་པ་ན། འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁང་གསར་བ་རེ་རེ་མིག་ལམ་དུ་མངོན་ཡོང་། ཁང་བ་འདི་ན་ནིང་དབྱར་ཁར་ལས་པ་ཡིན་ལ། ཉིན་འདི་འགར་གྲ་སྒྲིག་བྱས་ནས་ཁང་བ་གསར་བའི་ནང་སྤར་རྩིས་ཡོད་ཅེས་ལོ་བཞི་ཅུར་སོན་པའི་ལིས་པེན་ཆིན་གྱིས་གདོང་ལ་མཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད་བྱུང་། སྔོན་ཆད། ལིས་པེན་ཆིན་བཟའ་མི་བཞི་བོ་ཁང་མིག་འགའ་ལས་མེད་པའི་ཁང་རྙིང་དུ་བསྡད་ཡོད་ལ། སྡོད་ཁང་གསར་བ་ཞིག་ལས་རྒྱུ་ནི་ལིས་པེན་ཆིན་གྱིས་ཡུན་རིང་སེམས་སུ་ཉར་བའི་ཕུགས་འདུན་རེད།

ས་གྲུ་བཞི་སྡེ་བ་ནི་ས་གནས་དེའི་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་སུམ་བརྒྱའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་གིས་བཞི་ཆའི་གཅིག་ཟིན་ཡོད། རྨོ་ཞིང་སྤྱི་ཆིང་གྱ་བདུན་ཙམ་མ་གཏོགས་མེད་པས། སྡེ་མི་མང་ཆེ་བས་ཞོར་ལས་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་རྗེས། སྡེ་བས་ལམ་མེད་པ་དང་ཆུ་དཀོན་པའི་ཁྱིམ་ཚང་ཆིག་བརྒྱ་སོ་བདུན་ས་གཞན་དུ་སྤར་ནས་གཅིག་བསྡུས་སྒོས་བཀོད་སྒྲིག་བྱས་པར་མ་ཟད། ཧུར་ཐག་གིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞང་གྲོང་འཛུགས་སྐྲུན་གྱི་ལས་གཞི་རེ་འདུན་ལག་བསྟར་བྱས་ཏེ། ས་གཞན་དུ་དབུལ་སྐྱོར་བྱེད་པ་དང་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་འཆར་འགོད་བྱས། ད་ལྟ། སྡེ་མི་རྣམས་ཀྱི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་སོང་སྟེ། སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་པེན་ཧྲིན་གྱིས་གསར་འགོད་པར། དབུལ་ཕོངས་ཁྱིམ་ཚང་གིས་དབུལ་སྐྱོར་མ་དངུལ་ས་གནས་ཀྱི་ཁེ་ལས་སུ་མ་རྐང་དུ་བཞག་ཡོད་པས། ལོ་རེར་གཏན་འཇགས་ཀྱི་ཁེ་སྤོགས་ཡོད། ད་ལོར་སྡེ་བར་གསོ་སྤེལ་མཉམ་ལས་ཁང་བཙུགས་ནས་ཐོན་ལས་དབུལ་སྐྱོར་གྱི་ཐབས་ལམ་གསར་བ་ཞིག་བཏོད་པས། སྡེ་མི་རྣམས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།    ཉེ་བའི་ལོ་འདི་འགར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས་དཔལ་འབྱོར་བྱ་བ་ལེགས་སྒྲུབ་བྱེད་པའི་དུས་མཚུངས་སུ། རྒྱུན་ཆད་མེད་པར་དམངས་ཚིས་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ཞིང་། དམངས་ཚིས་འགྲོ་གྲོན་གྱིས་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་བདུན་ཡན་ཟིན་པས། མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་ཚད་རྒྱུན་མཐུད་སྒོས་ཇེ་མཐོར་འགྲོ་བཞིན་ཡོད།

འདི་ནི་མཚོ་སྔོན་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་ཐད་ཀྱི་དཔེ་མཚོན་ཞིག་རེད། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚུན་ལ། ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། བློ་བརྟན་འགྱུར་མེད་སྒོས“ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ”སྒྲུབ་པའི་འགྲོ་ལམ་དུ་བསྐྱོད་པ་དང་། མུ་མཐུད་དུ་དམངས་ཚིས་དེ་ནོར་སྲིད་འགན་སྲུང་གི་སྔོན་ཐོབ་ཁ་ཕྱོགས་དང་ནོར་སྲིད་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ། རྒྱུན་ཆད་མེད་པར་གཏོང་སྤྲོད་གྲུབ་ཚུལ་ལེགས་བཅོས་དང་དམངས་ཚིས་ཐད་མ་དངུལ་གཏོང་བའི་བརྟན་འཇགས་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། ལོ་རེར་ནོར་སྲིད་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔའི་ཡན་དམངས་ཚིས་ཁྱབ་ཁོངས་སུ་དངོས་འབེབས་བྱས། ལས་ཞུགས་ཀྱི་ཚད་མུ་མཐུད་དུ་འཕར་སྣོན་དང་། བོད་ཁུལ་གྱི་སློབ་མ་ཡོངས་ལ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས། མཁར་གྲོང་གི་མི་གྲངས་སུམ་ཆའི་གཅིག་ཙམ་གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས་པ་དང་། མི་གྲངས་ས་ཡ་གཅིག་ཙམ་དབུལ་ཕོངས་ལས་ཐར། སྡོད་དམངས་ཡོངས་ཀྱི་མི་རེའི་སྙོམས་ཡོང་སྒོ་དེ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཅིག་ལྷག་འཕར། སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གྱུར་ཏེ། རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བ་འགན་སྲུང་སོགས་ཡོངས་སུ་ཁེབས་པ་རིམ་བཞིན་མངོན་འགྱུར་བྱུང་སྟེ། རིགས་སོ་སོའི་མང་ཚོགས་ལ་ཕན་ཁེ་ཐོབ་ཚད་སྔར་ལས་ཇེ་མཐོར་སོང་།

ད་ལོར། མུ་མཐུད་དུ་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་གྱི་བྱ་བ་ལེགས་སྒྲུབ་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ཆད་མེད་པར་ལས་ཞུགས་ལས་ཤོར་ཐོ་འགོད་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཤིང་། དཀའ་ཁག་ཆེ་བའི་མི་སྣའི་ལས་ཞུགས་རོགས་སྐྱོར་ལ་དོ་དམ་དང་རིགས་བཀར་ནས་རོགས་རམ་བྱས་ཏེ། ལས་ཞུགས་མི་ཐུབ་པའི་ཁྱིམ་ཚང་གི་གནད་དོན་ཐག་བཅད། ཁུལ་ལས་ཞུགས་ནུས་རྩལ་གསོ་སྦྱོང་རྟེན་གཞི་དང་ལས་སྐྲུན་ཞབས་ཞུའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། ཞིང་བ་ཞོར་ལས་པ་དང་སློབ་གྲྭ་ཆེན་མོ་བ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་ཞུགས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་།

མཐོ་འབྲིང་དང་དམའ་འབྲིང་གི་མཐར་ཕྱིན་སློབ་མའི་ནུས་རྩལ་གསོ་སྦྱོང་འཆར་གཞི་ལག་བསྟར་དང་། ས་ཁོངས་དང་ཁེ་ལས་བར་གྱི་ངལ་ལས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་རིམ་བཞིན་སྤོ་བསྒྱུར་བྱེད་པར་ཁྲིད་སྟོན་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྤེལ་བའི་ཚུན་ལ། རྫོང་ཁོངས་ཀྱི་འགྲིམ་འགྲུལ་སྟབས་མི་བདེ་བ་དེས་མང་ཚོགས་ཀྱི་འགྲོ་འདུག་ལ་དཀའ་ཁག་ཆེན་པོ་བཟོས་པའི་དོན་དངོས་དེར་དམིགས་ནས། ཧུར་ཐག་གིས་འགྲིམ་འགྲུལ་གྱི་ཆེད་དོན་དབུལ་སྐྱོར་བྱ་བ་སྤེལ་བ་དང་འབད་བརྩོན་སྒོས་འགྲིམ་འགྲུལ་གནས་བབ་ལེགས་བཅོས་བྱས་ཏེ། ནུས་ཤུགས་ཡོད་དགུས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བྱས།

གཞི་གྲངས་ལས་མངོན་པ་ལྟར་ན། 2015ལོ་ནས2016ལོའི་བར། ཧི་ནན་རྫོང་གིས་སྤྱི་ལེ་སྟོང་གཉིས་ལྷག་ཙམ་གྱི་གཞུང་ལམ་ལས་གཞི་ལག་བསྟར་བྱས་ཏེ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཐག་བཅད། 2016ལོ་ཁོ་ནར། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་བཅུ་དྲུག་ལ་གཞུང་ལམ་བཟོ་སྐྲུན་ལག་བསྟར་བྱས། ཡིན་ནའང་། རྨ་ལྷོ་ཁུལ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་འགག་གི་ཁྱབ་ཁོངས་ཡིན་པས། རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོན་འདོན་བྱེད་དགོས། ལོ་ཧྲིལ་བོར་གནད་སའི་གཞུང་ལམ་ལས་གཞི་བཞི་དང་ས་གནས་ཀྱི་གཞུང་ལམ་ལས་གཞི་གྱ་དྲུག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། སྲིད་འཛིན་སྡེ་བའི་གཞུང་ལམ་བཟོ་སྐྲུན་གོ་གཉིས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་འགྲོ་འདུག་སྟབས་བདེར་བཟོས།

ཏན་ཏན་ཏིག་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་ཁྲོད་ཀྱི་གཅིག་ཡིན། བོད་ཁུལ་གྱི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་གྱི་བརྒྱ་ཆའི་གོ་བརྒྱད་ཟིན་པའི་མཚོ་སྔོན་ལ་མཚོན་ན། བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱེད་པ་ནི་ང་ཚོས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྔོན་འགྲོ་གལ་ཆེན་ཡིན།

ཁྱོན་ཡོངས་འབྱོར་འབྲིང་མངོན་འགྱུར་བྱེད་པ་ནི་བོད་ཁུལ་གྱི་ཐོད་བརྒལ་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ཡིན། འཕེལ་རྒྱས་དང་དམངས་ཚིས། བརྟན་འཇགས་བཅས“དོན་ཆེན་གསུམ”ནི་གཅིག་ལ་གཅིག་བརྟེན་ཡིན་པས། གཅིག་ཀྱང་མེད་མི་རུང་།

དམངས་ཚིས་ལེགས་བཅོས་བྱེད་པ་ནི་ཐོད་བརྒལ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད། ཞིང་ཆེན་ནོར་སྲིད་ཀྱིས་ལོ་རེར་བརྒྱ་ཆའི་བདུན་ཅུའི་ཡན་གྱི་ནོར་ཤུགས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པའི་ཐད་བཀོལ་བ་དང་། རང་སྐྱོང་ཁུལ་སོ་སོས་དོན་དངོས་ལྟར་ནུས་ཡོད་བྱེད་ཐབས་ལག་བསྟར་བྱས་ཏེ་དམངས་ཚིས་ལེགས་བཅོས་བྱ་བར་ཤུགས་བསྣན། གང་ལྟར་ཀྱང་འདས་པའི་ལོ་གཅིག་ནི། བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བའི་ལོ་གཅིག་ཡིན། དེ་ལས་ང་ཚོ་ཏང་གིས་རྒྱུན་ཆད་མེད་པར་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པའི་སྲིད་འཛིན་འདུ་ཤེས་གང་ལེགས་སྒོས་མཚོན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས“ཏན་ཏན་ཏིག་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང”བྱེད་པའི་དམིགས་འབེན་ཕྱོགས་སུ་གོམ་པ་བརྟན་པོ་སྤོས་པའང་མཚོན།

མི་རིགས་མཐུན་སྒྲིལ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་གཙོ་བོ་ཡིན་ལ། མཚོ་སྔོན་ཡུན་རིང་བདེ་འགོད་ཀྱི་སྲོག་རྩའང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་བརྟན་འཇགས་ལ་དོ་ཁུར་ཆེན་པོ་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། མི་རིགས་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ཆེད་དུ་སྤེལ་བའི་གསུང་བཤད་གལ་ཆེན་ཡིན་ནའང་ཆོག ཡང་ན་སྔ་གཞུག་ཏུ་སྤེལ་བའི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། དམངས་ཚིས་ལེགས་བཅོས་དང་འགན་སྲུང་། མི་རིགས་རིག་གནས་དར་སྤེལ། མི་རིགས་མཐུན་སྒྲིལ་གསར་འཛུགས་ཡར་ཐོན་སོགས་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་རབས་དང་རིམ་པ་གང་ཡིན་རུང་། དེ་ཚང་མས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་བྱ་བར་ཁ་ཕྱོགས་གསལ་བོར་བསྟན་ལ། རེ་བ་ནན་མོ་བཏོན། མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཡང་ན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད་པ་གང་ཡིན་རུང་། དེ་ཚང་མས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་གོ་སྐབས་བསྐྲུན་པ་དང་། འགྲན་རྩོད་འཁྱེར་ཡོང་བ་རེད།

གསར་འགོད་པ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཚྭ་འདམ་གཞོང་ཆེ་བའི་ཚྭ་འདམ་སྡེ་བར་ཐོན་པ་ན། སོག་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྡེ་མིའི་སྡོད་ཁང་གསར་བ་དང་། དག་གཙང་གི་ཁོར་ཡུག་དང་ཐང་ཆེན། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་། སྒྲིག་ཆས་ཆ་ཚང་བའི་ཏང་ཡོན་རིག་གནས་བྱ་འགུལ་ཁང་སོགས་མིག་ལམ་དུ་མངོན་ཡོང་ལ། སྡེ་བའི་གང་སར་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པས་ཁེངས་ཡོད། ད་ལྟ་ཚྭ་འདམ་སྡེ་བར་ཁྱིམ་ཚང་གོ་གཅིག་དང་མི་ཉིས་བརྒྱ་གོ་ལྔ་ཡོད་ལ། མི་ཚང་མ་སྨན་བཅོས་ཉེན་ཚབ་དང་སྤྱི་ཚོགས་ཉེན་ཚབ་ཁྲོད་ཞུགས་ཡོད་པར་མ་ཟད། བྱིས་པ་ཚང་མ་སློབ་གྲྭར་ཞུགས་པ་དང་། སྡེ་བའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལས་བརྒལ་ཡོད།

དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ནི་བོད་ཁུལ་འཕེལ་རྒྱས་ཀྱི་དགོས་ངེས་ཆ་རྐྱེན་ཡིན། ད་ལྟ། ང་ཚོ་མགོ་རྩོམ་ས་གསར་བ་ཞིག་ཏུ་ཡོད་པས། ང་ཚོས་ངེས་པར་དུ་བོད་ཁུལ་གྱི་དམངས་ཚིས་ལེགས་བཅོས་བྱེད་པ་གཙོ་གནད་དུ་བཟུང་སྟེ། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་། རིམ་བཞིན་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོས་བསྐྱོད་དགོས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།